ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > སློབ་གསོ། > མི་རིགས་སློབ་གསོ།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་གཞི་རིམ་པའི་སློབ་གསོ་རོགས་སྐྱོར་ཚོགས་པ།

སྤེལ་དུས། 2015-04-10 16:52:15  རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་པ་པོ། ཀུན་ཐར་རྒྱལ།   ཀློག་གྲངས།

444.jpg

མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་གཞི་རིམ་པའི་སློབ་གསོ་རོགས་སྐྱོར་ཚོགས་པ།

   དང་པོ།  ཚོགས་པའི་གནས་ཚུལ་མདོར་བསྡུས།

      གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་ཉིས་སྟོང་བཅུ་ལོའི་ཟླ་དྲུག་པའི་ནང་མི་རིགས་ཀྱི་རིག་གནས་ལ་དུངས་བ་ཟབ་ཅིང་འགན་ཁུར་གྱི་འདུ་ཤེས་ཡོད་པའི་དགེ་རྒན་ཆེ་གཞོན་འགྱུར་མེད་ལགས་ཀྱིས་གཙོ་ཁྲིད་ཀྱི་ནུས་པ་བཏོན་ཅིང་སློབ་གསོའི་མིག་རྒྱང་རིང་ཞིང་སློབ་ཆེན་པའི་འོས་འགན་ཕྲག་ཏུ་འཁུར་ནུས་ལ་ལ་རྒྱའི་དཔུང་བ་སྲོག་རྩར་གྱུར་བའི་བོད་རིགས་སློབ་ཆེན་པ་འགས། སྤྱིར་ན་བོད་ཀྱི་སློབ་གསོ་དང་མི་རིགས་རིག་གནས་ཉམས་རྒུད་དུ་འགྲོ་བ་དང་སྒོས་སུ་མི་རིགས་རང་ཉིད་ཀྱི་སྲོག་རྩར་གྱུར་བའི་སྐད་དང་ཡི་གེ་ཉམས་ཉེན་ཚབས་ཆེན་དུ་འགྲོ་བཞིན་པའི་དཔའ་ལུང་དང་དཔའ་རིས་སོགས་གཙོ་བྱས་པའི་ལུང་བ་དག་ཏུ་བོད་སྐད་ཡིག་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བའི་ལས་འདི་དང་དུ་བླངས་ནས་བཙུགས་པ་ཡིན་ལ། ཚོགས་པ་བཙུགས་ནས་ད་ཕན་བར་ཕྱི་ཕྱོགས་སུ་དང་བླངས་དགེ་རྒན 1057 ལྷག་གིས་གཞི་རིམ་ས་ཁུལ་གྱི་སློབ་མ 6000 ལྷག་ལ་བོད་ཡིག་འབྲི་ཀློག་ནས་སུམ་རྟགས་དག་གསུམ་བར་དུ་སློབ་ཁྲིད་བྱས་པ་དང་། སྔ་ལོ་ནས་ད་དུང་བོད་ཀྱི་སྐོར་བྲོ་གཙོ་བྱས་པའི་རིག་རྩལ་གྱི་སྐོར་ཡང་སློབ་ཁྲིད་ཀྱི་གྲས་སུ་བཞག་ཡོད། སློབ་གྲྭའི་ནང་ཁུལ་དུ་བོད་རིག་པའི་སློབ་གླིང་གི་སློབ་མ་གཙོ་བྱས་བོད་རིགས་སློབ་མ་ཡོངས་ལ་ཕ་སྐད་གཙང་མ་སྨྲ་བ། རང་མོས་བགྲོ་གླེང་དང་དགེ་རྒན་ཆེན་མོ་གདན་ཞུའི་འཆད་ཁྲིད་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་བཞིན་ཡོད། ད་ལྟ་ཚོགས་མི 200 ཙམ་གྱིས་གྲུབ་པའི་སློབ་གྲྭའི་ཚོགས་པ་ཆེས་ཆེན་པོ་ཞིག་ཏུ་གྱུར་ཡོད།

གཉིས་པ། གཞི་རིམ་དུ་བསྐྱོད་པའི་ཤུལ་རྗེས།   1 དུས་ཚོད།
      ལོ་རེའི་དབྱར་གནང་སྐབས་ཀྱི་ཟླ 7 པའི་ཚེས 11 ནས་ཟླ 8 པའི་ཚེས 16 བར་དང་། དགུན་གནང་སྐབས་ཀྱི་ཟླ 12 པའི་ཚེས 1 ནས་ཟླ 3 པའི་ཚེས 1 བར་ཡིན།
   2 སློབ་སྒྲུབ་ས་གནས།
       དཔའ་ལུང་དང་བཀའ་མ་ལོག   བདེ་ཁམས་ལུང་མདོ་སོགས་རྫོང་རིམ་པ་མན་གྱི་སྡེ་བ45 ལྷག (སློབ་སྒྲིབ་ས་གནས་ཆེས་མང་བ2012ལོའི་དགུན་གནང་སྐབས་སུ་སྡེ་བ 68 དང་ཆེས་ཉུང་བ2009 ལོའི་དབྱར་གནང་སྐབས་སུ་སྡེ་བ 18 ཡོད་འདུག ཁྱོན་ད་ལྟའི་བར་སློབ་སྒྲུབ་ས་གནས288ཙམ་དུ་བསླེབས་ཡོད།)
   3 དམིགས་ཡུལ།
       གཅིག་ནས་གཞི་རིམ་ས་ཁུལ་གྱི་རང་རེའི་ཡོད་སྐྱོ་བའི་རིག་གནས་ཉམས་རྒུད་དང་། ཕྱི་རབས་པའི་ཉག་ཕྲ་བའི་རིགས་ཀྱི་འདུ་ཤེས་ལ་དམིགས་པ་དང་། གཉིས་ནས་སློབ་ཆེན་པའི་སྤྱི་ཚོགས་བྱ་བའི་ལག་ལེན་ཐད་ཀྱི་ཉམས་མྱོང་བརྗེ་རེས་དང་། སློབ་ཆེན་ལོ་ངོ་བཞིའི་འཚོ་བ་ཕུན་སུམ་ཚོགས་པ་དང་གྲ་ཇེ་རྒྱས་སུ་གཏོང་ཆེད་ཀྱང་ཡིན།
   4 སློབ་སྒྲུབ་བསླབ་ཚན།
      སློབ་གྲྭ་ཆུང་འབྲིང་གི་ཆུ་ཚད་དང་འཚམས་པའི་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག དེ་མིན་མང་ཚོགས་ཀྱི་ཡིག་རྨོངས་སེལ་བ་སོགས་ཡིན།
   5 གཞི་རིམ་དུ་བསྐྱོད་པའི་ཞིབ་ཕྲའི་གནས་ཚུལ།

དུས་ཚོད།        དང་བླངས་དགེ་རྒན།      ས་གནས།      སློབ་མ།
2009 ལོའི་དབྱར།    30                    18              67
2010 ལོའི་དགུན།    40                    22            142
2010 ལོའི་དབྱར།    50                    37             862
2011 ལོའི་དགུན།    70                    50            1120
2011 ལོའི་དབྱར།    85                    48            1240
2012 ལོའི་དགུན།   110                   68            2157
2012 ལོའི་དབྱར།    107                  45            2312
2013 ལོའི་དགུན།    130                  57            2292
2013ལོའི་དབྱར།       70                   27           1455
2014ལོའི་དགུན།      80                   32            1535
2014ལོའི་དབྱར།      83                    34            1750
2015ལོའི་དགུན།     93                    36            1850
   6 གྲུབ་འབྲས་དང་དཀའ་ངལ།
      སྔ་རྗེས་སུ་ཐེངས 9 ལ་གཞི་རིམ་དུ་བསྐྱོད་པའི་གོ་རིམ་ཁྲོད། ཚོགས་པའི་འཐུས་སྒོ་ཚང་བའི་བཀོད་སྒྲིག་དང་། དང་བླངས་དགེ་རྒན་དག་གི་ངལ་བ་ཁྱད་བསད་ཀྱི་བརྩོན་འགྲུས། གཞི་རིམ་ས་ཁུལ་གྱི་སློབ་མ་དག་གི་རང་གི་རིག་གནས་སྦྱོང་འདོད་ཀྱི་སྐོམ་པ། དེ་མིན་ས་ཁུལ་སོ་སོའི་མང་ཚོགས་རྣམས་ཀྱི་བླ་མེད་རྒྱབ་སྐྱོར་བཅས་ལ་བརྟེན་ནས། སློབ་མ་དག་གི་ཐོག་མའི་དབྱངས་གསལ་འབྲི་ཀློག་གི་གོམ་པ་དང་བོ་སུམ་རྟགས་དག་གསུམ་ལའང་ཅུང་ཙམ་བྱང་ཆ་ཡོད་པའི་གྲུབ་འབྲས་རེག་པ་དང་། དེ་མིན་སྡེ་བ་སོ་སོར་སྔ་ན་མེད་པའི་རིག་རྩལ་འཁྲབ་སྟོན་སོགས་ཀྱང་བྱས།

       ཡིན་ནའང་། གཞི་རིམ་དུ་བསྐྱོད་པའི་གོ་རིམ་ཁྲོད་ཐག་གཅོད་ཐུབ་མིན་གྱི་གནས་ཚུལ་ཅི་རིགས་ཀྱང་བྱུང་ཡོད་དེ། གཞི་རིམ་ས་ཁུལ་སློབ་གསོའི་ཆུ་ཚད་དམན་པ། ཚོགས་པའི་སྟོབས་ཤུགས་ཞན་པ། སློབ་སྒྲུབ་མ་དངུལ་དཀོན་པ་སོགས་ཀྱིས་གཞི་རིམ་ས་ཁུལ་གྱི་ཉམས་རྒུད་དུ་འགྲོ་བཞིན་པའི་སྐད་དང་ཡི་གེ་དུས་ཐོག་ཏུ་སྐྱོབ་པར་དཀའ་ངལ་མི་ཉུང་བར་འཕྲད།
 

ཉེ་བའི་གསར་བསྒྱུར།