ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དཔེ་དེབ།

མཐོང་ཐོས་ངུ་ཤོར་གྱི་སེམས་ཚེགས་ཤིག

སྤེལ་དུས། 2012-02-24 17:51:00  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། གཅན་རྣམ་ཐར།  ཀློག་གྲངས།

         ད་ལོ་ལོ་སར་རྗེས། ང་རང་ཞིང་གྲོང་དུ་བདེ་འཇགས་ཀྱི་ཆེད་དུ་ལས་རེས་བྱེད་དུ་སོང་བ་ཡིན། ལས་རེས་དེ་ཅི་ཞིག་གི་བདེ་འཇགས་ཆེད་དུ་ལས་རེས་བྱེད་དགོས་པའི་དམིགས་འབེན་གསལ་བོ་མེད་པར། ཅི་ཡིན་འདི་ཡིན་མེད་པའི་སྒོ་ནས་ཉིན་འགར་ཁང་སྟོང་ཞིག་གི་ནང་ནས་ཉལ་ཁྲི་གཅིག་དང་ལྕགས་ཐབ་གཅིག་སོགས་སྲུང་ནས་ཉིན་གང་བོར་ནང་དུ་འཛུལ་ནས་བསྡད་པ་ཡིན། ལས་རྒྱུ་དང་དོན་སྒྲུབ་རྒྱུ་ཅི་ཡང་མེད་པའི་དེང་སང་གི་ལས་རེས་བྱ་འགུལ་འདི་ལ་དགོད་རྒྱུ་དང་ངུ་རྒྱུ་ཡོང་བའི་ཚོར་སྣང་སྣ་ཚོགས་སྐྱེས་ཡོང་གིན་འདུག དེ་ནས་རྒྱལ་ཁབ་ཀྱིས་ང་འདུག་སའི་སྡེ་བའི་བྱ་འགུལ་ཁང་དེ་ལ་རིན་ཐང་ཡོད་མེད་ཀྱི་དཔེ་དེབ་མང་པོ་བྱིན་ཡོད་པ་ལས། བདག་གཉེར་དོ་དམ་གྱི་མ་འདང་བའི་དབང་གིས་དཔེ་དེབ་མང་པོ་ཞིག་བོར་བརླག་དང་མི་སྒེར་གྱི་ཁྱེར་སོང་བའི་གཏམ་ཡན་མང་པོའང་བཤད་རྒྱུ་ཡོད་པ་རེད།

         ངས་ཀྱང་ཉི་མ་མ་ཆོད་པར་དཔེ་སྒམ་གྱི་ཁ་ཕྱེ་ནས་བལྟས་པ་ན་མང་ཤོས་རྒྱ་ཡིག་དཔེ་དེབ་ཡིན་པ་དང་། དེ་ནས་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བརྩམས་པའི༼དཔྱོད་ཤེས་རྒྱང་འབོད༽མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པ་དང་། དེ་ནས་རི་སྔོན་བླ་མ་ཐར་ལགས་ཀྱིས་བརྩམས་པའི༼ཡུལ་ལ་ལོག་པའི་ལམ་བར་དུ༽ཞེས་པའི་སྙན་དེབ་དེའང་བཀླགས། དེ་རྗེས་ནག་པོ་སྐལ་བཟང་ལགས་ཀྱིས་བརྩམས་པའི༼དམྱལ་ཟངས་ནང་ན་ཀུ་རེ་མེད༽ཅེས་པའི་སྒྲུང་གཏམ་ཡང་བཀླགས་ནས་ཚར་དུ་བཅུག་པ་སོགས་ཀྱིས་ངའི་སེམས་ཁམས་སུ་དགའ་ལྷང་ལྷང་གི་ཚོར་བ་ཞིག་དལ་གྱི་རྒྱུ་འོངས་བས་ཡིད་སེམས་ཅུང་ཙམ་དགའ་བདེ་ཡི་ཁྱབ་སོང་། དེ་བས་མུ་མཐུད་དུ་བྱ་གཞུང་དབྱངས་བྷ་ལགས་ཀྱིས་བརྩམས་པའི༼རྩོམ་རིག་དང་མི༽དང་། སངས་རྒྱས་ཀྱིས་བསྒྱུར་བའི༼དུས་རབས་བཅུ་དགུ་བའི་དབྱིན་ཇིའི་རང་མོས་རིང་ལུགས༽དང་། ལྷ་ཕྱུག་སྐྱིད་ཀྱིས་བསྒྱུར་བའི༼འཐུས་སྒོ་ཚང་བའི་བསམ་བློ༽ཞེས་པ་དང་། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བསྒྱུར་བའི༼ཤེས་རིག་སྨྲ་བའི་བསྡུས་དོན༽ཞེས་པ་སོགས་ཀློག་པའི་སྐལ་བ་ལྡན་སོང་བས། ངའི་སེམས་ཁམས་ནི་སྔར་ལས་ལྷག་པར་དུ་དགའ་སྣང་གིས་ཁྱབ་སོང་། ད་ལོའི་དགུན་གནང་ནི་ང་ལ་མཚོན་ན་ངོ་མ་དོན་སྙིང་ཡོད་ཡོད་འདྲ་བའི་སེམས་འགྱུ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་སོང་། དེ་ལས་བདག་ལ་སེམས་འགྱུ་འོག་མ་ཞིག་ཀྱང་སྐྱེས་པ་ནི་རྒྱལ་ཁབ་ཀྱིས་འདི་ལྟར་ཞིང་གྲོང་གི་རིག་གནས་འཚོ་བར་རྒྱབ་སྐྱོར་འདི་འདྲ་གནང་གིན་ཡོད་ན་ཡང་། དཔེ་སྒམ་ན་རུལ་དུ་འཇུག་བཞིན་པའི་དཔེ་དེབ་འདི་དག་ནི་ནམ་ཡང་ཁ་ཕྱེ་ནས་ལྟ་མཁན་མེད་པར་ད་དུང་ཚོང་སྒམ་ནང་གི་དཔེ་ཆ་ལྟར་བཤམས་སྟོན་བྱས་ཏེ་ནམ་ཡང་བཞག་ཡོད་པ་འདི་ནི་ཅི་འདྲའི་ཕངས་སེམས་ཆེ་བ་ལའང་། འདི་ཡང་ངའི་མཐོང་བ་ངུ་ཤོར་གྱི་སེམས་ཚེགས་ཤིག་རེད།

         གཞན་ཡང་དེང་སང་སྡེ་གྲོང་སོ་སོ་ན་ཕྱོགས་རིས་འཐེན་ཁྱེར་གྱི་མཁའ་དབུགས་ངན་པ་ཞིག་གང་སར་ཁྱབ་ནས་ལོ་ངོ་མང་པོ་འགོར་ཡོད་པ་རྣ་ལམ་དུ་ཐོས་འོངས་བ་ན། ངའི་སེམས་ཁམས་ཡོངས་རྫོགས་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་གིས་ཁེངས་སོང་། དེང་སང་སྡེ་བ་སོ་སོ་ན་སྡེ་དཔོན་དང་ཀྲི་པུའུ་ཧྲུའུ་ཅི་རྩོད་པའི་ཚ་རླབས་རབ་དང་རིམ་པ་བྱས་ཏེ་འཕྱུར་གྱིན་འདུག་པ་དང་ཞོར་དུ། གནའ་བོའི་དཔོན་རྒྱུད་རིང་ལུགས་ཀྱི་སྲོལ་ཀ་ལྟར་ནམ་ཡང་སྡེ་བའི་སྡེ་དཔོན་དང་ཀྲི་པུའུ་ཧྲུའུ་ཅི ་ནི་ཤ་ཉེ་རིང་ལུགས་དང་ཚོ་ཁག་རིང་ལུགས་ཀྱི་ལྟ་བ་ལྟར་གཅིག་ནས་གཅིག་ལ་སྤྲོད་པའི་སྲོལ་ཀ་ཡ་མཚན་ཞིག་ཆགས་ཡོད་པ་དང་། དེ་ལས་སྡེ་དཔོན་དང་ཀྲི་པུའུ་ཧྲུའུ་ཅི ་ནི་ནམ་ཡང་སྡེ་བ་དེ་སྡེ་དཔོན་དང་ཀྲི་པུའུ་ཧྲུའུ་ཅི་ཡི་ཤ་ཉེ་དང་ཚོ་ཁག་གི་འཁུར་བའི་ལྟ་ངན་སྤྱོད་ངན་གྱི་སྲོལ་ལུགས་ཤིག་ཆགས་ཡོད་པས། སྡེ་བའི་ནང་ཁུལ་གྱི་མཐུན་སྒྲིལ་སོགས་ལ་ངན་ཤུགས་ཚབས་ཆེན་ཐེབས་དང་ཐེབས་བཞིན་འདུག དེ་མིན་སྡེ་བའི་སྡེ་དཔོན་དང་ཀྲི་པུའུ་ཧྲུའུ་ཅི་མང་ཤོས་ཤིག་གིས་སྡེ་བའི་རྒྱུ་ནོར་གང་འདོད་དུ་བཀོལ་བ་དང་། སྡེ་དཔོན་དང་ཀྲི་པུའུ་ཧྲུའུ་ཅི་ རང་ཉིད་གཙོ་བྱས་ཏེ་སྡེ་བའི་སྡེ་དོན་ལ་ཁ་ཡ་སྤུ་ཙམ་ཡང་མི་བྱེད་པར་རང་དོན་རྐྱང་རྐྱང་བསྒྲུབ་པ་དང་། སྡེ་བའི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བརླག་གཏོང་མཁན་གྱི་གཏེ་བོ་འབའ་ཞིག་ཏུ་འགྱུར་གྱིན་ཡོད་པ་ལས། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་སྣ་ཚོགས་ལ་བརྩི་སྲིང་བྱས་ཏེ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ལ་བཀོད་འདོམས་བྱས་ཏེ་སྡེ་དམངས་ཕྱུག་སྒྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་པ་དང་། སྡེ་དམངས་ལ་ཞབས་འདེགས་ཞུ་བ། སྡེ་བའི་དམངས་བཀོལ་སྒྲིག་གཞི་རྣམ་གྲངས་ཆ་ཚང་དུ་གཏོང་བ་སོགས་ཀྱི་ཕྱོགས་སུ་མགོ་མི་འཁོར་བར་རང་ཉིད་ཀྱི་སྡེ་དཔོན་དང་ཀྲི་པུའུ་ཧྲུའུ་ཅི་ཡི་གོ་གནས་ཡུན་རིང་དུ་བརྟན་ཐུབ་པར་ཁོ་ནར་བསམ་བློ་བཏང་ནས་གོང་འོག་བར་གསུམ་སོགས་ལ་ཕྱི་ཚུལ་རིང་ལུགས་དང་ཚུལ་འཆོས་རིང་ལུགས་ཀྱི་ཟློས་གར་ཅིག་འཁྲབ་སྟོན་བྱས་ཏེ་ཉི་མ་བཏང་ནས་བསྡད་ཡོད་པ་རེད། འདི་ནི་ངའི་ཐོས་པ་ངུ་ཤོར་གྱི་སེམས་ཚེགས་འབའ་ཞིག་རེད་དོ།།

ཉེ་བའི་གསར་བསྒྱུར།