ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དཔེ་དེབ།

དེང་རབས་བོད་ཀྱི་རྩོམ་པ་པོའི་ལོ་རྒྱུས་དང་བརྩམས་ཆོས་དཀར་ཆག་ཅེས་པ་པར་སྐྲུན་འགྲེམ་སྤེལ་པ།

སྤེལ་དུས། 2012-11-07 10:28:18  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། མགོན་པོ་སྐྱིད།  ཀློག་གྲངས།

book.JPG
དེང་རབས་བོད་ཀྱི་རྩོམ་པ་པོའི་ལོ་རྒྱུས་དང་བརྩམས་ཆོས་དཀར་ཆག

        《དེང་རབས་བོད་ཀྱི་རྩོམ་པ་པོའི་ལོ་རྒྱུས་དང་བརྩམས་ཆོས་དཀར་ཆག》༢༠༡༢ལོར་སྒྲིག་པ་པོ་ཧོར་གཙང་ཀླུ་རྒྱལ་གྱིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་པའི་དེབ་ཅིག་ཡིན་ལ། དེབ་འདིར་གཅིག་སྟོང་དགུ་བརྒྱ་ཡས་མས་ལོ་ནས་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་བརྒྱད་ལོའི་བར་གྲུབ་མཐའི་དབྱེ་བ་དང་། རིག་གཞུང་རྩོམ་པ་པོའམ་སྙན་ངག་རྩོམ་པ་པོའི་དབྱེ་བ་མེད་པར་ཞིང་ཆེན་རིམ་པའི་དུས་དེབ་སྟེང་དུ་བརྩམས་ཆོས་བཅུ་ལྷག་སྤེལ་བའམ་ཚད་ལྡན་དཔེ་སྐྲུན་ཁང་ནས་དཔེ་དེབ་ཅིག་པར་སྐྲུན་བྱས་ཟིན་པའི་ཚད་ལོངས་པའི་རྩོམ་པ་པོ་སུམ་བརྒྱའི་ལོ་རྒྱུས་ཐུང་ངུ་རེ་དང་། བརྩམས་ཆོས་གཙོ་གྲས་དག་གི་མིང་ཐོ་གསལ་བའི་གནའ་རབས་ཡིག་ཚང་རིག་པའི་གྲུབ་ཆ་གསུམ་གྱི་ནང་གསེས་དཀར་ཆག་རིག་པའི་ནུས་པར་གཞོལ་ཆེ་བའི་དཔེ་དེབ་ཅིག་ཡིན་ལ། ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་ཡིག་ཚང་གསོག་གཉེར་དང་རྩད་ཞིབ་བྱེད་ཐབས་ཀྱི་ནང་གསེས་གཉིས་པ་སྟེ། ཉེར་མཁོའི་དཔྱད་གཞི་དཔེ་ཆ་ལེགས་སྒྲིག་བྱས་ནས་པར་སྐྲུན་བྱས་པའི་དཔེ་དེབ་ཐོག་མའང་ཡིན །
        དེབ་འདིར་དུས་རབས་ཤིག་དང་མི་རབས་ཤིག་གི་རིག་གནས་དཔུང་ཁག་པའི་ངལ་རྩོལ་གྱི་འབྲས་བུ་སྨིན་པས། བགྲང་བྱ་དུ་མའི་རིང་ལ་རིག་གཞུང་ཞིབ་འཇུག་པ་དང་སྙན་ངག་རྩོམ་པ་པོ་ཚོའི་གྲུབ་འབྲས་དང་ལས་ཆོད་ལ་ཕྱིར་བརྟག་བྱེད་པའི་མེ་ལོང་ལྟ་བུ་ཡིན །
        དེབ་འདི་ཡང་ཡིག་ཚང་ཇི་བཞིན་གསོག་གཉེར་དང་། བརྒྱུད་སྒྲོག ངོས་ཟིན་སོགས་ཀྱི་ནུས་པ་ལྡན་ཞིང་། དཀར་ཆག་ཇི་བཞིན་དཔྱད་གཞིའི་ཡིག་རིགས་མང་པོ་ལྟ་བར་ཕྲ་མཐོང་ཆེ་ཤེལ་ལྟ་བུའི་ནུས་པ་དང་། གནད་གཅིག་བརྒྱུད་ནས་འབྲེལ་ཡོད་གནད་དོན་མང་པོར་བསམ་གཞིགས་བྱེད་རྒྱུར་སྣེ་ཁྲིད་ཐུབ་པ་སོགས་ཀྱི་ནུས་པ་ལྡན་པས། བོད་ཀྱི་རིག་གཞུང་བ་དང་ཞིབ་འཇུག་མཁན་ཚོའི་ལས་ཆོད་མཐོ་རུ་འགྲོ་བར་གཞོགས་འདེགས་ཀྱི་ནུས་པ་ཆེན་པོ་ཡོད་པར་སྙམ། དེ་བས་སྒྲིག་པ་པོ་ཧོར་གཙང་ཀླུ་རྒྱལ་གྱིས་མ་སྐུལ་དང་བླངས་ཀྱིས་གཉེར་བའི་ལས་ཀའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་གདོན་མི་ཟ །

 

ཉེ་བའི་གསར་བསྒྱུར།