ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > སློབ་གསོ། > མི་རིགས་སློབ་གསོ།

དྲ་ཐོག་སློབ་ཁྲིད་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་བསམ་འཆར་འགའ།

སྤེལ་དུས། 2020-03-15 20:49:35  རྩོམ་ཁུངས། དྲ་རྒྱ་ལས་བཏུས།  རྩོམ་པ་པོ། ལྷ་ས་གྲོང་ཁྱེར་སློབ་གསོ་ཞིབ་འཇ  ཀློག་གྲངས།

  ཉེ་དུས་ཀྱི་དུས་སྐབས་འདིའི་རིང་ཏོག་དབྱིབས་གསར་པའི་ནད་དུག་གློ་ཚད་ཀྱི་རིམས་ནད་ཀྱིས་རྐྱེན་པས་སློབ་གྲྭ་ཕལ་ཆེ་བ་ཞིག་དང་དགེ་རྒན་མང་པོ་ཞིག་གིས་དྲ་ཐོག་ཏུ་སློབ་ཚན་འཁྲིད་འགོ་བཙུགས་པ་དང་། ལྷག་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཀྱང“སློབ་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་མི་འཇོག”པའི་སྙིང་དོན་བཞིན། གྲོང་ཁྱེར་དང་ས་གནས་ཁག་གི་སློབ་གསོ་ཅུད་ཀྱིས་སློབ་གྲྭ་དང་ལོ་རིམ། འཛིན་གྲྭ་སོ་སོ་ཁག་བགོས་ཀྱིས་དམིགས་བསལ་དུས་སྐབས་འདིར་དྲ་ཐོག་སློབ་ཁྲིད་སྒྲིག་འཛུགས་བྱེད་མགོ་བརྩམས་ཤིང་ད་ལྟ་སློབ་ཆུང་ལོ་རིམ་དང་པོ་ནས་རྩིས་པའི་མཐོ་འབྲིང་དང་སློབ་གྲྭ་ཆེན་མོ་ཁག་གིས་སློབ་ཁྲིད་བྱེད་མུས་ཡིན་ལ། དེའི་ཐད་སློབ་ཐོན་འཛིན་གྲྭའི་དགེ་རྒན་དང་སློབ་ཕྲུག དེ་བཞིན་ཕ་མ་ཡོངས་ལ་སྐབས་ཐོག་གནད་སྨིན་གྱི་ཕན་པ་ཆེན་པོ་ཐོབ་ཐུབ་པ་ཞིག་བྱུང་ཡོད་ལ། སློབ་གྲྭ་དང་དགེ་རྒན་གྱི་བྱ་ཐབས་དེ་ཧ་ཅང་ཡག་པོ་ཡོད་པ་དང་ཁས་ལེན་བྱེད་འོས་པ་ཞིག་ཡིན་མོད། འོན་ཀྱང་གུས་པས་ཉེ་ཆར་གྱི་རིང་ཉིན་ལྟར་དྲ་ཐོག་སློབ་ཁྲིད་ལ་སློབ་སྦྱོང་དང་སློབ་ཚན་ཉན་པ་བརྒྱུད་ནས་ཤེས་རྟོགས་དང་མྱོང་བ་བྱུང་བར། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དྲ་ཐོག་སློབ་ཁྲིད་ཀྱི་སྤུས་ཚད་ནི་མཐོ་དམན་མི་སྙོམས་པ་ཞིག་འདུག་ལ། དགེ་རྒན་མང་ཆེ་བའི་སློབ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་དེ་ཙམ་ཞིག་ཐོན་ཐུབ་པ་མི་འདུག་པར་སྙམ་པས།གནས་ཚུལ་དེ་རིགས་ལ་གཞིགས་ཏེ་འདིར་གུས་པས་དགེ་རྒན་གཞན་གྱིས་དྲ་ཐོག་སློབ་ཁྲིད་བྱེད་པའི་ཉམས་མྱོང་བསྡུ་སྒྲིལ་བྱས་ཏེ་དྲ་ཐོག་སློབ་ཁྲིད་ཀྱི་ཕྱག་ལས་ལ་དཀའ་ལས་གནང་བཞིན་པའི་དགེ་རྒན་ཚོར་རང་བསམ་གྲོས་འགོའམ་བསམ་ཚུལ་ཁག་དྲུག་བཏོན་པར་འདོད་དེ། བེད་སྤྱོད་གཏོང་བཞིན་པའི་མཉེན་ཆས(ལྷ་སའི་གྲོང་ཁྱེར་གྱིས་སྤྱོད་བཞིན་པའི་ཏིང་ཏིང་ལྟ་བུ)བཀོལ་སྤྱོད་ཀྱི་བརྒྱུད་རིམ་དང་དེ་བཞིན་མཉེན་ཆས་དེའི་ནུས་པར་རྒྱུས་མངའ་ཡོད་པ་བྱེད་དགོས་པ་དང་། གནད་ལ་འཁེལ་བའི་དྲ་ཐོག་སློབ་ཁྲིད་ཀྱི་འཆར་གཞི་བཟོ་དགོས་པ་མ་ཟད། སློབ་མར་སྔོན་ལ་བརྡ་ཐོ་གཏོང་དགོས་པ་དང་། ངེས་པར་དུ་སྨྱན་ཆས་བཟོ་དགོས། སློབ་ཁྲིད་བརྒྱུད་རིམ་བཅས་སློབ་མ་དང་མཉམ་འགུལ་བྱ་རྒྱུར་དོ་སྣང་བྱེད་དགོས་པ། རང་ཉིད་ཀྱི་སློབ་ཁྲིད་སྐད་ཆ་ལ་དོ་སྣང་བྱེད་དགོས་པ། རང་ཉིད་ཀྱི་གཟུགས་བརྙན་ལ་དོ་སྣང་བྱེད་དགོས་པ་བཅས་དྲུག་དེ་ཡིན།

  ༡ བཀོལ་སྤྱོད་བྱེད་པའི་མཉེན་ཆས་ཀྱི་བཀོལ་སྤྱོད་བརྒྱུད་རིམ་དང་མཉེན་ཆས་དེའི་བྱེད་ནུས་ལ་རྒྱུས་མངའ་ཡོད་དགོས།

  དོན་འདི་ཕལ་ཆེར་བཤད་དགོས་དོན་མི་འདུག་སྟེ། ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་མཉེན་ཆས་ཁག་བེད་སྤྱོད་ལེགས་གཏོང་ཐུབ་པ་མ་ཟད་དགེ་རྒན་རྣམས་ཀྱིས་དེའི་དགེ་སྐྱོན་ཡོངས་སུ་རྟོགས་ནས་འདུག དེ་ཡང་། ཁུང་ཙིས་གསུངས་པའི་ལེགས་བཤད་གྲགས་ཅན་འདི་ལྟར་ཏེ།“གཡུལ་ལས་རྣམ་པར་རྒྱལ་འདོད་ན།།ཐོག་མར་མཚོན་ཆ་རྣོན་པོ་དགོས། །ཞེས་གསུངས་པ་ལྟར། དགེ་རྒན་ཚང་མས་སློབ་ཁྲིད་མ་བྱས་གོང་གི་གྲ་སྒྲིག་ལ་གཞིགས་ནས་བཤད་ན། དགེ་རྒན་ཚང་མས་དེ་ལྟར་བྱས་ཡོད་པ་འདྲ། འོན་ཀྱང་། དོན་དངོས་ཀྱི་གནས་ཚུལ་ཅི་ཡིན་ཞེ་ན། འདིར་གུས་པས་ཉིན་འགའ་ཞིག་ལ་རྒྱུས་ལོན་བྱུང་བའི་གནས་ཚུལ་ལ་བལྟས་ན། དགེ་རྒན་མང་པོ་ཞིག་གིས་སློབ་ཁྲིད་ཀྱི་མཉེན་ཆས་བཀོལ་སྤྱོད་བྱེད་པའི་སྐབས་སུ། དེའི་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ལ་གདེང་ཚོད་ངེས་ཅན་ཞིག་ཡོད་པ་དང་། མཉེན་ཆས་དེའི་བྱེད་ནུས་ཀྱི“རྒྱུན་སྤྱོད་ཕན་ནུས་ངོ་མ་དེ་བེད་སྤྱོད་མ་གནང་བ”དེ་ཡིན། དྲ་ཐོག་ཏུ་སློབ་ཁྲིད་བྱེད་མྱོང་བའི་དགེ་རྒན་ཞིག་ཡིན་ཕྱིན་ཚང་མས་ཤེས་གསལ་ལྟར། མཉེན་ཆས་བཀོལ་སྤྱོད་བྱེད་པའི་གོ་རིམ་ནི་སློབ་ཁྲིད་བྱེད་མཁན་ལ་ཆེས་གཞི་རྩར་གྱུར་པའི་མཉེན་ཆས་དེ་བཀོལ་སྤྱོད་བྱེད་པའི་གོ་རིམ་ཞིག་འདོན་སྤྲོད་བྱས་པ་དང་། སློབ་ཁྲིད་བྱེད་མཁན་གྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སློབ་ཚན་གྱི་སྤུས་ཚད་མཐོ་རུ་གཏོང་འདོད་ཚེ་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཁོ་ནར་བརྟེན་ན་མི་འགྲིགའོ་ན། གང་ལ་བརྟེན་དགོས་ཤེ་ན། དེ་ནི་མཉེན་ཆས་ཀྱི་འབྲེལ་ཡོད་ནུས་པར་བརྟེན་ནས་དེའི་རྒྱུན་སྤྱོད་ཕན་ནུས་ལ་ཆ་རྒྱུས་ཡོད་དགོས།མཉེན་ཆས་ཀྱི་འབྲེལ་ཡོད་བྱེད་ལས་ལ་ཆ་རྒྱུས་ཡོད་ན། ད་གཟོད་མཉེན་ཆས་ཀྱི་བྱེད་ལས་འདི་དག་ལ་བརྟེན་ནས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་ཐུབ། དེ་ལྟར་མ་བྱས་ན་གཞི་རྩའི་ཐོག་གང་བྱུང་མང་བྱུང་བྱེད་པ་དང་གཅིག་པ་རེད། དཔེར་ན། དེང་སང་དགེ་རྒན་གྱིས་འཆད་ཁྲིད་རྐྱང་པའི་སློབ་ཁྲིད་ཀྱི་རྣམ་པ་ཙམ་ལས་སློབ་མའི་ནུས་པ་དངོས་སྦྱོང་བརྡར་ལ་ཕན་པའི་སྦྲེལ་མཐུད་དྲི་བ་འདྲི་བ་དང་། བོད་ཡིག་སློབ་ཚན་གྱི་མིང་བརྡ་ཐ་སྙད་འབྲི་སྐབས་སློབ་ཕྲུག་གིས་སྐད་ཡིག་གཞན་གྱི་ཐོག་ནས་འབྲི་བར་ཡོ་བསྲང་སྐྱོན་སེལ་སློབ་སྟོན་མེད་པ་ལྟ་བུ་རེད་སྙམ།

  ༢གནད་ལ་འཁེལ་བའི་དྲ་ཐོག་སློབ་ཁྲིད་ཀྱི་འཆར་གཞི་བཟོ་དགོས་པ་དང་འབྲེལ་སྔ་སྣུར་དུ་སློབ་མར་བརྡ་ཐོ་གཏོང་དགོས།

  དྲ་ཐོག་ནས་སློབ་ཁྲིད་བྱེད་སྐབས་སྤུས་ཚད་མཐོ་རུ་གཏོང་དགོས་ཤིང་། ད་དུང་དགེ་རྒན་ཞིག་གིས་སློབ་ཁྲིད་མ་བྱས་གོང་ལ་ངེས་པར་དུ་ལས་ཀ་འགའི་གྲ་སྒྲིག་བྱེད་དགོས། ལས་ཀ་དེ་ནི་གནད་ལ་འཁེལ་བའི་དྲ་ཐོག་སློབ་ཁྲིད་ཀྱི་འཆར་གཞི་ཞིག་བཟོ་དགོས་པ་མ་ཟད། ཉིན་གཉིས་ཀྱི་སྔོན་ལ་སློབ་མར་སྤྲོད་རྒྱུ་དེ་རེད།(སློབ་དེབ་གསར་པ་ལག་འབྱོར་ཐུབ་མེད་པའི་སློབ་མ་དག་ལ་ཕན་པ་ཆེ)འདི་ལྟར་བྱས་ན་ད་གཟོད་སློབ་མས་ངེས་པར་དུ་འགྲུབ་དགོས་པའི་ལས་བྱ་ཡོངས་འགྲུབ་བྱེད་ཐུབ་པ་དང་།ངེས་པར་དུ་གྲ་སྒྲིག་བྱེད་དགོས་པའི་དངོས་པོ་གྲ་སྒྲིག་ལེགས་པོ་བྱེད་ཐུབ། དེ་ལྟར་མ་བྱས་ན་དྲ་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་དེ་ཕལ་ཆེར་ཟང་ཟིང་དུ་གྱུར་བའི་ཉེས་སྐྱོན་ཡོད།

  ༣ངེས་པར་དུ་སྨྱན་ཆས་བཟོ་དགོས།

  འདིར་དགེ་རྒན་རྣམ་པ་ཚོས་ཐོག་མར་གསལ་པོར་ཤེས་དགོས་པ་ཞིག་ནི། དྲ་ཐོག་སློབ་ཁྲིད་ནི་སློབ་ཁྲིད་ཡིན་པ་དང་། རང་ཉིད་ཀྱི་སློབ་མར་སློབ་ཁྲིད་བྱེད་པ་ཡིན། དེ་ནི་རིག་གཞུང་སྙན་ཞུ་དང་རིག་གཞུང་འཆད་ཁྲིད་མིན། དེར་བརྟེན། དགེ་རྒན་གྱིས་སློབ་ཁྲིད་བྱེད་པར་སྣེ་གཅིག་ཁོ་ནར་བརྟེན་མི་རུང་། དགེ་རྒན་གྱིས་སློབ་ཁྲིད་བྱེད་པར་ངེས་པར་དུ་སློབ་ཁྲིད་ཡིག་ཆ་ཡོད་དགོས། དོན་སྙིང་འདིའི་སྟེང་ནས་ང་ཚོས་སློབ་ཁྲིད་ཀྱི་ཡིག་ཆ་མེད་ན་སློབ་ཁྲིད་ལ་ནུས་པ་མེད་ཅེས་བཤད་ཆོག pptཤོག་ལྷེ་གསུམ་བཞི་ཙམ་ལས་མེད་ཀྱང་ལུགས་མཐུན་གྱི་འཁྲིད་བྱའི་ནང་དོན་དང་། སློབ་མས་ལེན་འདེབས་སྦྱང་བྱ་ཁ་གསལ་སྟབས་བདེ་དགོས་ཁར། སྐད་ཡིག་རྨང་གཞི་ཅུང་ཞན་པའི་སློབ་མར་རྒྱུས་མངའ་ཡོད་པར་དེ་དག་གི་མཚན་བཏོན་དགེ་སློབ་བརྙན་མཐུད་ཀྱིས་དྲ་ཐོག་ནས་དྲི་བ་དྲིས་པ་དང་དེར་ལན་འདེབས་སུ་བཅུག་ན་ཕན་པ་ངེས་པར་ཐོན་སྲིད་སྙམ།

  ༤སློབ་ཁྲིད་ཀྱི་གོ་རིམ་ཁྲོད་སློབ་མ་དང་འབྲེལ་འདྲིས་བྱེད་པར་དོ་སྣང་བྱེད་དགོས།

  དྲ་ཐོག་ནས་སློབ་ཁྲིད་བྱེད་པ་ནི་རྟོག་བཟོའི་རང་བཞིན་ནམ་འཆར་ཡན་རང་བཞིན་གྱི་སློབ་ཁྲིད་ཀྱི་ཁོར་ཡུག་ཅིག་ཡིན་པས།དགེ་རྒན་དང་སློབ་མ་ཕན་ཚུན་ངོ་ཐུག་གདོང་འཕྲད་ཀྱིས་ཐད་ཀར་འབྲེལ་འདྲིས་བྱེད་མི་ཐུབ་མོད། འོན་ཀྱང་སློབ་ཁྲིད་ཀྱི་མཉེན་ཆས་ཕལ་ཆེ་བར་དགེ་སློབ་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ནུས་པ་ཡོད་པས།དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་སུ་ངེས་པར་དུ་བྱེད་ནུས་འདི་རིགས་ལ་རྒྱུས་ལོན་བྱེད་དགོས་པར་མ་ཟད། བཀོལ་སྤྱོད་ལེགས་པོ་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་སློབ་ཁྲིད་ལ་སྤྲོ་སྣང་སྐྱེ་ཐུབ་པ་དང་། སློབ་ཁང་དུ་སློབ་ཁྲིད་བྱས་ན་ད་གཟོད་སློབ་མའི་དོན་དངོས་དང་འབྲེལ་མཐུད་དམ་ཟབ་བྱེད་ཐུབ་མ་ཟད། དགེ་རྒན་གྱིས་སློབ་ཕྲུག་གི་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཤེས་རྟོགས་ཐུབ་ལ། དེས་སློབ་ཚན་ཇི་ལྟར་ཉན་གྱི་ཡོད་མེད་རོབ་ཙམ་ཞིག་རྟོགས་ཐུབ། དེ་ལྟར་མིན་ཚེ་སྣེ་གཉིས་སུ་གྱེས་པའི་སྣང་ཚུལ་འབྱུང་སྲིད་པ་སྟེ། ཕྱོགས་གཅིག་ནས་དགེ་རྒན་གྱིས་བཤད་པ་དེར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པའི་རྣམ་པ་ཙམ་ཞིག་དང་། ཕྱོགས་གཞན་ཞིག་ནས་སློབ་མ་ཚོ་ནི་གདན་ཐོག་ཏུ་ཁབ་བཙུགས་པ་ལྟར་བསྡད་དེ་གཉིད་ལ་འཐིབས་ནས་སྡོད་ཀྱི་ཡོད་པ་ལ་ཐེ་ཚོམ་ཅི།

  ༥རང་ཉིད་ཀྱི་སློབ་ཁྲིད་སྐད་ཆ་ལ་དོ་སྣང་བྱེད་དགོས།

  དགེ་རྒན་རྣམས་ཀྱིས་རྒྱུན་པར་དོན་དངོས་ཀྱི་སློབ་ཁྲིད་ཁྲོད་དུ་སློབ་མར་སློབ་ཁྲིད་བྱེད་པ་དང་། སྐད་ཆའི་ནང་དུ་ཁ་རྒྱུན་འགའ་ཡོད་ལ། ཐ་ན“ཨིན”དང་ཨཱ”དེ་བཞིན། རྒྱུན་སྤྱོད་ཀྱི་ཁོ་རེ་དང་། མོ་རེ་སོགས་ལྟ་བུའི་སྤྱོད་སྒོ་མེད་པའི་དམོད་ཚིག་གི་ཐ་སྙད་ཁ་ཤས་ཀྱང་ཡོད་པས། སྤྱིར་བཏང་དུ་རྒྱུན་གཏན་སློབ་མས་དོ་སྣང་ཆེན་པོ་བྱེད་མི་སྲིད་ལ། སློབ་ཁྲིད་ལའང་བར་ཆད་བཟོ་མི་སྲིད། འོན་ཀྱང་དྲ་ཐོག་ནས་སློབ་ཁྲིད་བྱེད་པས། མི་རིགས་མཐུན་སྒྲིལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་གནོད་པའི་སྐད་ཆའི་ཟུར་ཙམ་ཡང་རྒྱུན་གཏན་ནས་ཐོན་མི་རིང་ལ། དེ་བས་དྲ་ཐོག་ཏུ་ཐོན་ག་ལ་ཆོག དེ་བཞིན་ཁ་རྒྱུན་དེ་རིགས་དང་སྤྱོད་སྒོ་ཅི་ཡང་མེད་པའི་གོམས་སྲོལ་གྱི་ཐ་སྙད་ཧ་ཅང་མང་བས། སློབ་མས་དོ་སྣང་ཆེན་པོ་བྱེད་པ་མ་ཟད། དྲ་ཐོག་ཏུ་ཁྱིམ་བདག་དང་གཉེན་ཉེ་སྤུན་མཆེད། འབྲེལ་ཡོད་ཀྱི་སྤྱི་ཚོགས་མི་སྣ་སོགས་ཡོད་པས་དེས་ཁྱེད་ཀྱི་གཟུགས་བརྙན་ལ་ཤུགས་རྐྱེན་ཐེབས་ལ། རྒྱུན་ལྡན་གྱི་སློབ་ཁྲིད་ལ་འགལ་རྐྱེན་བཟོ་སྲིད། དེར་བརྟེན་ད་ལྟ་དྲ་ཐོག་ནས་དགེ་རྒན་རྣམས་ལ་སློབ་ཁྲིད་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པས་འདིའི་ཐད་ལ་དོ་སྣང་མི་བྱེད་ཀ་མེད་རེད་ལ་ངེས་པར་རང་ཉིད་ཀྱི་སློབ་ཁྲིད་སྐད་ཆ་ཤོད་སྟངས་ལ་དོ་སྣང་ནན་ཏན་བྱེད་དགོས་སྙམ།

  ༦ རང་ཉིད་ཀྱི་གཟུགས་བརྙན་ལ་དོ་སྣང་བྱེད་དགོས།

  དེང་སང་དགེ་རྒན་ཕལ་ཆེ་བས་སློབ་ཁྲིད་ཐད་གཏོང་བྱེད་ཀྱི་ཡོད་པས་གུས་པས་ལྟ་ཞིབ་བྱས་པ་བརྒྱུད། ཡང་དག་ཡིན་མིན་མི་ཤེས་པའི་མྱོང་བ་འདི་ལྟ་ཞིག་བྱུང་བ་ཡང་། གལ་ཏེ་ཁྱེད་ཀྱིས་སློབ་ཁྲིད་ཐད་གཏོང་གི་བྱེད་ཐབས་སྤྱོད་ཀྱི་ཡོད་ན། དགེ་རྒན་གྱིས་སློབ་ཁྲིད་སློབ་ཁྲིད་ཐད་གཏོང་སྐབས་སུ་གོང་དུ་བཤད་པའི་དོན་ཚན་ལྔ་ལ་མཐོང་ཆེན་བྱེད་དགོས་ལ། གཞན་ད་དུང་དོ་སྣང་བྱེད་དགོས་པ་ཞིག་ནི་རང་ཉིད་ཀྱི་སྣང་བརྙན་ཏེ་གཟུགས་བརྙན་དེ་ཡིན།(དགེ་སློབ་ཕན་ཚུན་བརྙན་མཐུད་བྱས་པའི་དབང་དུ་སོང་བའི་དྲ་ཐོག་སློབ་ཁྲིད་ཐད་གཏོང)བདེན་པ་བདེན་ཐུབ་ཀྱི་སྒོ་ནས་བཤད་ན། ང་ཚོ་དགེ་རྒན་ཕལ་ཆེ་བར་སྔོན་ཆད་དྲ་ཐོག་ནས་སློབ་ཁྲིད་བྱེད་པའི་ཉམས་མྱོང་མེད། ད་ཐེངས་དྲ་ཐོག་ནས་སློབ་ཁྲིད་བྱེད་སྐབས། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན།“བཙན་གྱིས་ངང་པ་འདང་འཛེགསབཙན་བྱེད་བཅུག་པ”ཡིན་ཞེས་བཤད་ཆོག དེ་འདྲ་ཡིན་ཡང་ང་ཚོས་ངེས་པར་སློབ་ཁྲིད་ཡག་པོ་བྱེད་དགོས། ཇི་ལྟར་བྱས་ན་ད་གཟོད་སློབ་ཁྲིད་ཡག་པོ་བྱེད་ཐུབ་བམ་ཞེ་ན། གོང་དུ་བཤད་པའི་དོན་ཚན་ལྔ་ནི་སློབ་ཁྲིད་ཡག་པོ་བྱེད་པའི་གཞི་རྩའི་བླང་བྱ་ཡིན། གོང་དུ་བཤད་པའི་དོན་གནད་ལྔ་ཕུད། མཐའ་མཇུག་གི་དོན་གནད་དེ་རང་གི་གཟུགས་བརྙན་ལ་དོ་སྣང་བྱ་རྒྱུ་དེའང་སློབ་ཚན་ཡག་པོ་འཚོག་སྐབས་སྣང་ཆུང་བྱེད་མི་རུང་བའི་དོན་གནད་ཅིག་ཡིན། དགེ་རྒན་ལ་ལས་དུས་རྒྱུན་དུ་སློབ་ཁྲིད་བྱེད་སྐབས་རང་ཉིད་ཀྱི་གཟུགས་བརྙན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་མེད་མོད།འོན་ཀྱང་དྲ་ཐོག་སློབ་ཚན་ཐད་གཏོང་བྱེད་སྐབས་ངེས་པར་འདྲ་ཆགས་ཤིང་སྤམ་ལ་སྒམ་ཞིང་བརླིང་བར་དགོས་སྙམ། རྒྱུ་མཚན་ནི། ཁྱེད་ཀྱི་སློབ་ཚན་ལ་དོ་སྣང་བྱེད་མཁན་ཁྱེད་ཀྱི་སློབ་ཕྲུག་ཕུད། ད་དུང་སློབ་ཕྲུག་གི་ཕ་མ་དང་ནང་མི་སྤུན་མཆེད་ཚང་མས་དོ་ཁུར་བྱེད་ཀྱིན་ཡོད་པས་ཡིན། གལ་ཏེ་ད་དུང་རང་སྣང་གང་ཤར་གྱི་ཚུལ་དུ་སོང་ན། དོན་སྙིང་ངེས་ཅན་ཞིག་གི་སྟེང་ནས་བཤད་ན།རང་ཉིད་ཀྱི་གཟུགས་བརྙན་མེད་པར་བཟོ་བས། སློབ་ཁང་དུ་སློབ་ཁྲིད་བྱེད་པར་དགོས་མེད་ཀྱི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་གཞན་ཞིག་ཀྱང་ཐོན་སྲིད་སྙམ།

  མདོར་ན། དྲ་ཐོག་སློབ་ཁྲིད་ནི་དམིགས་བསལ་གྱི་དུས་སྐབས་འདིར་དགེ་རྒན་རེ་རེ་དང་། ལྷག་པར་དུ་མཐར་ཕྱིན་ནམ་སློབ་ཐོན་འཛིན་གྲྭའི་དགེ་རྒན་རྣམས་ནས་གདམ་ག་མི་བྱེད་ཐབས་མེད་ཀྱི་སློབ་ཁྲིད་བྱེད་སྟངས་ཤིག་ཏུ་གྱུར་ཡོད། དེ་འདྲ་ཡིན་ཕྱིན་སློབ་ཚན་ཡག་པོ་ཁྲིད་ཐུབ་པ་དང་སློབ་ཚན་གྱི་སྤུས་ཚད་འགན་ལེན་ཐུབ་པ་བྱ་རྒྱུ་ནི་སྔར་བཞིན་དགེ་རྒན་ཚང་མས་མཐོང་ཆེན་ནམ་གལ་ཆེ་འགངས་ཆེ་དང་གཙིགས་ཆེན་མི་བྱེད་ཀྱི་གནད་དོན་ཞིག་རེད། ཇི་ལྟར་བྱས་ན་ད་གཟོད་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཁག་ཐེག་བྱེད་ཐུབ་ཟེར་ན། གོང་དུ་བཤད་པ་ལྟར། རྣམ་པ་ཚོས་དཔྱད་གཞིའི་མེ་ལོང་དུ་འཛིན་ཆོག་པ་ཞིག་མེད་མོད། འོན་ཀྱང་ཕུགས་ཀྱི་ངོས་ནས་བལྟས་ན།སློབ་ཁྲིད་མཉེན་ཆས་ཀྱི་ནུས་པར་རྒྱུས་མངའ་ཡོད་པའི་ཁར་དྲ་ཐོག་སློབ་ཁྲིད་ཀྱི་ཁྱད་ཆོས་དང་ཕན་ནུས་སོགས་སྒོ་ཀུན་ལ་ཕྱོགས་སྡོམ་བྱ་རྒྱུ་ནི་དགེ་རྒན་ཚང་མས་ཡུན་རིང་འཚོལ་ཞིབ་བྱེད་དགོས་པའི་གནད་དོན་ཞིག་རེད་སྙམ།

  གསལ་བཤད། གོང་གསལ་གྱི་བསམ་ཚུལ་དེ་དག་ནི་ཉེ་དུས་དྲ་ཐོག་སློབ་ཁྲིད་ཐད་གཏོང་ཉན་པ་ལས་མྱོང་བ་འགའ་ཞིག་ཡིག་ཐོག་ཏུ་བཀོད་པ་མཉམ་སྤྱོད་ཞུས་པའི་ཚུལ་ཡིན་ཡང་། ཡང་དག་པ་ཞིག་དང་གནད་ལ་འཁེལ་བ་ཞིག ཁྱེད་ཅག་ལ་ཕན་པ་ཞིག་ཡོད་མི་སྲིད་ལ། དེ་བས་བརྗོད་པ་མི་ལེགས་ཤིང་ཚིག་སྦྱོར་མི་སྙན་པའི་སྐྱོན་གྱི་དྲི་མས་རྫོགས་རྫོགས་ཡིན་སྲིད་པས། མཁྱེན་ལྡན་པ་རྣམས་ཀྱིས་སྣང་བ་མ་གཏོང་རོགས་ཞུ།

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།