ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > དཔེ་འཕྲིན། > དཔེ་དེབ།

མུན་གྲོལ་ལ་ཕུལ་བའི་དགག་ཡིག

སྤེལ་དུས། 2013-01-10 10:25:51  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། འཕགས་ཆེན།  ཀློག་གྲངས།

        ང་དང་ང་འདྲ་བའི་དྲྭ་འབུ་མང་པོ་ཞིག་གིས་གཞུང་ལུགས་ཀྱི་དཔྱད་རྩོམ་ཉིང་ཁུ་ལྡན་པ་ཞིག་འཁྱོང་དཀའ་མོ་རེད། ལྷག་ཏུ་ཉིད་ཀྱི་དཔྱད་རྩོམ་དག་ལ་ཡིག་ཆ་མང་པོ་དཔྱད་བསྡུར་བྱས་ནས་རང་ལུགས་བཞག་པ་དང་གཞན་ལུགས་དགག་པ་སོགས་མི་ལོ་མང་པོའི་སློབ་སྦྱོང་གི་འབྲས་བཟང་གནད་ལ་སྨིན་པ་ཞིག་ཡོད་ཁོ་ཐག་རེད། ངས་ཀྱང་དེ་དག་ལ་གུས་པ་བྱ་འོས་པ་ཞིག་ལོས་ཡིན། ཡིན་ནའང་བྱམས་ཀླུ་མགྲིན་གཅིག་དབྱངས་གཅིག་གི་དཔྱད་རྩོམ་འདི་སྤྱིར་བཏང་ལུང་ཙམ་ལས་རིགས་པ་དམིག་ཕུག་པ་ཞིག་མི་འདུག་ཟེར་ནས་དཔྱད་མཆན་བཞག་ཡོད། ཉིད་ཀྱིས་དེའི་ལན་ལ་ལུང་རིགས་ཀྱིས་ཤེས་ན་མ་གཏོགས་དེ་རིང་ཁ་སང་གི་དྲྭ་འབུ་མང་པོའི་ཁ་སྣ་ལ་དྲོ་བའི་དཔྱད་རྩོམ་ཞིག་མིན་གསུང་འདུག དྲང་མོར་བཤད་ན་དེ་འདྲ་ཅི་སྟེ་མིན། ང་དང་ང་འདྲ་བའི་དྲྭ་འབུ་མང་པོ་ཞིག་གིས་ཡི་གེ་ཙམ་ཡང་མ་དག་པའི་རྩོམ་ཡིག་རེ་དང་བརྗོད་བྱ་དོན་སྙིང་སྟོངས་པའི་རྩོམ་རེ་འབྲི་ནས་ཟིན་ཁུག་བཀང་བཞག་འདུག ད་དུང་ཁ་སྤོབས་མཐོ་པོ་ཙམ་ལས་རྒྱུ་མཚན་ལྟོས་པ་ཅན་ཞིག་མི་འདུག་གསུངས་སོང་། དེ་ལོས་བདེན་ངས་སྒྲུབ་བྱེད་ཡང་དག་མ་བཀོད་པར་བུད་སོང་བ་རེད། སྒྲུབ་བྱེད་མ་བཀོད་པར་གོ་རྒྱུ་མི་འདུག་བཤད་ན་རྣ་ལ་མི་འགྲོ་བའི་གཏམ་རྒོད་ཅིག་ལས་གང་ཡང་མེད་པ་ངས་ཀྱང་ཤེས་ཡོད། དེ་དག་གཏམ་གྱི་སྔོན་འགྲོ་ཙམ་ལས་དཔྱད་རྩོམ་གྱི་དགག་ཡིག་མིན།
        ད་དཔྱད་རྩོམ་དངོས་ལ་འཇུག་པར་བྱ་སྟེ། བྱམས་ཀླུ་མགྲིན་གཅིག་དབྱངས་གཅིག་ཟེར་བ་འདིའི་གཙོ་གནད་རྡོག་རྡོག་འདྲ་བོ་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་མ་རྟོགས་པར་བཤད་པ་དེ་རེད་བཞག དེའང་དབུ་མའི་ལུགས་དང་འགལ་ཞིང་ཕར་ཕྱིན་གྱི་ལུགས་ལ་ཏོག་ཙམ་མཐུན་པ་ཞིག་རེད་འདོད། ཕར་ཕྱིན་ཡང་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་རྗེ་བཙུན་ངལ་གསོ་གཞི་བཞག་འདྲ་རེད་འདུག་སྙམ། དེའི་ལུགས་ལ་ཉན་རང་དགྲ་བཅོམ་གྱིས་ཆོས་ཀྱི་བདག་མེད་རྟོགས་མེད་པར་གསུངས་པ་དགོངས་པ་གཙོ་བོ་ཞིག་ཡིན་ས་འདུག འོན་ཀྱང་དབུ་མའི་ལུགས་ལ་དེ་འདྲ་ཡིན་ཟེར་བ་དཀའ་བཞག དབུ་མ་དང་ཕར་ཕྱིན་གཉིས་པོ་རང་ལུགས་སོ་སོ་ཡིན་པས་དེ་གཉིས་མཐུན་ཟེར་ན་ཁག་པོ་རེད། ད་དུང་ཕར་ཕྱིན་འདིའི་ལྟ་བ་སེམས་ཙམ་པའི་ལྟ་བ་རེད་ཟེར་ན་མི་འོས་པ་གང་ཡང་མི་འདུག མི་བསྐྱོད་རྡོ་རྗེས་དབུ་མ་དྭགས་བརྒྱུད་གྲུབ་ཤིང་ནང་དུ་ཡེ་ཤེས་བདེན་གྲུབ་འདོད་པ་རྣ་འབྱོར་སྤྱོད་པ་བ་རེད་ཅེས་གསུངས་ཡོད་པས་དབུ་མའི་ལུགས་དང་ནམ་ཡང་མཐུན་ཐབས་མེད། དབུ་མའི་ལུགས་ལ་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་རྟོགས་ཅེས་པ་གཙོ་གནད་ཅིག་རེད་དྲན་འདུག དབུ་མའི་གཞུང་ལུགས་ཁག་ནས་ལུང་རིགས་མང་པོས་མཐོང་ཆེན་ངང་ནས་ཉན་རང་དགྲ་བཅོམ་གྱིས་ཆོས་ཀྱི་བདག་མེད་རྟོགས་པར་སྒྲུབ་པ་འདི་རྒྱ་བོད་ཀྱི་མཁས་གྲུབ་མང་པོའི་ཁ་ནས་རླུང་ལྟར་གྲགས་པས་སྨོས་ག་ལ་དགོས།
        དེ་ལ་དང་པོ་ཉིད་ཀྱིས་གཞན་ལུགས་དགག་སྐབས་ཉན་རང་དགྲ་བཅོམ་གྱིས་ཆོས་ཀྱི་བདག་མེད་མ་རྟོགས་པར་བཤད་པ་འདིའི་བློ་བཅོལ་ས་གཅིག་ནི། ཆོས་ཐམས་ཅད་རང་བཞིན་མེད་པར་མ་རྟོགས་པས་ཆོས་ཀྱི་བདག་མེད་རྟོགས་མ་རེད་ཟེར་ནས་ལབ་ཡོད་པ་སྣང་། ད་དུང་དགག་གཞི་ཆོས་དང་གང་ཟག་གཉིས་ཀྱིས་ཟླས་ཕྱེ་བའི་ཆོས་གང་ཞིག་དེ་དགག་བྱ་བདེན་གྲུབ་ཀྱིས་སྟོང་བའི་ཆ་ནས་བཞག་པའི་སྟོང་ཉིད་དེ་ཆོས་ཀྱི་བདག་མེད་ཀྱི་ངོ་བོ་ལ་བཞག་འདུག འདི་རྟོགས་ན་རང་བཞིན་མེད་པ་ཤུགས་ཀྱིས་རྟོགས་པ་ཧ་གོ་ཡོང་། དེ་འདྲ་ཡིན་ན་ཆོས་ཀྱི་བདག་མེད་རྟོགས་ན་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་དགོས་པས། ཐེག་ཆེན་མཐོང་སྒོམ་པ་ཆོས་ཅན། ཁྱོད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཐལ། ཆོས་ཀྱི་བདག་མེད་རྟོགས་པའི་ཕྱིར། མ་ཁྱབ་ན། སྒྲུབ་བྱ་ཉམས། ད་དུང་ཆོས་ཀྱི་བདག་མེད་རྟོགས་ཚུལ་ལས་གཞན་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ཚུལ་གང་ཡང་མེད་པར་སྙམ། མ་གྲུབ་ན། འོག་ནས་ཆོས་ཀྱི་བདག་མེད་རྟོགས་པའི་ས་མཚམས་ནི།ཐེག་པ་ཆེན་པོའི་མཐོང་ལམ་ནས་བཞག་གོ།། ཞེས་པ་ཚར་སོང་། གཉིས་ཀ་རྟོགས་པར་འདོད་ན། ཐེག་ཆེན་མཐོང་སྒོམ་པའི་རྒྱུད་ཀྱི་མཁྱེན་པ་ཆོས་ཅན། ཁྱོད་རྣམ་མཁྱེན་དང་དང་ཁྱད་པར་མེད་པ་ཐལ། ཆོས་ཐམས་ཅད་རང་བཞིན་མེད་པ་རྟོགས་པའི་ཕྱིར། མ་ཁྱབ་ན། ཁྱོད་ཀྱིས་གཞན་ལ་འཕངས་པའི་སྐྱོན་དེ་སླར་ཡང་རང་གི་མགོ་རུ་ལྷུང་བཞག མ་ཚད་འགྲེལ་ཆེན་རྗེ་བཙུན་ངལ་གསོ་ལས། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་མཁྱེན་པ་དེ་ཉན་རང་གི་གཞི་ཤེས་ལ་ཡོད་ན་རྣམ་མཁྱེན་གྱི་མཁྱེན་པ་དང་ཁྱད་པར་མེད་པར་ཐལ་ལ། ཞེས་གསུངས་པའི་ལུང་དང་ཡང་འགལ་སོང་།
        ཡང་ཐེག་དམན་གྱི་མི་སློབ་ལམ་མི་སློམ་ལམ་རེད་ཅེས་ལབ་འདུག དེ་ལྟར་ན། ཐེག་དམན་གྱི་མི་སློབ་ལམ་ཆོས། ལམ་གྱི་བགྲོད་པ་མཐར་ཕྱིན་པའི་མངོན་རྟོགས་ཡིན་པ་ཐལ། མི་སློབ་ལམ་ཡིན་པའི་ཕྱིར། རྟགས་སླ། འདོད་ན། ལམ་ཐམས་ཅད་ཀྱི་བགྲོ་པ་མཐར་ཐུག་ཡིན་པ་ཐལ། འདོད་ན། ཉན་རང་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་ཐོབ་བྱ་གོང་ན་མེད་པ་དེ་ཐོབ་པ་ཐལ། རྟགས་མ་གྲུབ་ན། ཐོབ་པ་ཐལ། བགྲོད་བྱ་མཐར་ཐུག་པ་བགྲོད་པའི་ཕྱིར། མ་ཁྱབ་ན། བགྲོད་བྱ་མཐར་ཐུག་དེ་བགྲོད་ཚར་དུས་ཐོབ་བྱ་ཡང་དག་ཅིག་གང་གིས་སྒྲུབ། བགྲོད་བྱ་མཐར་ཐུག་པ་ལ་ཐོན་དུས་མྱང་འདས་ཡང་དག་པ་ཐོབ་དགོས་པ་ལོས་ཡིན། མ་གྲུབ་ན་སླ། གོང་དེ་ལ་མ་ཁྱབ་ཟེར་ན། མི་སློབ་ལམ་གྱི་གོ་དོན་ནོར་སོང་། ད་དུང་ཐེག་དམན་གྱི་མྱང་འདས་མྱང་འདས་ཡིན་པ་ཐལ། ཐེག་དམན་གྱི་མི་སློབ་ལམ་མི་སློབ་ལམ་ཡིན་པའི་ཕྱིར། སྒོ་ཀུན་ནས་མཚུངས། འདོད་ན། རྒྱུད་བླ་མ་ལས། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་གཞན་མེད།།ཅེས་གསུང་པ་དང་འགལ། ད་དུང་ལུང་མང་དུ་ཡོད་ཀྱང་ཡིག་ཚོགས་སྤུངས་མང་ན་མི་ལེགས་སྙམ།
        ཡང་ཉན་རང་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་གང་ཟག་གི་བདག་མེད་མ་རྟོགས་པར་ཐལ། བདག་གཞི་ཕུང་སོགས་བདེན་མེད་དུ་མ་རྟོགས་པའི་ཕྱིར་ཞེ་ན། ལན་ནི། ཁྱབ་པ་མ་བྱུང་།ཞེས་ལབ་འདུག གང་ཟག་གི་བདག་མེད་རྟོགས་པ་ལ་ཕུང་སོགས་བདེན་མེད་དུ་རྟོགས་མི་དགོས་ན། ཤིང་རྟ་བདེན་མེད་དུ་རྟོགས་ན་ཤིང་རྟའི་ཡན་ལག་བདེན་མེད་དུ་རྟོགས་མི་དགོས་པ་ཐལ། འདོད་ན། ཤིང་རྟའི་ཡན་ལག་སོགས་ལ་བདེན་ཞེན་མ་བཟློག་པར་ཤིང་རྟ་ལ་བདེན་ཞེན་བཟློག་རྒྱུ་ཡོད་པ་ཐལ། འདོད་ན། དྭགས་རྒྱུད་གྲུབ་ཤིང་ལས། ཤིང་རྟའི་ཡན་ལག་འཁོར་ལོ་སོགས་ལ་བདེན་ཞེན་མ་བཟློག་ན། དེ་དུས་ཀྱི་ཡན་ལག་ཅན་ཤིང་རྟ་ལ་བདེན་ཞེན་མི་བཟློག་པ་བཞིན། ཞེས་གསུངས་དང་འགལ། འདིའི་དོན་གྱིས་གང་ཟག་གི་མེད་རྟོགས་པ་ལ་ཕུང་པོ་སོགས་བདེན་མེད་རྟོགས་དགོས་པ་གྲུབ།
        ཡང་ཉན་རང་དགྲ་བཅོམ་པ་བློ་ཡིས་སྟོབས་ཀྱིས་ཟིལ་གྱིས་གནོན་མི་གནོན་དེ་འགོག་པ་ལ་སྐད་ཅིག་གཅིག་གིས་འཇུག་ལྡང་ནུས་མི་ནུས་སྒོ་ནས་ཕྱེས་འདུག དེས་ན་ས་བརྒྱད་པ་དང་དགུ་པ་སོགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཅན། ཁྱོད་ཀྱིས་ཉན་རང་དགྲ་བཅོམ་པ་བློ་ཡི་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་པ་ཐལ། འགོག་པ་ལ་སྐད་ཅིག་གཅིག་གིས་འཇུག་ལྡང་མི་ནུས་པའི་པའི་ཕྱིར། རྟགས་མ་གྲུབ་ན། དམ་བཅའ་ཚར། ས་བདུན་པ་ཁོ་ནའི་ཁྱད་ཆོས་རེད་ཅེས་ལབ་འདུག་པ་ཡང་ཉམས། འདོད་ན། གཞུང་གི་སྐབས་སུ་ས་བདུན་པ་ནས་མགོ་བརྩམས་ཏེ། དགུ་པ་དང་བཅུ་པ་སོགས་ཀྱིས་བློ་ཡིས་སྟོབས་ཀྱིས་ཟིལ་གྱི་གནོན་ནུས་གསུངས་པ་དག་དང་འགལ།
        མདོར་ན་བྱམས་ཀླུ་མགྲིན་གཅིག་དབྱངས་གཅིག་ཅེས་མང་པོ་བཤད་ནའང་བྱམས་པའི་ལུགས་ཀྱི་ཆོས་ཀྱི་བདག་མེད་བཤད་པ་ལས་གང་ཡང་མ་མཐོང་། ཀླུ་སྒྲུབ་ཀྱིས་འདི་འདྲའི་བཤད་སྟངས་ཤིག་ཡིག་ཆ་གང་ན་མི་གསལ་བ་དང་ད་དུང་དབུ་མའི་ཡིག་ཆ་དག་ལས་འདི་འདྲ་རྙེད་མ་སོང་། སྤྱིར་བཏང་ཆོས་ཀྱི་བདག་མེད་ཐད་ལ་བཤད་ཚུལ་གནད་ལ་ཁེལ་བ་ཞིག་འདུག འོན་ཀྱང་དབུ་མའི་ལུགས་སམ་ཀླུ་སྒྲུབ་ཀྱི་དགོངས་ཕྱོགས་ལ་རྦད་དེ་འགལ་སོང་སྙམ། དེ་བས་བྱམས་ཀླུ་དབྱངས་གཅིག་མགྲིན་གཅིག་ཅེས་པ་གང་ནས་མ་མཐོང་། བདག་གིས་སྐབས་འགར་ཕྱོགས་སྔའི་ནམ་མ་ལངས་དུས་དགག་བཞག་གི་ཉི་མ་འགའ་ཤར་ཡོད་ནང་ཐང་། དེ་དག་མུན་གྲོལ་ལགས་ལ་་དགོངས་དག་སྙིང་ནས་ཞུ་བ་དང་། གཟུར་གནས་ཀྱི་རྣམ་འཔྱོད་འཆང་ནས་དྲྭ་གྲོགས་ཡོངས་ཀྱིས་དགོངས་འཆར་གནང་རོགས་ཞུ།།།། ༢༠༡༣ ༡ ༩ཉིན་འཕགས་ཆེན་ནས་ཤར་མར་བྲིས།

ཉེ་བའི་གསར་བསྒྱུར།