ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > སློབ་གསོ། > མི་རིགས་སློབ་གསོ།

བོད་ཀྱི་རྩིས་རིག་དྲ་ཚིགས་ཐོག་མ།རྩིས་རིག་ཤེས་བྱའི་སྡོང་པོའི་དྲ་ཚིགས་ངོ་སྤྲོད་མདོར་བསྡུས།

སྤེལ་དུས། 2015-09-05 21:13:55  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།  ཀློག་གྲངས།


པར་རིས་འདི་ནི་དྲ་རྒྱ་ལས་བཏུས།

༢༠༡༡ ལོའི་ཟླ་བ་ ༡ པོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག་གི་དགེ་རྒན་ལྷག་པ་ཚེ་རིང་ནས་རྩིས་རིག་ཤེས་བྱའི་སྐོར་གྱི་བོད་ཡིག་དྲ་ཚིགས་ཞིག་བཟོ་རྒྱུའི་གྲོས་འགོ་བཏོན་ནས་མ་དངུལ་བཏང་བ་དང་སྐབས་དེར་བོད་ལྗོངས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་སློབ་མ་བཀྲ་ཤིས་ཕུན་ཚོགས་ཀྱིས་ལག་རྩལ་འགན་འཁུར་བྱས་ནས་དྲ་ཚིགས་བཟོ་འགོ་བརྩམས།


༢༠༡༥ ལོར་wordpress ལག་རྩལ་བེད་སྤྱད་ནས་ཐེངས་གསུམ་པའི་རྩིས་རིག་ཤེས་བྱའི་སྡོང་པོའི་དྲ་ཚིགས་བསྒྱུར་བཅོས་བྱས། ད་བར་དྲ་ཚིགས་སུ་ཁྱོན་བསྡོམས་པས་རྩོམ་ཡིག་༡༠༩ དང་མཆན་བུ་༢༢ཙམ་ཡོད།
ཤེས་བྱ་ཀུན་ལ་བདེ་བར་འཇུག་འདོད་ན་ངེས་པར་རང་གི་སྐད་དང་ཡི་གེའི་ལམ་བུ་བདེ་མོ་དེར་བརྟེན་དགོས་པ་ནི་ཆེས་ཁ་གསལ་ཞིང་གོ་བདེ་བའི་སློབ་གསོའི་རྩ་བའི་ཆོས་ཉིད་ཅིག་ཡིན། དེས་ན་རྩིས་རིག་ཤེས་བྱའི་སྡོང་པོའི་དམིགས་ཡུལ་ནི་རང་གི་སྐད་དང་ཡི་གེ་ནས་སྟོན་པའི་རྩིས་རིག་(གྲངས་རིག་)གི་རིན་མེད་རིག་མཛོད་ཅིག་བཟོ་སྐྲུན་བྱ་རྒྱུ་དེ་ཡིན།


དམིགས་ཡུལ་ཆེན་པོ་འདི་ལྟ་བུ་ཞིག་བསྒྲུབ་པར་ང་ཚོ་ཚང་མ་ཐུན་མོང་གིས་ཕྱར་བ་གྲུ་འདེགས་དང་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་ལས་དེ་མིན་མི་སྣ་རེ་འགའ་བས་ནི་བྱ་ཐབས་མེད། དེར་བརྟེན་ངེད་རྩིས་རིག་ཤེས་བྱའི་སྡོང་པོ་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་དང་ལྷག་པར་དུ་རྩིས་རིག་སློབ་སྦྱོང་དང་འཆད་ཁྲིད་ལ་འཇུག་བཞིན་པ་དང་ཡང་ན་དེ་ཕྱོགས་ལ་ཉམས་མྱོང་ཡོད་པའི་སློབ་མ་དང་དགེ་རྒན་རྣམ་པ། དེ་བཞིན་བྱ་བ་འདིར་ཐུགས་ཁུར་གནང་མཁན་ལྷན་རྒྱས་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་རོགས་ཞུ་ཞུ། བཀའ་དྲིན་ཆེ།


གཤམ་གསལ་གང་རུང་དང་འབྲེལ་བ་ཡོད་པའི་ནང་དོན་བསྐུར་ཆོག
༡ སྤྱིར་རྩིས་རིག་(གྲངས་རིག་)ལ་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད་ཅིང་ཚང་མས་ལོངས་སུ་སྤྱད་ཆོག་པ་ཞིག་ཡིན། འོན་ཀྱང་སྔོན་དུས་ནི་དེ་འདྲ་ཞིག་མ་ཡིན་པར་མི་རིགས་སོ་སོར་གང་དེའི་དོན་དངོས་དགོས་མཁོ་དང་བསྟུན་ནས་རྩིས་རིག་གི་ལག་ལེན་དང་བྱུང་བ་རེ་ཡོད། སྔོན་བྱུང་བོད་ཀྱི་རྩིས་རིག་རྒྱུད་འཛིན་དང་བེད་སྤྱོད་གང་མཚམས་བྱ་རྒྱུ་ནི་གལ་ཆེ་བས་འབྲེལ་ཡོད་ཡིག་ཆ་དང་ཉམས་ལེན་སོགས་གནང་རོགས།
༢ དགེ་སློབ་ལྷན་རྒྱས་ནས་སོ་སོ་དང་ཉེ་འཁོར་དུ་ཡོད་པའི་རྩིས་རིག་སློབ་སྦྱོང་དང་འཆད་ཁྲིད་ཐད་ཀྱི་ཉམས་མྱོང་རྩོམ་ཡིག་དང་སྒྲ་ཕབ། བརྙན་ཕབ་སོགས་གང་མང་གནང་རོགས། རྩིས་རིག་ལ་འཇུག་པར་དེ་ནི་ལམ་སྟོན་སྒྲོན་མེ་རང་ཡིན།
༣ རང་སོ་སོའི་བློ་གྲོས་ཀྱི་རྩལ་དང་རྒྱུ་འབྲས་རིག་འདེད་ཀྱི་ཆོས་ཉིད་ལ་བརྟེན་ནས་ཐོབ་པའི་རྩིས་རིག་ཤེས་བྱ་སླར་རམ་གསར་དུ་རྟོགས་པར་བྱས་པའི་བརྒྱུད་རིམ་དང་ཐབས་ཤེས། བསམ་བློ་སོགས་ནི་མཆོག་ཏུ་གྱུར་པས་དེ་ཕྱོགས་ལ་དགོངས་བཞེད་ཡོད་ན་ཅི་ནས་ཀྱང་གནང་རོགས།
༤ ལྷན་རྒྱས་ནས་འཛམ་གླིང་འདིར་ད་ཡོད་རྩིས་རིག་(གྲངས་རིག་)གི་ཤེས་བྱ་སྤྱི་དང་འབྲེལ་ཡོད་ཀྱི་སྒྱུར་རྩོམ་དང་ཕྱོགས་སྡུད་སོགས་ནི་རིག་མཛོད་ཀྱི་ནང་དོན་མང་ཆེ་བ་ཡིན་དགོས་པས་ཤུགས་ཆེན་གང་མང་གནང་རོགས་ཞུ།
༥ འཛམ་གླིང་སྤྱིར་ད་ཡོད་རྩིས་རིག་སློབ་གསོ་དང་འབྲེལ་ཡོད་ཀྱི་ལེགས་ཆ་རྣམས་ནི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ལྟ་བུ་ཡིན་པས་དེ་ཐད་ཀྱི་ཕབ་བསྒྱུར་མང་ཙམ་གནང་བར་ཞུ།
༦ གལ་ཏེ་མཁས་དབང་རྣམ་པ་ལྷན་རྒྱས་ནས་སོ་སོས་རྩོམ་སྒྲིག་བྱས་པའི་རྩིས་རིག་དཔེ་དེབ་དང་དེ་བཞིན་གོ་བདེ་བའི་འཛམ་གླིང་གྲངས་ཅན་རྩིས་རིག་དཔེ་དེབ་སོགས་སྒྱུར་རྩོམ་གནང་བ་ཡོད་ན་ངེད་དྲ་རྒྱ་ནས་ཤུགས་ཆེན་དགའ་བསུ་ཞུ་རྒྱུ་ཡིན།


རྩིས་རིག་སྐོར་ལྷག་པ་ཚེ་རིང་དང་འབྲེལ་བ་གནང་རོགས། ཡིག་སྒམ། olobo@qq.com
དྲ་རྒྱའི་ལག་རྩལ་སྐོར་བཀྲ་ཤིས་ཕུན་ཚོགས་དང་འབྲེལ་བ་གནང་རོགས། ཡིག་སྒམ། pingcuo725@163.com

གསལ་བསྒྲགས།
རྩིས་རིག་ཤེས་བྱའི་སྡོང་པོར་འབྱོར་བའི་ནང་དོན་ཚང་མ་འདིར་ཉར་ཚགས་བྱ་ཞིང་ཀློག་པ་པོར་རིན་མེད་མཁོ་འདོན་བྱ་བ་ལས་མཐའ་མའི་བདག་དབང་ཚང་མ་རྩོམ་པ་པོ་རང་ཉིད་ལ་ཡོད། བདག་དབང་གཞན་དུ་ཡོད་པའི་རྩོམ་ཡིག་ཀྱང་འདིར་ལུགས་མཐུན་གྱིས་བརྒྱུད་སྤེལ་བྱས་ཆོག གལ་ཏེ་སྒྱུར་རྩོམ་རིགས་ཡིན་ན་ངེས་པར་རྩོམ་པ་པོ་དང་ཡོང་ཁུངས་གསལ་པོར་ཁོད་རོགས།

བཀའ་དྲིན་ཆེ་ཞུ།


རྩིས་རིག་ཤེས་བྱའི་སྡོང་པོའི་དྲ་ཚིགས་འགན་འཁུར་བ་ལྷག་པ་ཚེ་རིང་ནས།

 

ཉེ་བའི་གསར་བསྒྱུར།