ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > སློབ་གསོ། > མི་རིགས་སློབ་གསོ།

《སྙན་ངག་མེ་ལོང་མའི》བོད་འགྲེལ་ཁག་ཅིག་གི་བྱུང་བ་མདོ་ཙམ་བརྗོད་པ།

སྤེལ་དུས། 2015-06-09 09:04:15  རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་པ་པོ། ཡུལ་ལྷ་ཐར་གྱིས་བསྒྲིགས།  ཀློག་གྲངས།

གཅིག 《སྙན་ངག་མེ་ལོང》གི་ངོ་སྤྲོད་མདོ་ཙམ་ཞུ་བ།

  རྒྱ་གར་ནི་གདོད་མ་ནས་ཤེས་རིག་གི་ལོ་རྒྱུས་རིང་ཞིང་འཛམ་གླིང་གི་སྙན་ངག་ཐམས་ཅད་སྐྱེད་བྱེད་ཀྱི་ཕ་ལྟ་བུ་ཞིག་ཡིན་ལ། སློབ་དཔོན་དཎྡིའི《སྙན་ངག་མེ་ལོང་མ》མ་བརྩམས་པའི་ཡར་སྔོན་དུའང་རྒྱ་གར་ལ་སྙན་ངག་གི་གཞུང་འབའ་ཞིག་དར་ཡོད། ཨ་ཁུ་བསྟན་པ་རྒྱ་མཚོས་མཛད་པའི《སྙན་ངག་གི་སྤྱི་དོན་ཚིག་རྒྱན་རིག་པའི་ལྡེ་མིག》ཏུ་མཁས་པ་འདིའི་རྟེན་སའི་གཞུང་ནི། ཆེས་གནའ་སྔ་མའི་དུས་ཀྱི་དྲང་སྲོང་རྒྱས་པས་བརྩམས་པའི་སྙན་ངག་བྷ་ར་ཏ་ཟེར་བ་ཤོ་ལོ་ཀ་འབུམ་ལྷག་ཡོད་པ་དེ་དང་། མེ་བཞིན་འཇུག་གི་བུ་མོའི་སྒོམ་པའི་ཆོས་དང་། གྲོག་མཁར་གྱི་རཱ་མ་ཡ་ནའི་ལོ་རྒྱུས་ཤོ་ལོ་ཀ་འབུམ་ཅན་དང་། མརྐེཎ་ཊེ་ཡས་བྱས་པའི་ཁྱབ་འཇུག་གི་འཇུག་པ་སྟོན་པ་སྔོན་རབས་བཅོ་བརྒྱད་ཟེར་བ་ཤོ་ལོ་ཀ་འབུམ་ལྷག་ཅན་དང་། ཀཱ་ལི་དཱ་པ་སྟེ་ནག་མོ་ཁོལ་གྱི་གཞོན་ནུ་འབྱུང་བ་དང་། ར་མ་ཤ་རྨས་མཛད་པའི་སྙན་ངག་ར་གྷུ་ལྦ་ཤ་ཟེར་བ་ཤོ་ལོ་ཀ་བརྒྱད་ཁྲི་ཡོད་པ་སོགས་པ་བརྟེན་པ་ཡིན། དེ་ཡང་། སློབ་དཔོན་དཎྡིས་གཞུང་འདི་རྩོམ་པའི་ཚེ།ར་མ་ཤ་རྨའི་སྙན་ངག་གཙོ་བོར་བཟུང་། བྷ་ར་ཏའི་སྦྱར་བ་སོགས་བཅུ་བླངས།གཞན་གྱི་ཚིག་དོན་གྱི་སྙིང་པོ་རྣམས་བསྡུས། ཚིག་ཚོགས་ཉུང་བར་ཕྲི། ལྷག་ཆད་ནོར་འཁྲུལ་སྤངས་ཏེ། དོན་ཚང་ཞིང་ཚིག་ཉུང་ངུའི་སྒོ་ནས་བརྩམས་ཡོད་པ་ཞིག་གོ་①ཅེས་གསུངས་བ་ནང་བཞིན་《སྙན་ངག་མེ་ལོང་མ》འདི་ཉིད་ནི་སྔོན་གྱི་རྒྱ་གར་གྱི་སྙན་ངག་ཀུན་གྱི་དོན་འདུས་ཤིང་དཔེ་བརྗོད་ཀྱི་ཚིག་སྦྱོར་ཤིན་ཏུ་གསལ་བའི་སྒོ་ནས་བརྩམས་གྲུབ་གནང་བ་ཞིག་ཡིན་པ་ནི་སྙན་གཞུང་རང་གི་རྩ་ཚིག་ལས"བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་།། སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ།། ཇི་ལྟར་ནུས་བཞིན་བདག་གི་ནི།། སྙན་ངག་དག་གི་མཚན་ཉིད་བྱ།། ②"ཅེས་གསུངས་ཡོད་པ་ལས་ཀྱང་ཤེས་ཐུབ་ལ། སློབ་དཔོན་ཁོང་ཉིད་རྒྱ་གར་གྱི་ཡུལ་ཕྲན་རྒྱལ་པོ་པུ་ལ་ཀེ་ཤ་བྱ་བའི་སྤུན་ཁྱབ་འཇུག་འཕེལ་དང་མཛའ་གྲོགས་སུ་གྱུར་པས་རྒྱལ་པོ་དེའི་རྒྱལ་བུ་དག་གི་ཆེད་དུ་བརྩམས་པ་ཞིག་ཡིན་ནོ།། མེ་ལོང་འདིའི་གཞུང་ཚད་ལ་ལེའུ་དང་པོར་ཤོ་ལོ་ཀ་བརྒྱ་དང་ལྔ། གཉིས་པ་ལ་སུམ་བརྒྱ་དང་རེ་ལྔ། གསུམ་པ་ལ་བརྒྱ་དང་གྱ་དྲུག་སྟེ་བསྡོམས་པས་དྲུག་བརྒྱ་ང་དྲུག་ཡོད་དོ། དེ་དག་ཀྱང་ལུས་དང་རྒྱན་དང་སྐྱོན་བསལ་སྟེ་དོན་གསུམ་གྱིས་བསྡུས་ཡོད།

  གཉིས།《སྙན་ངག་མེ་ལོང་མའི》བོད་འགྲེལ་སྔ་མ་ཁག་གི་བྱུང་བ་མདོ་ཙམ་བཤད་པ།

  ⑴དེ་ཡང་ས་པཎ་ཚང་གི《མཁས་འཇུག》ལས། སྙན་ངག་རྒྱ་གར་ལ་གཙིགས་ཆེ་ཡང་། བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པས③ཞེས་གསུངས་བ་ནང་བཞིན《མཁས་འཇུག་》ནི་བོད་ཀྱི་སྙན་འགྲེལ་ཐོག་མ་དང་། ས་པཎ་ཡར་སྔོན་དུ་བོད་ཀྱི་མཁས་པ་དག་གིས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་སྙན་ངག་གི་གཞུང་ལུགས་ལ་སློབ་སྦྱོང་དང་ཞར་དུ་བོད་རང་གི་གདོད་མའི་རྩོམ་སྲོལ་དང་སྦྱར་ཏེ། སྙན་ངག་མི་ཉུང་བ་ཞིག་བརྩམས་གྲུབ་གནང་ཡོད་ནའང་། སྙན་ངག་ཅི་ལྟར་རྩོམ་ཚུལ་གྱི་རིག་པའི་གཞུང་ལུགས་སྐོར་ལ་དོ་སྣང་བྱས་མྱོང་མེད། ཆོས་རྗེ་ས་པཎ་ཁོང་གིས་ཐོག་མར་སྙན་ངག་ཅི་ལྟར་རྩོམ་ཚུལ་གྱི་རིག་པའི་གཞུང་ལུགས་བོད་དུ་དྲངས་སྟེ། རྩོམ་པ་ལ་འཇུག་ཚུལ་གྱི་བློ་མིག་ཆེས་ཆེར་ཕྱེས་བ་དང་། སྙན་ངག་གི༼རྩོམ་རིག་སྤྱི་ལ་གོ༽གོ་དོན་དང་རྩོམ་ཚུལ། ཁྱབ་ཁོངས་དང་མཚོན་ཚུལ་སོགས་གཞི་རྩའི་ཤེས་བྱ་དག་འཆད་རྩོམ་རྩོད་གསུམ་གྱིས་བསྡུས་པའི《མཁས་འཇུག》ཏུ་ཐོག་མར་བཀོད་ནས་དུས་སྐབས་དེར་བོད་ཀྱི་རྩོམ་སྟེགས་སྟེང་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ནུས་བ་མི་དམན་པ་ཐོན་པ་མ་ཟད། རྒྱན་གྱི་བརྗོད་དོན་དག་ཚིགས་བཅད་ཀྱི་ལམ་ནས་བརྩམས་པ་དེ་དག་གིས་རྗེས་སུ་ཤོང་དཔང་གཉིས་ཀྱིས་སྙན་གཞུང་འདི་བོད་དུ་བསྒྱུར་བའི་གོ་རིམ་ཁྲོད་མཛུབ་སྟོན་གྱི་ནུས་པ་མི་དམན་པ་ཐོན་ཡོད།

  ⑵ཤོང་ལོའི་ས་བཅད་ཀྱི་ཆིངས་ཙམ་དང་། དཔང་ལོས་རཏྣ་ཤྲིའི་རྒྱ་འགྲེལ་གྱི་ཚིག་སྣ་བསྡུས་པའི་གཞུང་བཤད་དཔང་ཊྰིཀ

  ⑶བོད་དུ་བྱུང་བའི་སྙན་འགྲེལ་ཁ་ཚང་གི་ཐོག་མ་སྡེ་བ་རིན་སྤུངས་བའི་སྙན་ངག་འགྲེལ་བ《མི་འཇིགས་སེང་གེ་ང་རོ》

  ⑷བོད་ཀྱི་རིག་གནས་མཐའ་དག་གི་ཁྲིད་རྒྱུན་གྱི་ཁོངས་གཏུག་ས་སྨོན་འགྲོ་ཡབ་སྲས་ཀྱི་ཀྱི་ཁྲིད་རྒྱུན་མངའ་བའི་ཀུན་གཟིགས་ལྔ་བ་ཆེན་མོའི་སྙན་ངག་གི་དཀའ་འགྲེལ《དབྱངས་ཅན་དགྱེས་གླུ》འདི་ནི་སྙན་ངག་མེ་ལོང་གི་དཀའ་གནད་ཁོལ་དུ་ཕྱུང་སྟེ། དེ་ལ་དགག་བཞག་སྤོང་གསུམ་མམ་མཐའ་དཔྱོད་དང་བཅས་པའི་སྒོ་ནས་མཛད་པ་ཞིག་ཡིན།

  ⑸བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་སྙན་ངག་གི་བཤད་སྦྱར《དཎྡིའི་དགོངས་རྒྱན》ནི་སྙན་གཞུང་གི་འགྲེལ་བའམ་དཔེ་བརྗོད་བསྟན་བཅོས《སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས》གང་གི་ཆ་ནས་བལྟས་ཀྱང་སློབ་དཔོན་དབྱུག་པ་ཅན་དང་བསྟུན་ཅི་ཐུབ་བྱས་ནས་མཛད་པ་ཞིག་ཡིན།

  ⑹འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི《དབྱངས་ཅན་ངག་གི་རོལ་མཚོ་》ནི་སྙན་ངག་མེ་ལོང་གི་རྒྱས་འགྲེལ་ལྟ་བུ་ཡིན་པས། རྒྱུན་དུ་ཁམས་སྤྲུལ་སྙན་འགྲེལ་ཆེན་མོ་ཞེས་བརྗོད་གི་ཡོད་པ་དང་། འདི་ནི་སི་ཏུ་པཎ་ཆེན་ཚང་གི་ཁྲིད་རྒྱུན་རྨ་མེད་པ་ཉིད་ཡིན་ལ།བོད་དུ་ཧ་ཅང་གཙིགས་ཆེན་གནང་གི་ཡོད།

  ⑺འཇུ་མི་ཕམ་ཚང་གི《དབྱངས་ཅན་དགྱེས་པའི་རོལ་མཚོ》ནི་ཁམས་སྤྲུལ་སྙན་འགྲེལ་ཆེན་མོའི་རྩོད་སྤོང་དང་མཐའ་དཔྱོད་སྐོར་བླངས་རྗེས། སྤྱི་དོན་གྱི་ཚུལ་དུ་མཛད་པ་ཞིག་ཡིན།

  གསུམ། བཅིངས་འགྲོལ་རྗེས་ཀྱི་སྙན་འགྲེལ་ཁག་ཅིག་གི་དྱུང་བ་མདོ་ཙམ་ཞུ་བ།

  ⑴ཨ་ལགས་དམུ་དགེ་ཚང་གི《ཡང་གསལ་སྣང་མཛོད》འདི་ཉིད་ནི། ཐོག་མར་ཀུན་གཟིགས་ལྔ་བ་ཆེན་མོས་མཛད་པའི《དབྱངས་ཅན་དགྱེས་གླུ》ལ་ཀུན་མཁྱེན་འཇམ་དབྱངས་བཞད་པས་དོན་འགྲེལ་གྱི་ཚུལ་དུ《དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན》ཞེས་པ་ཞིག་མཛད་ཡོད་པ་དེ་བསྐྱར་དུའམ་ཡང་དུ་གསལ་བར་བྱེད་པའི་ཆེད་དུ་བརྩམས་པ་ཞིག་ཡིན། སྙན་འགྲེལ་འདིའི་དཔེ་བརྗོད་ནི་རྗེ་གུང་ཐང་རིན་པོ་ཆེས་རྩོམ་འཕྲོ་ཅན་དུ་ལུས་ཡོད་པ་དེར་ཨ་ལགས་ཁོང་གིས་ཁ་བསྐང་ནས་བརྩམས་གྲུབ་གནང་བ་ཞིག་ཡིན་པས། བསྟན་བཅོས་འདིར་མཁས་པ་གསུམ་གྱི་མཁྱེན་དཔྱོད་ཀྱི་རྩལ་འདུས་ཡོད།

  ⑵ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི《སྙན་ངག་མེ་ལོང་གི་སྤྱི་དོན་སྡེབ་ལེགས་རིག་པའི་འཆར་སྒོ》ནི་སྙན་འགྲེལ་སྔ་མ་མཐའ་དག་གི་འགངས་འདུས་ཤིང་། རྒྱས་བསྡུས་འཚམ་པ། གདུལ་བྱའི་བློ་ཁ་དང་རན་པར་མ་ཟད། དུས་རབས་ཀྱི་ཁྱད་ཆོས་ལྡན་ཞིང་རིག་གནས་གསར་བའི་འཕེལ་ཁ་མཚོན་པའི་དཔེ་བརྗོད་ཀྱི་ཟུར་བརྒྱན་ཡོད། གཞན་ཡང་སྙན་ངག་གི་གོ་དོན་ལ་སོགས་པ་འགྲེལ་དུས་སྔོན་ཆད་ཀྱི་སྒོམ་གཞི་ལས་ཆེས་ཆེར་བརྒལ་ཏེ། གསར་གཏོད་ཀྱི་ཆ་དང་ལྡན་པའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད་པས། དམ་པ་ཁོང་ཉིད་ཀྱི་མཁྱེན་དཔྱོད་ཀྱི་མིག་རྒྱང་དང་རིག་གཞུང་གི་བསམ་བློ་མཚོན་ཡོད།

  ⑶མཁས་པའི་དབང་པོ་་དུང་དཀར་བློ་བཟང་འཕྲིན་ལས་ཚང་གི《ཚིག་རྒྱན་རིག་པའི་སྒོ་འབྱེད》ནི་དམ་པ་ཁོང་ཉིད་སྤྱི་ལོ1962ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་ཁྲིད་བྱེད་སྐབས་ཀྱི་ཁྲིད་གཞིའི་ཟིན་བྲིས་ལྟ་བུ་ཞིག་ཡིན་ཞིང་། ཁོང་གིས་སྔོན་གྱི་མཁས་པ་དག་གིས་མཛད་པའི་སྙན་དག་གི་འགྲེལ་བ་དང་དཔེ་བརྗོད་གོ་དཀའ་དག་དུས་རབས་ཀྱི་སློབ་མ་དག་གི་བློ་ཁ་དང་འཚམ་པར་གོ་བདེར་འགྲེལ་ཞིང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་མཚོན་ཐུབ་པའི་དཔེ་བརྗོད་ཀྱི་ཁ་བསྐང་ཡོད། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་བའི་གླུ་མགུར་དང་དམངས་གཞས་སོགས《སྙན་ངག་མེ་ལོང》གི་གོ་དོན་དང་སྦྱར་ཏེ་བོད་པའི་སྲོལ་རྒྱུན་སྙན་ངག་གི་ཆོ་ལོ་སྤྲད་དེ་སྙན་འགྲེལ་དུ་བཀོད་ཡོད།

  བཞི། མཇུག་བསྡུ་བ།

  རིག་ཚན་གང་ཞིག་དང་གཞུང་ལུགས་གང་ཞིག་མི་རིགས་ཅན་དུ་འགྱུར་བ་ལ་དཀའ་ཚེགས་ཀྱི་ལོ་ཟླ་གང་མང་ཞིག་བརྒྱུད་དགོས་བ་དང་། 《སྙན་ངག་མེ་ལོང་མ》ར་མཚོན་ནའང་ལོ་རྒྱུས་གོ་རིམ་ངེས་ཅན་ཞིག་བརྒྱུད་པ་མ་ཟད། བོད་ཀྱི་མཁས་དབང་མང་པོ་ཞིག་གིས་དུས་སྔ་ཕྱི་གཉིས་ཀྱིས་བཙོ་སྦྱང་དང་བརྩད་ཞིབ་བྱས་མཐར་བོད་གྱི་ཁྱད་ཆོས་དང་ལྡན་པའི་སྙན་ངག་གི་གཞུང་ལུགས་ཅིག་ཏུ་བསྒྱུར་བ་ཡིན་ནོ།།

  ལུང་ཁུངས།

  ①《སྙན་ངག་གི་སྤྱི་དོན་ཚིག་རྒྱན་རིག་པའི་ལྡེ་མིག》བསྟན་པ་རྒྱ་མཚོ།ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་།ཤོག་ངོས༢སྟེང་གསལ།1980ལོའི་ཟླ7པར་པར་གཞི་དང་པོ།

  ②《སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་བ་བཞུགས་སོ》བོད་མཁས་པ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས༡གི་སྟེང་གསལ།2004 ལོའི་ཟླ 12བའི་པར་གཞི་གསུམ་པ།
       ③《མཁས་པ་འཇུག་པའི་སྒོ》ས་པཎ་ཀུན་དགའ་རྒྱལ་མཚན།མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས་༧༤སྟེང་གསལ།1981 ལོའི་ཟླ6བའི་པར་གཞི་དང་པོ།

ཚེ་རིང་ཐར། མཚོ་ལྷོ།

ཉེ་བའི་གསར་བསྒྱུར།