ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དཔེ་དེབ།

ཟིང་ཐལ་གཉུག་མའི་གཤིས་གླུ།

སྤེལ་དུས། 2012-04-03 21:39:55  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། དགེ་ཐུབ།  ཀློག་གྲངས།
 
ཡ་ཀི་མཐོ་བ་སྲིད་པའི་རྩེ་མོ་ནས་བཟུང་སྟེ།།

མ་ཀི་དམའ་བ་དམྱལ་ཁམས་ན་རག་གི་བར་གྱི།།

འཁོར་འདས་ཆོས་ཀུན་བརྟགས་ན་བདེན་གྲུབ་གྱི་ཚད་མ།།

གཅིག་ཀྱང་མེད་པ་ནམ་མཁའི་རང་བཞིན་གྱི་སྟོང་བ།།

 

ང་དང་བདག་ཞེས་འཛིན་པའི་རྣམ་རྟོག་གི་སེམས་ཡང་།།

མགོ་ཡི་སྐྲ་རྩེ་རྐང་བའི་སེན་རྩེ་ཡི་བར་ཏུ།།

སོ་སོར་ཕྱེས་ན་བདག་ཞེས་གདགས་ཡུལ་ནི་མི་འདུག།

སོ་སྐྱེས་སེམས་ཀྱི་བཏགས་པ་ཁོ་ན་ཙམ་ཡིན་རེད།

 

དེས་ན་ལྷ་དང་འདྲེ་ཞེས་རྣམ་རྟོག་གིས་བྱས་ལ།།

ཞིང་ཁམས་དམྱལ་བ་ཟེར་བ་ཀུན་རྫོབ་ཙམ་མིན་ནམ།།

མཐོ་དམན་བར་མ་ཟེར་ཡང་དོན་དམ་ན་ཡོད་མིན།།

མཐའ་བརྒྱད་བྲལ་བའི་ལྟ་བ་འདི་ཀ་ལ་ཟེར་རེད།།

 

འུར་འུར་ཟང་ཟིང་འཐབ་པའི་མཐོང་སྣང་གི་ཆོས་ཀུན།།

 

 

 

 

ཡོད་ཡོད་འདྲ་བའི་རྣམ་རྟོག་བཟང་ངན་གྱི་སྣང་བ།།

ཀུན་ཀྱང་འཛིན་པ་མེད་པ་ཆུ་ནང་གི་ཟླ་གཟུགས།།

ཤེས་ན་དུས་གསུམ་རྒྱལ་བའི་དགོངས་པ་དང་མཐུན་རེད།།

 

སྐྱེ་བ་ཟེར་ཡང་འཁྲུལ་བའི་རང་བཞིན་གྱིས་སྐྱེ་རེད།།

འཆི་བ་ཟེར་ཡང་ཀུན་རྫོབ་སྒྱུ་མ་ཞིག་ཡིན་རེད།།

ཐམས་ཅད་སྟོང་བར་རྟོག་པའི་རྣལ་འབྱོར་གྱི་སྣང་ངོར།།

སྐྱེ་འཆི་ཟེར་བའི་མཚན་མར་འཛིན་པ་ཞིག་མེད་དོ།།

 

དེས་ན་མོ་རྩིས་ལུང་གི་མགོ་བསྐོར་དེས་ཅི་བྱ།།

རྟགས་དང་རྟེན་འབྲེལ་བསྒྲིག་ཀྱང་དཀའ་ལས་ཙམ་ཡིན་རེད།།

བཅའ་བ་རིམ་གྲོ་ཟེར་ཡང་རྣམ་རྟོག་གི་རྒྱུན་རེད།།

ཀ་དག་ཀུན་བཟང་རྩོལ་མེད་བློ་འདས་ཞིག་ཡིན་རེད།།

 

ལྟ་བ་ནམ་མཁའ་བཞིན་ཏུ་མཐོ་ཚད་ཅིག་ཡིན་ཡང་།།

རྒྱུ་འབྲས་བག་ཕྱེ་བཞིན་ཏུ་ཞིབ་པ་ཞིག་དགོས་རེད།།

བྱང་ཆུབ་སེམས་འདི་ནང་བསྟན་རིག་གནས་ཀྱི་རྩ་བ།།

རྟེན་ཅིང་འབྲེལ་འབྱུང་ལྟ་བ་བསླུ་མེད་ཞིག་ཡིན་རེད།།

 

 

 

 

ཆོས་འཁོར་རིམ་གསུམ་བསྐོར་བའི་སྙིང་བོ་ནི་འདི་རེད།།

ཕྱག་རྫོགས་དབུ་གསུམ་ཟེར་བའི་དོན་གོ་ནི་འདི་རེད།།

ཁྲག་ཆོད་ཐོད་རྒལ་ཟེར་ཡང་འདི་ཀ་ལས་ཅི་ཡོད།།

བན་བོན་ཆོས་ཀྱི་སྙིང་བོ་འདི་ཀ་ཙམ་མིན་ནམ།།

 

ཡོད་མིན་མེད་མིན་མཐར་ཐུག་དབུ་མ་ཡི་ལྟ་བ།།

ཆོས་ཕུང་བརྒྱད་ཁྲིའི་སྙིང་པོ་འདི་ཀ་ལས་གཞན་མེད།།

ལྷ་མེད་འདྲེ་མེད་ལྟ་བའི་གདེང་ཆེན་དེ་ཡིན་ཞེས།།

སྔོན་བྱོན་མཁས་གྲུབ་དམ་པའི་ཞལ་སྔ་ནས་གསུང་འདུག།

 

གཉུག་མའི་རང་གདེང་ཟེར་ཡང་འདི་ལྟ་ཞིག་ཡིན་རེད།།

གདོད་མའི་གཞི་དབྱིངས་ཟེར་ཡང་འདི་ཙམ་ལ་གོ་དགོས།།

ཡེ་གྲོལ་ཆོས་སྐུའི་རང་ཞལ་མཇལ་ལུགས་ནི་འདི་རེད།།

ལྟ་བ་སྟོང་ཉིད་ཟེར་བ་འདི་ལས་གཞན་གང་རེད།།

 

ནང་ཆོས་ཀྱི་སྙིང་བོ་ནི་བསྡུས་ན་རྣམས་པ་གསུམ་ཏུ་འདུ་སྟེ་བྱང་ཆུབ་ཀྱི་སེམས་དང་རྟེན་འབྲེལ་བསླུ་མེད། ཆོས་ཐམས་ཅད་སྟོང་བར་རྟོགས་པའོ།

 

ཉེ་བའི་གསར་བསྒྱུར།