ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དཔེ་དེབ།

བོད་བརྒྱུད་ཀྱི་ནང་པ་སངས་རྒྱས་པ།

སྤེལ་དུས། 2012-06-18 17:01:24  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རྔུལ་ཆུའི་དཔའ་བོ།  ཀློག་གྲངས།

         ང་ཚོ་བོད་བརྒྱུད་ཀྱི་ནང་པ་སངས་རྒྱས་པ་ཞིག་ཡིན་པ་དང་ཡིན་དགོས་པར་འདོད་ན་ངེས་པར་དུ་ཆ་རྐྱེན་གསུམ་ཚང་དགོས། དེ་ལས་དང་པོ་ཚང་དགོས་པ་ནི་རིག་གནས་དང་ཤེས་ཡོན་སྦྱང་མྱོང་བ་ཞིག་ཡིན་དགོས། གལ་ཏེ་རིག་གནས་དག་ལ་སྦྱང་མ་མྱོང་བ་ཞིག་ཡིན་ན་དེས་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་ས་ལམ་ཤེས་ཀྱི་མ་རེད་ལ་དེ་མ་ཤེས་ན་ནང་པ་སངས་རྒྱས་པའི་ཆོས་ཀྱི་འབྲས་བུ་ལ་དོན་དུ་གཉེར་ཤེས་ཀྱི་མ་རེད། དེ་མ་ཤེས་ན་ཁྱོད་རང་གིས་དམ་ཆོས་སྒྲུབ་ཀྱི་ཡོད་བསམ་ནས་ལུས་ངག་གི་དཀའ་བ་མང་པོ་སྤྱད་ན་ཡང་། དོན་དངོས་སུ་སྒྲིབ་པ་དག་ནས་སངས་རྒྱས་པའི་ཐབས་སུ་འགྲོ་བ་ཕར་ཞོག ཚེ་ཕྱི་མའི་ལུས་རྟེན་བཟང་པོ་ཙམ་ཞིག་ཐོབ་བྱེད་དུ་ཡང་འགྱུར་དཀའ་བ་རེད། དཔེ་མཚོན་ནས་ལྟས་ན་དེང་དུས་སུ་བོད་ཀྱི་ཆོས་པ་ཡིན་བསམ་མཁན་ཁ་ཤས་ཀྱིས་འགྲན་རྩོད་དང་ཕྲག་དོག་བྱས་ནས་ཆོས་སྒྲུབ་ཀྱི་ཡོད་པ་སྟེ། ཁོང་ཚོའི་ཚོ་པས་སྒྲུབ་པ་ཆེན་པོ་ཞིག་འཚོགས་སོང་ད་ང་ཚོའི་ཚོ་པས་དེ་དང་འདྲ་བའམ་དེ་ལས་ལྷག་ཙམ་ཞིག་མ་འཚོགས་ན་ངོ་ཚ་བའམ་ཁོ་ཚོས་འཕྱ་གི་རེད་བསམ་ནས་གཅིག་འཚོགས་པ་ཡིན་ན་ཡང་བྱ་བ་དེ་སངས་རྒྱས་པའི་རྒྱུར་འགྲོ་བ་ཕར་ཞོག་ཕྱི་མར་ཕན་པའི་ཆོས་སུ་འགྲོ་གི་མ་རེད། གང་རེད་ཟེར་ན་ཁོའི་ཀུན་སློང་དེ་འགྲན་སེམས་དང་ཕྲག་དོག གཞན་གྱིས་བསྟོད་བསྔགས་ཆེད་ཁོ་ན་དམིགས་པའི་དབང་གིས་ཀུན་སློང་མ་དག་པ་རེད། ཡང་ལ་ལས་ཕྱོགས་རིས་ཁོ་ནའི་དབང་དུ་སོང་ནས་ཆོས་སྒྲུབ་ཁུར་བྱེད་ཀྱི་ཡོད། ང་ཚོའི་ཆོས་ལུགས་རྙིང་མ་ཡིན་པས་བཟང་གི་རེད། ཁོ་ཚོའི་ཆོས་ལུགས་གསར་མ་ཡིན་པས་ངན་གི་རེད་ཟེར་བ་དང་། ཡང་ཁ་ཅིག་གིས་ང་ཚོའི་ཆོས་ལུགས་གསར་མ་ཡིན་པས་བཟང་གི་རེད། ཁོ་ཚོའི་ཆོས་ལུགས་རྙིང་མ་ཡིན་པས་སྡུག་གི་རེད་ཟེར་ནས་ཆོས་ལུགས་བར་ལ་སྨད་པ་དང་བསྐུར་འདེབས་ཁོ་ན་བྱས་པ་ཡིན་ན་ཁྱོད་ཀྱི་བྱ་བ་དེ་སངས་རྒྱས་པའི་ཐབས་སུ་འགྲོ་བ་ཕར་ཞོག ནང་ཆོས་ལ་བསྐུར་འདེབས་བྱས་པའི་དབང་གིས་ཚེ་ཕྱི་མ་ངན་སོང་དུ་འགྲོ་བའི་ལས་བསགས་པ་སྟེ། བོད་དུ་ཡོད་པའི་གསར་རྙིང་གི་ཆོས་གཉིས་ཀ་ནང་པ་སངས་རྒྱས་པའི་ཆོས་ཡིན་པ་ལ་ཁྱད་པར་སྤུ་ཉག་ཙམ་མེད་པ་རེད། གལ་ཏེ་ཁྱད་པར་ཡོད་པར་ཤོད་མཁན་ཡོད་ན་ཡང་དེ་ནི་རང་འདོད་ཙམ་ལས་ལུང་རིགས་རྣམ་དག་གི་སྒོ་ནས་སུས་ཤོད་མི་ཐུབ་ཐག་གིས་ཆོད། གསར་རྙིང་ཟེར་དགོས་དོན་ནི་གསང་སྔགས་བོད་ལ་སྔོན་དུ་བསྒྱུར་བ་རྣམས་ཉམས་ལེན་བྱེད་མཁན་ལ་རྙིང་མ་དང་ཕྱིས་སུ་བསྒྱུར་བ་ཉམས་ལེན་བྱེད་མཁན་རྣམས་ལ་གསར་མ་ཞེས་བཏགས་པ་རེད་མ་གཏོགས་དོན་དངོས་སུ་གསང་སྔགས་གསར་རྙིང་གཉིས་ཀ་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་ཆོས་གཅིག་པ་ཡིན་པ་རེད། དེ་ལ་ཁྱད་པར་ཅི་ཡང་མེད། གལ་ཏེ་ཁྱད་པར་ཡོད་མདོག་བཤད་ཀྱང་ན་ཡང་རྒྱུ་མཚན་དང་དཔང་དག་ཡང་དག་པ་སུ་ཞིག་གིས་འཇོག་ཐུབ་ཀྱི་མ་རེད། དེ་ལྟ་བུའི་ཕྱོགས་ཞེན་དང་ལྡན་པར་རང་གིས་ལྷ་ཆོས་སྒྲུབ་ཀྱི་ཡོད་བསམ་ན་ཡང་དོན་ལ་ཆོས་སུ་མ་སོང་བ་ངན་སོང་གི་ལས་གསོག་པ་འདི་འདྲ་བ་ལ་དགོངས་ནས་མཉམ་མེད་དྭགས་པོ་རིན་པོ་ཆེས་ཆོས་ཆོས་བཞིན་མ་བྱས་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་གསུངས་པ་འདི་ལྟ་བུར་འབྱུང་བའི་རྒྱུ་ནི་རང་ཉིད་ཤེས་དང་རིག་གནས་མེད་པའི་སྐྱོན་རེད། དེ་མ་ཟད་ཤེས་དང་རིག་གནས་མེད་ན་ཚེ་འདི་དང་དེ་ལས་ཀྱང་དེང་སང་དུས་སུ་མི་གཞནདང་མཉམ་དུ་སྐད་ཆ་བཤོད་པ་དང་། བྱ་བ་སྒྲུབ་པ། ཟ་མ་ཟ་བ་སོགས་བྱེད་ཐུབ་ཀྱི་མ་རེད། དེས་ན་དེ་འདྲ་བའི་མི་ནི་ཆོས་དང་འཇིག་རྟེན་གང་གི་ཕྱོགས་ནས་རྗེས་ལུས་ཟེར་བ་དེ་རེད། དེ་ལ་རྟེན་ནས་ངས་བོད་ཀྱི་ནང་པ་སངས་རྒྱས་པ་ཡིན་ན་ཐོག་མར་རིག་གནས་སྤྱང་མྱོང་ཡོད་པ་ཞིག་དགོས་ཟེར་དོན་དེ་ཡིན། དོན་གཉིས་པ་བོད་ཀྱི་ནང་པ་སངས་རྒྱས་པ་ཡིན་ན་བྱམས་པ་དང་སྙིང་རྗེ་ངེས་པར་དུ་ཡོད་དགོས། བྱམས་པ་ཟེར་བ་ནི་སེམས་ཅན་ལ་གནོད་འཚེ་མི་བྱེད་པར་བདེ་བ་ལ་མོས་པ་དེ་རེད། སྙིང་རྗེ་ཟེར་བ་ནི་སྡུག་བསྔལ་བའི་སེམས་ཅན་དེ་བདེ་བ་ལྡན་ཐབས་བྱས་པ་ལ་གོ་དགོས། དེ་གཉིས་མེད་པའི་ནང་པ་སངས་རྒྱས་པ་ཞིག་ཡོང་མི་སྲིད་པ་ཡིན། གལ་ཏེ་དེ་གཉིས་ག་དང་ཡང་ན་གང་རུང་ཞིག་ལྡན་མེད་ན་དེ་ནི་ནང་པ་སངས་རྒྱས་པ་མ་ཡིན། གང་རེད་ཟེར་ན་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ཤིང་ངོ་མ་དེ་བྱམས་པ་དང་སྙིང་རྗེ་གཉིས་ཡིན་པའི་དབང་གིས་སྟོན་པ་སངས་རྒྱས་ཀྱིས་བྱམས་སྙིང་རྗེ་གཉིས་ལ་ཕྱག་ལེན་བསྟར་བ་རེད་ལ་ཁོང་གི་གསུང་དུ་ཡང་འདི་གཉིས་ཡང་ནས་ཡང་དུ་གསུང་ཡོད། མ་ཟད་ཁོང་གིས་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་དོན་ཡང་སེམས་ཅན་ལ་ཕན་བདེ་ཡོང་བའི་དོན་ཁོ་ན་ཡིན་པ་དང་སེམས་ཅན་ལ་ཕན་བདེ་ཐོབ་དགོས་ན་བྱམས་དང་སྙིང་རྗེ་ལ་བརྟེན་ནས་ཐོབ་དགོས་པ་ལས་འཐབ་རྩོད་དང་གཡོ་འཕྲུལ་ལ་རྟེན་ནས་སེམས་ཅན་ལ་ཕན་བདེ་ཐོབ་ཐབས་བྱེད་རྒྱུ་ཞིག་ལར་ནས་མེད། དེས་ན་ང་ཚོ་བོད་རྒྱུད་ནང་པ་སངས་རྒྱས་ཡིན་པའམ་ཡིན་དགོས་ན་གཙོ་བོ་བྱམས་དང་སྙིང་རྗེ་ལ་དང་ལེན་དང་སློབ་སྦྱོང་དགོས་སོ།། དོན་གསུམ་པ་བོད་རྒྱུད་ནང་པ་སངས་རྒྱས་པ་ཡིན་ན་བྱ་བ་དག་ལ་ལག་ལེན་དགོས་པ་ལས་ཁ་ཙམ་དུ་བཤད་པ་དང་སློབ་སྦྱོང་བྱས་པ་ཙམ་ལས་ལག་གཏར་མེད་ན་ཅི་ཡང་མི་ཕན། དེ་ཡང་ཁ་ནས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བར་ཐོབ་པར་ཤོག་བརྗོད་ཀྱི་ཡོད་པ་ནང་བཞིན་ལག་ལེན་དུ་ཡང་སེམས་ཅན་ཀུན་རང་གི་ད་ལྟའི་ཕ་མ་བཞིན་དུ་དྲིན་ཅན་ཡིན་པ་དང་། དྲིན་ལན་ལ་ཕན་འདོགས་པ་ནང་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕན་ཐབས་དང་བདེ་ཐབས་བྱེད་དགོས། དེ་ལྟར་མིན་པ་ང་ཚོ་བོད་ཀྱི་ཆོས་བྱེད་ལུགས་དེ་ཁ་དང་དོན་མི་མཚུངས་པ་ཞིག་སྟེ། ཁ་ནས་གང་ཡག་ཡག་བརྗོད་ཀྱང་དོན་ལ་སེམས་ཅན་ལ་གནོད་འཚེ་སྣ་ཚོགས་བྱེད་ཀྱི་ཡོད་པ་མཐོང་གི་འདུག དཔེར་ན་དོད་ཚང་ལ་ལས་སེམས་ཅན་ནོར་ལུག་སོགས་བཤས་ར་ལ་རྒྱབ་སྟེ་རང་གིས་ཆོས་སྒྲུབ་མདོག་བྱེད་ནས་གནས་སྐོར་དུ་འགྲོ་བ། མ་ཎི་འདོན་པ། ཕྱག་འཚལ་བ། ཚོགས་འཚོགས་པ། ཇོ་དར་མང་པོ་འདོག་པར་བྱས་ཀྱང་དེ་ལ་ནང་པའི་སྟོན་པ་སངས་ཀྱིས་ཁོང་གི་ཆོས་སྒྲུབ་པ་ཟེར་གྱི་མ་རེད། དེ་ནི་དོན་དངོས་སུ་འཚེ་བ་དང་ལྡན་པའི་མུ་སྟེགས་པའི་ལུགས་རེད། དེས་མ་ཟད་ནང་པ་སངས་རྒྱས་པའི་བསྟན་པ་འཛིན་མཁན་ཡིན་ཟེར་བའི་བླ་སྤྲུལ་དང་དགེ་བཤེས། མཁན་པོ་དང་དགེ་ཚུལ་སློང་གི་ནང་དུ་སེམས་ཅན་གྱི་ཤ་ཁྲག་ཟ་བར་སྤང་རྒྱུ་ཕར་ཞོག འཛིམ་དོགས་ཙམ་ཡང་ཡོད་དཀའ་བའི་ཉམས་དོད་པ་རྣམས་ནི་དོན་ལ་ནང་པ་སངས་རྒྱས་པ་ག་ལ་ཡིན་ཏེ། ནང་པའི་གཟུགས་བརྙན་ཙམ་ཡིན་པས་སོ།། དེ་ཡང་ཡིན་ཏེ་སེམས་ཅན་ལ་འཚེ་བ་མ་སྤངས་པའི་སྟོན་པའི་ཆོས་གོས་གྱོན་པ་ཡིན་པས་སོ།། དོན་ལ་དེ་དག་ནི་ཁ་ཆོས་ཙམ་ལས་དོན་ཆོས་སུ་མ་གྱུར་བ་རེད། དེ་འདྲའི་ཁ་ཆོས་དེས་ཚེ་འདི་ཕྱི་གང་དུ་རང་གཞན་ལ་སུ་ལ་ཡང་ཕན་གྱི་མ་རེད། དེས་ན་བོད་ཀྱི་ཆོས་པ་ཡིན་མདོག་བྱེད་པ་མང་པོ་ཞིག་རང་མགོ་རང་གི་བསྐོར་གྱི་ཡོད་པ་རེད། མ་ཟད་མི་རིགས་གཞན་གྱིས་དེ་ལྟར་མཐོང་བ་དང་ཤེས་པ་ཡིན་ན་ང་ཚོ་བོད་ཀྱི་ཆོས་སྒྲུབ་ལུགས་ལ་སྨད་པ་དང་འཕྱ་ལས་བྱེད་ཀྱི་རེད་པས་ཀུན་གྱིས་ཁ་དོན་མཚུངས་པ་དང་ལག་ལེན་ལྡན་པའི་ཆོས་བྱེད་པར་ཞུ། དེ་ལས་གཞན་པར་ང་ཚོས་ལག་ལེན་དགོས་པ་ནི་འཇིག་རྟེན་རིག་གནས་ཐད་ནས་ཡིན། ཁྱོད་ཀྱིས་སྨན་གཞུང་ལ་སྦྱང་མྱོང་ན་གཞི་རྟགས་གསོ་བ་གསུམ་གྱི་ལག་ལེན་དགོས། ཁྱོད་ཀྱིས་སྐར་རྩིས་ལ་སྦྱང་མྱོང་ན་ཉི་ཟླ་གཟའ་སྐར་གྱི་རྒྱུ་ཚུལ་གཏན་ལ་འབེབས་དགོས། ཁྱོད་ཀྱིས་བརྡ་སྤྲོད་རིག་པ་ལ་སྦྱང་མྱོང་ན་སློབ་ཁྲིད་གནད་དང་ལྡན་པ་བྱེད་དགོས། ཁྱོད་ཀྱི་ཚན་རིག་ལ་སྦྱང་མྱོང་ན་སྔར་མེད་དངོས་པོ་གསར་སྐྲུན་བྱེད་ཐུབ་དགོས། དེ་ལྟའི་ལག་ལེན་མེད་པའི་སྦྱང་བརྩོན་དག་ནི་དགོས་པ་མེད་པའི་བྱ་བ་ཡིན། ང་ཚོ་བོད་ལ་མཚོན་ན་དེ་འདྲ་མང་ཙམ་འདུག་ཀྱང་ད་ནས་བཟུང་བསྒྱུར་བཅོས་དང་གོང་འཕེལ་མ་བྱས་ན་ངས་བསམ་པར་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་རྗེས་ལུས་ནས་རྗེས་ལུས་ཐེབ་ཀྱི་ཡོད་པར་མཐོང་། འོན་ཀྱང་དེ་ལྟར་ཡིན་མིན་ཀུན་གྱིས་དཔྱད་མཚལ།      

ཉེ་བའི་གསར་བསྒྱུར།