ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ངེད་ཀྱི་སྐོར། > ཚོགས་པའི་སྐོར།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ངོ་སྤྲོད་བསྡུས་མ།

སྤེལ་དུས། 2012-02-15 16:49:43  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། ངེད་རྩོམ་སྒྲིག་ཁང་ནས།  ཀློག་གྲངས།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་ནི། ༼www.bodrigs.com༽མཚོ་སྔོན་བོད་རིགས་ཀྱི་དམངས་ཁྲོད་རྩ་འཛུགས་ཞིག་ཡིན་པ་དང་། སྤྱི་ལོ ༡༩༩༨ལོའི་ཟླ༥བར་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་ཁྲོད་རྩ་འཛུགས་དོ་དམ་སྡེ་ཁག་གིས་ཆོག་མཆན་བྱས་པ་ལྟར་བཙུགས་ཤིང་ད་ལྟ་ཚོགས་མི༦༨༠ལྷག་ཞུགས་འདུག

རང་རེའི་ཚོགས་པའི་རྩ་བའི་དམིགས་དོན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་ལ་བརྟེན་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ལྡན་པའི་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་དང་། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་མདུན་དུ་བསྐྱོད་པར་མེད་དུ་མི་རུང་བའི་བྱ་བ་གང་མང་པོ་ཞིག་བསྒྲུབས་ཤིང་སྒྲུབ་བཞིན་ཡོད།

སྤྱི་ཚོགས་སུ་དངོས་ཞུགས་སྒོས་མཚོ་སྔོན་བོད་རིགས་ཀྱི་ལོ་རྒྱུས་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས་ཀྱི་བཅོས་བསྒྱུར་སྒོ་འབྱེད་བཅས་ལ་ཞིབ་འཇུག་བྱེད་ཞོར། གནས་བའི་གནད་དོན་དངོས་ལ་ཟབ་ཞུགས་བྱས་ཏེ། སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གི་བྱ་བར་ཟུར་ལྟའི་དཔྱད་གཞི་དང་བསམ་འཆར་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཐེབས་རྩ་ཚོགས་པའི་རྩ་འཛུགས་དང་མཉམ་འབྲེལ་གྱིས་རང་ཞིང་གི་བོད་དམངས་ལ་ཕན་པའི་དོན་དངོས་གང་ཐུབ་ཞིག་བསྒྲུབ་རྒྱུ་དེ་ཡིན།

རང་རེའི་ཚོགས་པ་འདིས་ལོ་བཅུའི་རིང་ལ་གཤམ་གསལ་གྱི་བྱ་བ་བསྒྲུབས་ཤིང་མུ་མཐུད་དུ་སྒྲུབ་བཞིན་ཡོད།

རྒྱུ་ཆ་འཚོལ་བསྡུ་དང་དག་སྒྲིག རྩོམ་སྒྲིག་པར་སྐྲུན་གྱི་བྱ་བ་ཕྱོགས་བསྡུས་སྒོས་མཚོ་སྔོན་བོད་ཀྱི་རུ་སྡེ་ཚོ་བའི་ལོ་རྒྱུས་ཏེ་མཚོ་སྔོན་བོད་ཀྱི་རུ་སྡེ་ཚོ་བའི་རུས་མཛོད་ཞེས་བྱ་བ་ཆ་ཚང་ཞིག་འཚོལ་བསྡུ་དང་སྒྲིག་སྦྱོར་བྱེད་རྒྱུ་དེར་རིམ་པ་སོ་སོའི་སྲིད་གཞུང་གིས་ཐུགས་ཁུར་གནང་ཞིང་རྩོམ་འབྲི་ཚན་ཆུང་བཙུགས་ཏེ་རྩོམ་སྒྲིག་པར་སྐྲུན་བྱས་ཤིང་བྱེད་བཞིན་ཡོད། ད་ལྟའི་བར༼རི་སྔོན་ལོ་རྒྱུས༽དང༼ཞོན་ཧ་རྡོ་སྦིས་ལོ་རྒྱུས༽གཉིས་པར་སྐྲུན་བྱས་ཟིན་པ་དང་། ༼གཅན་ཚ་སྲོབ་ཕྱོགས་ཀྱི་ལོ་རྒྱུས༽དང༼མཚོ་སྔོན་པོ་བོང་སྟག་གི་ལོ་རྒྱུས༽སང་ལོར་པར་སྐྲུན་ལེགས་འགྲུབ་བྱུང་ངེས་རེད། དེ་ལས་གཞན་པའི་རུ་སྡེ་ཚོ་ཤོག་གི་ལོ་རྒྱུས་ཧུར་བརྩོན་གྱིས་འཚོལ་བསྡུ་དང་རྩོམ་སྒྲིག་བྱེད་བཞིན་པའི་སྒང་ཡིན། གཞན་ཡང༼རྫ་སྐྱེ་རྒུ་ཁམས་པའི་བྲོ་གཞས་ཕྱོགས་སྒྲིག༽དང༼རྫ་སྒྱེ་རྒུའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཕྱོགས་སྒྲིག༽བཅས་དེབ་ཐེར་སང་ལོའི་ལོ་གསར་བར་པར་སྐུན་དང་འགྲེམས་སྤེལ་བྱེད་ཐུབ་པ་རེད།

གཞན་ཡང་རང་རེ་ཚོགས་པའི《སྒྲིག་ཡིག》གི་འབྲེལ་ཡོད་ཐག་བཅད་ལྟར། ༢༠༠༥ལོ་ནས་ཞིང་ཆེན་གྱི“ཚོགས་ཆེན་གཉིས”འཚོགས་འདུའི་སྐབས་སུ་རང་ཞིང་གི་བོད་ས་གནས་སོ་སོའི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་རེ་འདོད་དང་བསམ་འཆར་འཚོལ་བསྡུ་དང་ཕྱོགས་སྒྲིག་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཚོགས་ཆེན་ལ་གྲོས་གཞི་དོན་ཚན་སུམ་བཅུ་ལྷག་འདོན་སྤྲོད་བྱས། དེའི་ནང་གི་མང་ཆེ་ཤོས་ཚོགས་ཆེན་གྱིས་དང་ལེན་བྱས་པ་དང་ཕྱིན་ཆད་བསྒྲུབ་དགོས་པའི་བྱ་བའི་ཁོངས་སུ་བཅུག

ཟི་ལིང་གྲོང་ཁྱེར་གྱི་སློབ་ཨུས་ཆོག་མཆན་ཐོབ་པ་ལྟར། ༢༠༠༠ལོའི་ཟླ་བཅུ་བར་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་བོད་དབྱིན་སྐད་གཉིས་གསོ་སྦྱོང་འཛིན་གྲྭ་བཙུགས། སློབ་གཞིར་བོད་ཀྱི་སྐད་ཡིག་དང་དབྱིན་ཡིག རྩིས་འཕྲུལ་བཅས་ཡོད། འཛིན་གྲྭ་དེས་སྔ་རྗེས་སུ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་སོགས་ས་གནས་སོ་སོ་ནས་ཡོང་བའི་སློབ་མ་ཁྱོན་གྲངས་ཉིས་སྟོང་ལྷག་ལ་ཟབ་སྦྱངས་བྱས་པས་སློབ་ཆེན་དུ་རྒྱུགས་མ་འཕྲོད་པའི་ཞིང་འབྲོག་ས་ཁུལ་གྱི་རིགས་སོ་སོའི་སློབ་མར་ལས་ཞུགས་ཀྱི་ཆ་རྐྱེན་བསྐྲུན།

༡༩༩༨ལོར་རང་རེའི་ཚོགས་པས་ཞིབ་འཇུག་གི་གྲུབ་འབྲས་གཙོས་དཔྱད་རྩོམ་དང་རིན་ཐང་ལྡན་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཕྱོགས་ཀྱི་རྩོམ་རིགས། མཚོ་སྔོན་བོད་ས་གནས་ཀྱི་འབྲེལ་ཡོད་ཆ་འཕྲིན་འགོད་པའི་དུས་དེབ་སྟེ༼མཚོ་སྔོན་བོད་རིགས༽ཞེས་བྱ་བ་བསྐྲུན་ནས་ད་ལྟའི་བར་ཐེངས༢༠ཕུད་པས་རྒྱ་ཆེའི་ཀློག་མཁན་གྱིས་དགའ་བསུ་ཐོབ།

༢༠༠༣ལོར་རང་རེའི་ཚོགས་པས་ཀྲུང་གོ་བོད་རིགས་ཞེས་པའི་འཕྲིན་དྲ་བཙུགས། འདི་རྒྱལ་ཁབ་ཕྱི་ནང་གི་མི་རིགས་སོ་སོས་ང་ཚོའི་ཚོགས་པར་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཞིག་ཏུ་གྱུར། ༼ཕྱིས་སུ་རྐྱེན་དབང་དུ་མས་འཁོར་སྤྱོད་བཟང་པོ་ཞིག་ཡོང་མ་ཐུབ་པར་ཉེ་ལམ་བསྐྱར་བཅོས་བྱས་ནས་དྲ་སྒོ་ཡང་སྐྱར་ཕྱེས༽

ངེད་ཚོགས་པ་འདིས༢༠༠༠ལོ་ནས་སྔ་གཞུག་ཐེངས་ལྔ་ལ་ནེ་པ་ལ་ཏི་ལེ་གངས་དཀར་མིག་གསོ་ལྟེ་གནས་ཀྱི་སྨན་པ་འབུམ་རམས་པ་རེ་ཐར་གཙོས་པའི་སྨན་བཅོས་རུ་ཁག་གདན་དྲངས་ནས་མཚོ་སྔོན་གྱི་མིག་གྲིབ་ནད་པ་བཞི་སྟོང་དྲུག་བརྒྱ་ལྷག་ལ་གླ་རིན་པ་མི་ལེན་པར་གཤགས་བཅོས་བྱས་ཏེ། ཁོང་ཚོས་ཡང་བསྐྱར་འོད་སྣང་མཐོང་ཐུབ་པ་བྱུང་། དུས་མཚུངས་སུ་རེ་ཐར་འབུམ་རམས་པ་ཆེན་མོས་མ་དངུལ་བཀོད་སྒྲིག་བྱས་ནས་ཟི་ལིང་སྐྱེ་དངོས་ཚན་རྩལ་གླིང་ཁུལ་དུ་ཁེ་སྤོགས་དམིགས་མེད་ཀྱི་སྨན་བཅོས་སྡེ་ཁག་སྟེ་མཚོ་སྔོན་འོད་ཟེར་མིག་གྲིབ་གསོ་བཅོས་ལྟ་གནས་ཟེར་བ་ཞིག་བཙུགས་པ་དེ་ད་ལོའི་ལོ་གསར་སྐབས་མཛད་སྒོ་སྤེལ་གྲབས་འདུག

ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་ལྟར། ༢༠༠༡ལོར་རང་རེའི་ཚོགས་པས་མ་དངུས་བསྡུ་གསོག་བྱས་ཏེ། ཟི་ལིང་བྱང་རིའི་སྟེང་མཆོད་རྟེན་ཆེན་པོ་སྟེ་བྱང་ཆུབ་མཆོད་རྟེན་ཆེན་མོ་གསར་བཞེངས་བྱས་པ་འདིས་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་ལ་གཞན་ལས་ཁྱད་དུ་འཕགས་པའི་གནས་ཀྱི་ངོ་མཚར་བསྐྲུན། དུས་མཚུངས་སུ་མཆོད་རྟེན་ཁོར་ཡུག་གི་རི་ངོས་སུ་དམར་དམག་རྒན་པའམ་མཚོ་སྔོན་མི་རིགས་བྱ་བར་མཇད་རྗེས་བླ་མེད་གནང་མཁན་གྱི་འགོ་གཙོ་དཔལ་བཀྲ་ཤིས་དབང་ཕྱུག་མཆོག་ལ་དྲན་རྟེན་རྡོ་རིང་བཙུགས།

༢༠༠༥ལོ་ནས་གོང་རིམ་གྱིས“ཟི་ལིང་ས་ཁུལ་བོད་པའི་རིག་གནས་སྒྱུ་རྩལ་དུས་ཆེན”དང“བོད་ལོ་གསར་ལ་རོལ་བའི་ལྷན་རྒྱས་འདུ་ཚོགས་”དེ་རང་རེའི་ཚོགས་པས་འགོ་འཛིན་བྱེད་དུ་བཅུག དེང་འདིར་རིག་རྩལ་དུས་ཆེན་སྐབས་གསུམ་ལ་འཚོགས། (༠༨ལོ་དང༠༩ལོ། ༡༠ལོ་ལ་ཚོགས་མ་ཐུབ)ད་ལྟ་འདི་ནི་ཟི་ལིང་གི་བོད་པ་མང་ཚོགས་རྣམས་ཀྱི་ཡུལ་སྲོལ་དུས་ཆེན་ཞིག་ཏུ་གྱུར་ཡོད་པས། དེང་ཕྱིན་ངེས་པར་བསྒྲུབ་ངེས་ལགས།

༢༠༠༦ལོའི་ཟླ༡༠བར་མཚོ་སྔོན་བོད་ཁུལ་ཡུལ་སྐོར་ལྗོངས་རྒྱུ་སྡེ་ཁག་བཙུགས། འདིས་བོད་པ་གཙོས་རྒྱ་ཁྱབ་ཡུལ་སྐོར་པས་ནང་བསྟན་གནས་མཆོག་དང་གནས་རི་ལྷ་མཚོར་ཞལ་མཇལ་ཡོང་བར་ཞབས་འདེགས་སྟབས་བདེ་སྐྲུན། འདིས་མི་ཚད་ད་ཡོད་ཀྱི་རྨང་གཞིའི་ཐོག་ང་ཚོས་གོམ་གང་མདུན་སྤོས་སྒོས་རང་ཞིང་བོད་ཁུལ་ཀྱི་སྐྱེ་ཁམས་ཡུལ་སྐོར་ལྗོངས་རྒྱུའི་བྱ་བ་གསར་སྐྲུན་བྱས་ནས་ས་གནས་རང་གི་བོད་དམངས་ལ་ཁེ་ཕན་དངོས་བསྐྲུན་དགོས།

ང་ཚོའི་ཚོགས་པས་སྔར་བཞིན་མུ་མཐུད་དུ་བྱ་བར་ལེགས་བཅོས་སྒོས། རང་ཞིང་བོད་ཁུལ་ཀྱི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་དང་བཅས་པའི་ཕྱོགས་སོ་སོའི་བྱ་བ་འཕེལ་རྒྱས་སུ་ཡོང་བར་འབད་བརྩོན་ལྷད་མེད་བྱེད་ངེས་ལགས།

ཉེ་བའི་གསར་བསྒྱུར།