ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > སློབ་གསོ། > བྱིས་པའི་སློབ་གསོ།

བྱིས་པའི་ཀློག་དེབ་རྩོམ་སྒྲིག་བྱ་བའི་འཆར་གཞི།

སྤེལ་དུས། 2013-07-11 14:26:20  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།  ཀློག་གྲངས།

འཆར་སྒོ་དང་ལག་ལེན། ---བྱིས་པའི་ཀློག་དེབ་རྩོམ་སྒྲིག་བྱ་བའི་འཆར་གཞི།

ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ།
 

གཅིག ལས་གཞིའི་རྒྱབ་ལྗོངས།
        མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྐྱོང་གནང་བའི་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་གྲོས་ཚོགས་སྐབས་དང་པོ2012ལོའི་ཟླ11པར་ཟི་ལིང་ནས་འཚོགས་ཤིང་། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་སློབ་ཆུང་བོད་ཡིག་དགེ་རྒན་དང་སློབ་གསོའི་ལས་དོན་གཉེར་མཁན། བོད་སྐད་ཡིག་གམ་སློབ་གསོའི་མཁས་པ་རྒན་གཞོན78ལྷག་ཚོགས་འདུར་ཞུགས་ཤིང་གཏམ་བཤད། ཚོགས་འདུའི་སྟེང་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་བརྗོད་སྙིང་བྱས་ནས་བོད་ཡིག་སློབ་དེབ་ཀྱི་དགེ་སྐྱོན་དང་གནད་དོན། ལེགས་བཅོས་ཐད་དམངས་གཙོ་དང་འདྲ་མཉམ་གྱིས་གྲོས་བསྡུར་བྱས་ཏེ། མཐར་བོད་ཡིག་དགེ་རྒན་གསོ་སྦྱོང་དང་བསླབ་ཕྱིའི་ཀློག་དེབ་གསར་སྤེལ་བྱེད་པ་སོགས་ཁ་ཚ་དགོས་གཏུག་ཏུ་སྒྲུབ་དགོས་པའི་ལས་དོན་ལྔ་བསྒྲུབ་པར་ཚང་མ་ཡིད་འཐད་བྱུང་བ་བཞིན་གཏན་འཁེལ་བྱས།
        བྱིས་པའི་ཀློག་དེབ་རྩོམ་སྒྲིག་པར་སྐྲུན་གྱི་ལས་གཞི་ནི་ཚོགས་འདུ་དེའི་སྟེང་གཏན་འཁེལ་བྱས་པའི་ལས་ཀ་གཙོ་བོ་ཞིག་ཡིན་ཞིང་། ཚོགས་འདུའི་བླང་བྱ་དང་རྩ་དོན་ལྟར་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྐྱོང་མཛད་དེ། བྱིས་པའི་ཀློག་དེབ་རྩོམ་སྒྲིག་བྱ་བའི་མ་དངུལ་འཚོལ་སྡུད་དང་མི་སྣ་རྩ་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ།

གཉིས། ལས་གཞི་སྤེལ་བའི་དགོས་ངེས་རང་བཞིན།

       སྐད་ཡིག་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ནི་སློབ་མར་སྐད་ཡིག་གི་སྤུས་ཚད་ཡག་པོ་ཆགས་སུ་བཅུག་ནས་སློབ་མའི་ཡར་རྒྱས་གོང་འཕེལ་ལ་རིག་གནས་ཀྱི་རྨང་གཞི་བཟང་བོ་ཞིག་གདིང་རྒྱུ་དེ་ཡིན་ཞིང་། སློབ་གསེང་དཔེ་ཀློག་ནི་དེ་ཉིད་མངོན་འགྱུར་བྱེད་པ་དང་སློབ་མའི་རིག་གནས་ཤེས་ཡོན་དང་བསམ་བློ་ཀུན་སྤྱོད་ཡག་པོ་ཆགས་པའི་ཐབས་ལམ་མེད་དུ་མི་རུང་བ་ཞིག་ཡིན་མོད། བོད་ཀྱི་སློབ་ཆུང་སློབ་མར་མཚོན་ན། སློབ་དེབ་དང་ཡང་ན་དེ་དང་འབྲེལ་བའི་སྦྱང་གཞི་ལྷན་ཐབས་འགའ་ལས་སློབ་ཆུང་སློབ་མའི་ལོ་ཚོད་སེམས་ཁམས་དང་འཚམ་ཞིང་ལྟ་རྒྱུར་དགའ་བ། ཇུས་འགོད་ལེགས་ཤིང་མིག་དབང་འཕྲོག་པ། རྒྱུ་སྤུས་བཟང་ལ་དུས་རབས་ཀྱི་བླང་བྱ་དང་མཐུན་པ། མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ཕ་སྐད་ལྟ་ཀློག་དཔེ་ཆ་མེད་པ་དང་། ཡིག་རིགས་གཞན་དང་མི་སྒེར་གྱིས་སྒྱུར་བསྐྲུན་བྱས་པའི་དཔེ་ཆ་རེ་གཉིས་ཡོད་ཀྱང་རིན་གོང་མཐོ་བས་མང་ཚོགས་དཀྱུས་མའི་ཉོ་དཀའ་བ་སོགས་ཀྱི་དབང་གིས་བོད་ཀྱི་སློབ་ཆུང་སློབ་མར་ལྟ་ཀློག་དཔེ་ཆ་ཆེས་དཀོན་པའང་དངོས་ཡོད་གནས་ཚུལ་ཡིན་པས། ང་ཚོས་ངེས་པར་དུ་སློབ་ཆུང་སློབ་མའི་སློབ་གསེང་དཔེ་ཀློག་ལ་ཤུགས་སྣོན་དང་མཐོང་ཆེན་གང་ལེགས་བྱ་དགོས་སོ།།

གསུམ། ལས་གཞིའི་དམིགས་འབེན།

        སློབ་མའི་ལོ་ཚོད་དང་སེམས་ཁམས་ཁྱད་ཆོས། ཤེས་ཡོན་ཆུ་ཚད། གོ་སྟོབས་ནུས་པ་དང་འཚམ་པ་དང་། བསམ་བློའི་ནང་དོན་བཟང་ཞིང་ལྷད་སྐྱོན་མེད་པ། སློབ་གསོའི་ལམ་ཕྱོགས་དང་མཐུན་ལ་དུས་རབས་ཀྱི་སྙིང་སྟོབས་མངོན་པ། མི་རིགས་སློབ་གསོའི་དགོས་མཁོ་དང་མཐུན་པ། སློབ་མའི་བཀླག་པར་སྤྲོ་བའི་ཀློག་དེབ་གསར་སྤེལ་བྱས་ནས་བོད་ཀྱི་སློབ་གསོ་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་འདོན་པའོ། །

བཞི། ལས་གཞིའི་ནང་དོན་ནམ་དཔེ་ཆ།

        བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད་དང་། བོད་ཀྱི་ལྷ་སྒྲུང་དང་གཏམ་རྒྱུད། གནའ་གཏམ། བྱིས་གླུ་སོགས་ཚིག་ཉུང་དོན་འདུས། ཁ་གསལ་གོ་སླ་བའི་སྒོ་ནས་གསར་རྩོམ་བྱེད་པ་དང་། འཛམ་གླིང་གི་ཚན་རིག་མཁས་པའི་ལོ་རྒྱུས་དང་མི་རིགས་གཞན་པའི་ཕུལ་བྱུང་ཀློག་དེབ་འདེམ་བསྒྱུར་བཅས་ཕྱོགས་གསུམ་ནས་བོད་ཀྱི་བྱིས་པའི་ཀློག་དེབ་གསར་སྤེལ་བྱ་བ་དང་། བརྗོད་བྱའི་ནང་དོན་དང་ཕྱིའི་རྣམ་པ་གང་ཐད་ནས་བྱིས་པའི་བློ་ཁ་དང་འཚམ་པ་ཞིག་ཡོང་བར་འབད་པ་བྱ་རྒྱུ།

ལྔ། ལས་གཞིའི་རྩ་འཛུགས་དང་རྩོམ་སྒྲིག་སྒྱུར་སྐྲུན་བྱེད་མཁན།

ལས་གཞི་རྩ་འཛུགས་དང་ཇུས་འགོད་བྱེད་མཁན། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ།
རྩོམ་སྒྲིག་དང་ལོ་ཙཱ། ཞུས་དག་བྱེད་མཁན། ཞིང་ལྗོངས་ལྔའི་སློབ་གྲྭ་དང་། ཞིབ་འཇུག་སྡེ་ཁག་སོགས་ཀྱི་སློབ་གསོའི་ལས་དོན་གཉེར་མཁན་དང་བོད་ཡིག་དགེ་རྒན། ཆེད་ལས་མཁས་པ་གདན་འདྲེན་ཞུས་ཏེ་འགན་བཞེས་པ།
མཉམ་ལས། བོད་ཆོལ་ཁ་གསུམ་གྱི་གཞུང་མིན་ཚོགས་པ་རེར་མཉམ་ལས་བྱས་ཏེ། མི་སྣ་རྩ་འཛུགས་དང་རྩོམ་འབྲི། པར་སྐྲུན། འགྲེམས་སྤེལ་སོགས་བྱེད་པ།

དྲུག སྒྱུར་སྒྲིག་དང་པར་སྐྲུན་བྱ་ཐབས།
༡.མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་རྩ་འཛུགས་དང་མ་དངུལ་ཐག་གཅོད་བྱེད་པ།
༢.ལས་གཞིའི་ཚན་ཆུང་གི་ཁོངས་མིས་རང་གནས་ནས་རྩོམ་འབྲི་དང་སྒྱུར་སྒྲིག་གི་ལས་ཀ་གྲུབ་རྗེས། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་འབྲེལ་ཡོད་མི་སྣ་བསྡུས་ཏེ་གཅིག་གྱུར་ཞུས་དག་གཏན་འབེབས་བྱས་ཏེ་པར་སྐྲུན་བྱ་རྒྱུ།
༣.དཔེ་སྐྲུན་ཁང་དང་མཉམ་ལས་བྱས་ནས་མུ་འབྲེལ་དཔེ་ཚོགས་ཀྱི་རྣམ་པར་བརྟེན་ནས་འགྲེམས་སྤེལ་བྱ་རྒྱུ།
༤.ཞུས་དག་གཏན་འབེབས་བྱས་ཏེ་དང་ལེན་བྱས་རྗེས། འབྲེལ་ཡོད་གཏན་འབེབས་ལྟར་རྩོམ་སྒྲིག་དང་ལོ་ཙཱ། ཞུས་དག རི་མོའི་གླ་ཡོན་ངེས་ཅན་འབུལ་རྒྱུ།
༥.མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་མཉམ་ལས་བྱ་ཡུལ་གྱི་གཞུང་མིན་ཚོགས་པ་བརྒྱུད་དེ་བོད་ཁུལ་གྱི་སློབ་ཆུང་དག་དང་། མཚོ་སྔོན་ཞིང་ཆེན་ཞིན་ཧྭ་དཔེ་ཁང་དང་མཉམ་ལས་བྱས་ནས་ཞིང་ལྗོངས་ལྔའི་བོད་ཁུལ་དུ་འགྲེམས་སྤེལ་བྱེད་པ། དྲ་ཐོག་ནས་མངག་ཉོ་བྱས་ཏེ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་ཐད་ཀར་དཔེ་ཆ་བསྐུར་བ་སོགས་ཐབས་སྣ་ཚོགས་སྤྱད་དེ་ཁྱབ་སྤེལ་བྱ་རྒྱུ།
༦.དཔེ་རིན་གྱི་ཡོང་སྒོ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པར་དབང་ཞིང་བོད་ཡིག་ཀློག་དེབ་ཀྱི་ཆེད་སྤྱོད་མ་དངུལ་གྱི་ཁོངས་སུ་བསྡུས་ཏེ། ཐེངས་གཉིས་པའི་ལས་ཀ་ཐད་སྤྱད་ནས་ཕྱིས་སུ་ཡང་དེ་བཞིན་འཁོར་བསྐྱོད་ཐུབ་པ་བྱ་རྒྱུ།

བདུན། ལག་བསྟར་དུས་ཚོད།
ལོ་འཁོར་གྱི་ལས་གཞིའི་མ་དངུལ་ལྟར་དཔེ་བྱང་དང་གྲངས་ཀ་ཚོགས་ཐོག་ནས་ཐག་གཅོད་བྱ་རྒྱུ། ལོ་རེར་མ་མཐའ་ཡང་དཔེ་ཆ་ཉི་ཤུ་ལེགས་འགྲུབ་ཡོང་བ་བྱ་རྒྱུ།
༡.ཟླ་དང་པོ་ནས་དྲུག་པའི་བར་རྩོམ་འབྲི་དང་ལོ་ཙཱ། རི་མོ་བཅས་འགྲུབ་པ།
༢.ཟླ་དྲུག་པ་ནས་བརྒྱད་པའི་བར་ཞུས་དག་གཏན་འབེབས་བྱེད་པ།
༣.ཟླ་དགུ་པ་ནས་བཅུ་གཅིག་པའི་བར་པར་སྐྲུན་གྱི་ལས་ཀ་ཡོངས་སུ་འགྲུབ་པ།
༤.པར་སྐྲུན་བྱས་རྗེས་དུས་ལྟར་འགྲེམས་སྤེལ་མཛད་སྒོ་སྤེལ་ནས་ས་ཆ་སོ་སོར་འགྲེམས་རྒྱུ།
༥.བླ་སྤྲུལ་དང་སྦྱིན་བདག་ཚོས་མ་དངུལ་གྱི་ཞལ་འདེབས་གནང་ཚེ་དཔེ་ཆའི་སྟེང་མཚན་ཐོ་དགོད་རྒྱུ།

མི་རིགས་ལ་ཤ་ཞེན་ཆེ་ཞིང་མི་རིགས་སློབ་གསོ་ལ་ཐུགས་ཁུར་གནང་མཁན་ཚོས་བརྩེ་གཟིགས་ཀྱི་ཕྱག་ཟུང་རིང་དུ་རྐྱོང་བའི་རེ་སྨོན་དང་བཅས2013ལོའི་ཟླ1བར་ཕུལ།

འབྲེལ་གཏུག་བྱ་ཡུལ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ།
འབྲེལ་གཏུག་མི་སྣ། རིན་ཆེན་སྐྱིད།
འབྲེལ་གཏུག་ཁ་པར། 150 0974 8618

རང་སྡེའི་རིགས་ལ་ཞེན་པ་དཀར་བོའི་མདངས།། རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབས།།
 

ཉེ་བའི་གསར་བསྒྱུར།