ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > མི་སྣ། > དེང་རབས་མི་སྣ།

བོད་ཀྱི་སྨན་རྩིས་མཁས་པ་བྱམས་པ་འཕྲིན་ལས་ཀྱི་མཛད་རྣམ་ཐོར་བུ།

སྤེལ་དུས། 2011-02-24 10:42:00  རྩོམ་ཁུངས། ཆོས་གྲོགས་དྲ་བ་ལས་བཏུས།  རྩོམ་པ་པོ། ཚུལ་ཁྲིམས་རྒྱན་མཚན།  ཀློག་གྲངས།

        བོད་ཀྱི་སྨན་རྩིས་མཁས་པ་བྱམས་པ་འཕྲིན་ལས་ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་འབྲུག་༼སྤྱི་ལོ་༡༩༢༨༽ལོའི་བོད་ཟླ་བཅུ་གཅིག་པའི་སྟག་གི་ཟླ་བའི་ནང་གངས་ལྗོངས་ས་ཡི་ཐིག་ལེའི་ལྷ་ལྡན་སྨན་ལྗོངས་ཀྱི་གྲགས་ཅན་རྒྱལ་རྩེའི་ཚོང་ཁང་ཞེས་པར་ཡབ་དཀོན་མཆོག་འོད་ཟེར་དང་ཡུམ་སྐལ་བཟང་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་འཁྲུངས་ཁྱིམ་དེའི་སྨན་པ་མི་རབས་གསུམ་པ་ཡིན། དགུང་ལོ་དྲུག་ལ་ཕེབས་དུས་ཡབ་ཀྱི་དྲུང་ནས་འབྲི་ཀློག་སྦྱངས་པ་མྱུར་དུ་བྱང་ཆུབ་པར་མཁྱེན། དགུང་ལོ་བདུན་པར་ལྷ་སར་སྐད་གྲགས་ཡོད་པའི་སྒེར་བཙུགས་སྐྱིད་རས་སློབ་གྲྭ་ཞེས་པར་ཕེབས་ནས་ལོ་དྲུག་རིང་བོད་ཡིག་འབྲི་ཀློག་དག་གསུམ་བསླབ་སྦྱངས་ཀྱིས་སྦྱང་འབྲས་ཕུལ་དུ་བྱུང་བ་ཐོབ། དགུང་ལོ་བཅུ་གསུམ་ལ་ཡབ་དགོངས་པ་རྫོགས་པ་དང༌། ཡུམ་གྱིས་ཡབ་མེས་འཚོ་བྱེད་དམ་པའི་རྒྱུད་པ་ཟིན་ངེས་ཀྱི་མཁས་དབང་ཞིག་ཏུ་བསྐྱེད་བསྲིངས་གནང་རྒྱུའི་ཐུགས་ཐག་བཅད་དེ་སྨན་རྩིས་ཁང་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལ་རེ་ཞུ་གནང་བ་དང༌། མཁས་དབང་མཁྱེན་རབ་ནོར་བུས་ཀྱང་འདི་པའི་༼བྱམས་པ་འཕྲིན་ལས༽ཡབ་མེས་གཉིས་ཀ་བླ་སློབ་དམ་གཙང་ཆོས་ཀྱི་འབྲེལ་བ་ཆེ་བར་མ་ཟད། རང་གི་བླ་མ་བཀའ་དྲིན་གསུམ་ལྡན་རྡོ་རྗེ་རྒྱལ་མཚན་ཀྱི་སྐུའི་སྐྱེ་བར་ཐུགས་ངེས་ཀྱིས་ཞལ་བཞེས་ཏེ། བྱམས་པ་འཕྲིན་ལས་མཆོག་ལ་དམིགས་བསལ་གྱི་ཐུགས་བརྩེ་ཆེན་པོས་རྗེས་སུ་བཟུང༌། ཁོང་སྐུ་ན་ཆུང་ངུའི་དུས་ནས་དད་བརྩོན་ཤེས་རབ་ཤིན་ཏུ་ཆེ་ཞིང་གང་ཞིག་བསླབ་སྦྱངས་མཛད་ཀྱང་ཚེགས་མེད་དུ་མཁྱེན་པའི་བློ་གྲོས་ལྡན། ལོ་དགུའི་རིང་སྨན་དང་རྩིས་གཙོར་འགྱུར་གྱི་རིག་གནས་མང་པོ་ལ་དཀའ་སྤྱད་འབད་བརྩོན་གྱིས་ཐོས་བསམ་གནང་བར་བརྟེན། དགུང་ལོ་བཅོ་བརྒྱད་སྐབས་སྨན་རྩིས་སྦྱང་འབྲས་གཟེངས་སུ་ཐོན་པ་ཐོབ། སླར་ཡང་མུ་མཐུད་མཁས་དབང་མཁྱེན་རབ་ནོར་བུ་མཆོག་དང༌། མཁས་དབང་མཁྱེན་རབ་འོད་གསལ། མཁས་མཆོག་ཟླ་བ་བཟང་པོ་སོགས་ཀྱི་ཞབས་ལ་ཡུན་རིང་གཏུགས་ནས་སྨན་རྩིས་རིག་གནས་སྤྱི་དང༌།བྱེ་བྲག་སུམ་རྟགས་དང༌། སྙན་ངག་སོགས་དང༌། ད་དུང་ལེགས་བཤད་ཀླུ་སྒྲུབ་དགོངས་རྒྱན། སྙིང་ཐིག་གི་སྐོར་མྱུར་ལམ་འཁོ་བའི་གདམས་པ་དང་བཅས་ཟབ་ཆོས་དུ་མ་གསན་པས། སྨན་རྩིས་གཉིས་ཀྱིས་གཙོས་པའི་གཞུང་ཁྲིད་མན་ངག་ལག་ལེན་ཀུན་ལ་དབང་འབྱོར་བ་མཁས་པའི་གོ་འཕང་བརྙེས། ད་དུང་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སློབ་མའི་སློབ་སྦྱོང་ལ་སྐུལ་ལྕག་ཡོང་ཆེད་སྦྱང་འབྲས་རྩེར་སོན་པའི་སློབ་མ་ཁག་གཅིག་ལ་སྨན་རྩིས་གཉིས་ལྡན་མཚོན་པའི་ཞྭ་མོ་ཞིག་གསར་བཟོ་གནང༌། ཞྭ་མོ་དེའི་མདུན་ལ་སྨན་མཚོན་པའི་ཨ་རུ་རྣམ་རྒྱལ་དང༌། རྒྱབ་ལ་རྩིས་མཚོན་པའི་པད་མའི་སྟེང་དུ་རལ་གྲི་བཀོད་པའི་ཞྭ་མོ་གོས་ཆེན་ལས་གྲུབ་པ་ཞིག་འཆར་འགོད་གནང་བ་དེ་སྐབས་དེ་དུས་སྦྱང་འབྲས་རྩེར་སོན་པའི་སྨན་རྩིས་གཉིས་ལྡན་གྱི་སློབ་མར་གཡོགས་པའི་སྲོལ་བཟང་གཏོད། ད་ལྟ་བཞུགས་པའི་འཚོ་བྱེད་ནང་ཞྭ་མོ་འདི་གྱོན་མྱོང་མཁན་མཁས་དབང་བྱམས་པ་འཕྲིན་ལས་ཡོན་ཀྲང་གཅིག་བུ་ཡིན། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་མཚན་འཛིན་ཀྲུའུ་ཞི། བོད་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་སྐུ་གཞོན། ཀྲུང་གོ་ཀྲུང་དབྱིའི་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཤང་ཀང་རྒྱལ་སྤྱིའི་ཀྲུང་དབྱིའི་ཉམས་མྱོང་སྤེལ་རེས་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི། མི་རིགས་གསོ་རིག་སློབ་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། སྐབས་དྲུག་པ་དང་བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྐབས་བརྒྱད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ཚན་རིག་ཀུན་འདུས་ཆེན་མོ་ལས་བོད་ཀྱི་གསོ་བ་རིག་པའི་རྩོམ་སྒྲིག་ཨུ་ཡོན། ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པའི་རྩོམ་སྒྲིག་པ་སྐུ་གཞོན། ཀྲུང་གོའི་གསོ་རིག་གི་ལོ་རིམ་མེ་ལོང་ལས་བོད་ལུགས་གསོ་རིག་སྐོར་གྱི་རྩོམ་ཞུས་ཨུ་ཡོན། བོད་ལྗོངས་རྩིས་རིག་ཀུན་འདུས་ཆེན་མོའི་གརྩོ་སྒྲིག་པ། བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་ཚོགས་པའི་ཚོགས་གཙོ། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྲུང་བོད་གསོ་རིག་སློབ་ཚོགས་ཀྱི་དབུ་འཛིན། ཀྲུང་གོའི་མཐོ་རིམ་བོད་སྨན་ཞིབ་འཇུག་འཛིན་གྲྭའི་ཀྲུའུ་རིན་སོགས་ཀྱི་ཐུགས་འགན་བཞེས་ཡོད་ལ། ད་དུང་དུས་དེའི་ཡས་མས་སུ་སྨན་པ་འབུམ་རམས་པ་དང༌།རྒྱལ་ཁབ་མི་དོན་པུའུ་ནས་དམིགས་བསལ་ལེགས་སྐྱེས་འབུལ་མཁན་གྱི་དར་གཞོན་མི་སྣ་ཞེས་པའི་གཟེངས་བསྟོད་དང༌། རྒྱལ་ཁབ་རིམ་པའི་མཁས་དབང་༼བོད་ལྗོངས་བོད་སྨན་ཁོངས་སུ་མཁས་དབང་བྱམས་པ་འཕྲིན་ལས་གཅིག་བུ་མ་གཏོགས་མེད་དོ༽ རྒྱལ་ཡོངས་ཕུལ་བྱུང་གི་ཡོན་ཀྲང༌། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་མི་སྒེར་གྱི་སྔོན་ཐོན་པ། བོད་ལྗོངས་མི་བཅུའི་གསར་འགྱུར་མི་སྣ་སོགས་ཀྱི་མཚན་སྙན་ཐོབ་ཡོད།


བོད་ཀྱི་སྨན་རྩིས་མཁས་པ་བྱམས་པ་འཕྲིན་ལས།

        མཁས་དབང་བྱམས་པ་ཡོན་ཀྲང་མཆོག་ནས་མི་ལོ་བཞི་བཅུ་ལྷག་ཙམ་རིང་ཉིན་མཚན་དབྱེར་མེད་ཀྱི་སྒོ་ནས་གཞན་ཕན་གྱི་འཕྲིན་ལས་སྐྱོང་བཞིན་བཞུགས་པ་གསང་གསུམ་ཉེར་འཚེའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་གངས་ཅན་སྨན་རྩིས་རིག་གནས་ཀྱི་བྱ་གཞག་འཛིན་སྐྱོང་སྤེལ་གསུམ་གནང་བའི་དཔལ་མགོན་དུ་འཚོ་བཞེས་ཐོག་ཁོང་གིས་དུས་བབས་གང་འདྲ་ཞིག་གི་འོག་ཏུའང་བརྩོན་པ་ཉལ་འགྲོའི་རྒྱུན་བཞིན་བསྟེན་ནས་བོད་ལུགས་གསོ་རིག་དང༌། སྨན་རྫས་རིག་པ། ལོ་རྒྱུས་རིག་པ།དེ་བཞིན་གནམ་རིག་སྐར་རྩིས་ཀྱི་རིག་པ་བཅས་པར་མཐིལ་ཕྱིན་པའི་ཞིབ་འཇུག་གནང་ནས་ལྗགས་རྩོམ་གནང་བའི་གྲས་སུ་གསུང་རྩོམ་པོད་བརྒྱད་དང༌། ཆེད་རྩོམ་བརྒྱད་ཅུ། སློབ་འཁྲིད་སློབ་དེབ་ཁག་བཅུ་གཅིག་གི་དམིགས་བསལ་ཁྱད་ཡོན་ནི་མཁས་དབང་མཁྱེན་རབ་ནོར་བུས་མཚོན་གྲགས་ཅན་བོད་སྨན་མཁས་དབང་དུ་མ་ལས་ཐོབ་པའི་མཐོང་ཐོས་དྲན་རེག་གི་མན་ངག་མཐའ་དག་དང༌། ཡང་སྒོས་སྐུ་དངོས་ཀྱི་ཐུགས་རྩལ་དང༌། འབད་བརྩོན། མཁྱེན་རབ་ཁོ་ན་ལས་འཁྲུངས་པ་ཤ་སྟག་ཡིན། གོང་གསལ་གྱི་ཆེད་རྩོམ་རྣམས་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་དུས་དེབ་ཁག་ཏུ་བཀོད་ཡོད་ལ། གསུང་རྩོམ་པོད་བརྒྱད་པོ་དེ་རྣམས་ཀྱང་པེ་ཅིན་དང༌། ཟི་ཁྲོན། བོད་ལྗོངས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སོགས་ནས་དཔེ་བསྐྲུན་གནང་ཡོད། རྩོམ་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་འདི་ཉིད་དང༌། བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། སྡོང་འགྲེམས་ཀྱི་རྣམ་བཤད་འདོད་འབྱུང་ནོར་བུའི་མཛོད་སོགས་ལ་རྒྱལ་ཁབ་རིམ་པ་དང༌། པུའུ་རིམ་པ། ལྗོངས་རིམ་པ་སོགས་ཀྱི་གཟེངས་བསྟོད་དང་བྱ་དགའ་ཐེངས་མང་ཐོབ་མྱོང་ཡོད་ལ། འགྲོ་བ་ནད་པས་གཙོས་མང་ཚོགས་དང༌། རྒྱལ་ཁབ་ཕྱི་ནང་གི་གཟུར་གནས་མཁས་པ་ཚོས་ཚད་མཐོའི་གདེང་འཇོག་དང་བསྔགས་བརྗོད་འབུམ་ཕྲག་འབུལ་བའི་ཡུལ་དུ་གྱུར།

        སྔོན་ཆད་བོད་ཀྱི་གསོ་རིག་འཕེལ་རྒྱས་སྐོར་ལ་ཡོངས་གྲགས་སུ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་བྱུང་བའི་སྨན་པ་དུང་གི་ཐོར་ཅོག་ཅན་ནས་གསོ་དཔྱད་བསྟན་པ་དབུ་བརྙེས་པའི་བཞེད་སྲོལ་ཡོད་པ་དེ་དག་ལ་མཁས་དབང་རིམ་བྱོན་རྣམས་ཀྱི་ཡིག་འཇོག་མཛད་པའི་ཁུངས་ལྡན་དཔྱད་གཞི་སྤྱི་དང༌། ཡང་སྒོས་ཡར་རྗེན་ཨུ་རྒྱན་གླིང་པས་ཡར་ལུང་ཤེལ་བྲག་གི་གཏེར་ནས་དྲངས་པའི་བློན་པོ་བཀའ་ཐང་དང་སྨན་རྫས་རིག་པ་མཁས་ཅན་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ། དེ་བཞིན་ཞང་ཞུང་བོན་གྱི་ལོ་རྒྱུས་བཅས་པར་གཟིགས་ཞིབ་མཛད་པ་མ་ཟད་ལྷག་པར་སྟོན་པ་གཤེན་རབ་ཀྱི་སྲས་བགྲེས་ཤོས་དཔྱད་བུ་ཁྲི་ཤེས་ཞེས་སྨན་དཔྱད་བསྟན་པའི་རྐང་འཛིན་དུ་གྱུར་པ་དེས་དུག་འཇོམས་དབང་རིལ་གྱི་ཕྱག་བཞེས་གནང་བ་སོགས་ལ་ལོ་རྒྱུས་དངོས་གཙོ་སྨྲ་བའི་སྒོ་ནས་དཔྱད་ཞིབ་མཛད་དེ་མཐར་རང་ཅག་བོད་ཀྱི་གསོ་རིག་འཕེལ་རྒྱས་ལ་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་སྐོར་ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དཔེ་དེབ་ནང་ཞིབ་གསལ་བཀོད་པར་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པར་ཞིབ་འཇུག་གནང་མཁན་གྱི་མཁས་པ་ཚོས་གདེང་འཇོག་དང་དགའ་བསུ་ཆེ?་པོ་ཐོབ་ཡོད། དེ་སྔོན་དཔལ་ལྡན་རྒྱུད་བཞི་རྒྱ་གར་ནས་དར་ཞེས་པའི་བཞེད་ཚུལ་འདི་དག་ཕྱོགས་ལྷུང་སུ་མ་གྱུར་བའི་སྒོ་ནས་རྒྱུད་འདི་ཉིད་ཀྱི་རྩོམ་པ་པོ་དུས་རབས་བརྒྱད་པའི་ནང་གི་གྲགས་ཅན་བོད་རིགས་སྨན་པ་གཡུ་ཐོག་སྙིང་མ་ཡོན་ཏན་མགོན་པོ་ཡིན་པ་ཁུངས་བཙན་བདེན་པའི་དཔང་པོས་ར་སྤྲོད་གནང་ཡོད།
ཁོང་གི་ཕྱོགས་བསྒྲིགས་གནང་བའི་བོད་ལུགས་གསོ་རིག་རྒྱུད་བཞིའི་ནང་དོན་བྲིས་ཆ་ངོ་མཚར་མཐོང་བ་དོན་ལྡན་ཞེས་པ་བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་ནི་རྒྱལ་ཁབ་ཐོན་པའི་ཀྲུང་དབྱིའི་ལོ་རྒྱུས་ཐོག་གི་ཚོན་ཁྲ་ཅན་གྱི་བྲིས་ཆ་དང་པོ་དེ་རེད། དེར་བརྟེན་༼སྤྱི་ལོ་༡༩༨༦༽ལོར་ཀྲུང་གོའི་དཔེ་དེབ་བྱ་དགའ་ཞེས་པའི་གཟེངས་བསྟོད་དང༌། དེ་རྗེས་སྤྱི་ལོ་༡༩༨༩ལོར་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་དང་པོ། ཀྲུང་གོའི་དཔེ་དེབ་བེད་སྤྱོད་ལག་ཆའི་གསེར་གྱི་རྟགས་མའི་བྱ་དགའ་སོགས་ཐོབ་ཡོད། ལྷག་པར་དུ་བོད་ལུགས་གསོ་རིག་ཐོག་གི་སྐྱེས་ཆེན་རྣམས་གནས་དུས་ལོ་རབས་གང་དུ་བྱོན་པ་དང༌། འཕྲིན་ལས་སྤྱི་བྱེ་བྲག་རིག་གནས། དེ་ལ་ཐུན་མོང་མ་ཡིན་པའི་མཛད་རྗེས་བཞག་པ་རྣམས་ངོ་སྤྲོད་གནང་བ་དང་ཕྱོགས་མཚུངས་གནའ་གཞུང་རྩ་ཆེན་དང༌། སྨན་སྦྱོར་དང་ནད་ཐོག་གི་མན་ངག་ཟབ་ཁྱད་རྣམས་བཀོད་པ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ཞེས་པའི་གསུང་རྩོམ་པོད་གཅིག་དང༌། དེ་བཞིན་བོད་ལུགས་གསོ་རིག་སློབ་འཁྲིད་བྱེད་པའི་ནང་མེད་དུ་མི་རུང་བའི་སྔར་སྲོལ་བཟང་བའི་སློབ་འཁྲིད་ཐབས་ལམ་གསོ་རིག་རྒྱུད་བཞིའི་སྡོང་འགྲེམས་འདོད་འབྱུང་ནོར་བུའི་མཛོད་ཅེས་པ་རྩོམ་འབྲི་གནང་བ་དེས་བོད་ལུགས་གསོ་རིག་གི་ལོ་རྒྱུས་ཐོག་སྟོང་ཆ་ཁ་སྐོང་ཙམ་མ་ཟད། ཕྱི་རབས་དང་ད་ལྟ་གཉིས་ཀར་སྐོམ་པ་ཆུ་སྦྱིན་ལྟ་བུའི་ཕན་འབྲས་བྱུང་ཡོད་པར་བརྟེན་སྤྱི་ལོ་༡༩༩༡ལོ་ལ་ཁག་སོ་སོར་༼ཀྲུང་གོའི་གསོ་རིག་ལོ་རྒྱུས་ཀྱི་རྩོམ་ཡིག་ལེགས་སྐྱེས་དཔེ་ཚོགས་འདེམས་ཐོན༽ཞེས་པའི་ནང་ཕུལ་བྱུང་དང་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ་ཡོད། ད་དུང་རྒྱལ་ཁབ་༼བརྒྱད་ལྔ་ཚན་རིག་གྲུབ་འབྲས་ཀྱི༽བྱ་དགའ་ཐོབ། དེ་བཞིན་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་རྩོམ་ཡིག་གསུམ་ཅུ་ལྷག་ཙམ་སྙིང་བསྡུས་གནང་ཏེ་གསུང་རྩོམ་ཕྱོགས་བསྒྲིགས་ཞེས་པ་དཔེ་སྐྲུན་གནང་ནས་ལོ་གཅིག་མ་སོང་བར་དཔར་བསྐྲུན་ཐེངས་གཉིས་པགནང་། ལྷག་པར་ཁོང་གིས་གཙོ་སྒྲིག་འགན་འཁུར་བཞེས་པའི་བོད་ལྗོངས་གནམ་རིག་སྐར་རྩིས་ཀུན་འདུས་ཆེན་མོ་ཞེས་པར་ཡིག་འབྲུ་ཁྲི་དྲུག་བརྒྱ་ལྷག་ཙམ་ཟིན་ཡོད་ལ། དཔེ་ཚོགས་འདི་ལ་ནང་གསེས་སུ་བོད་ཀྱི་སྐར་ནག་རྩིས་ཀྱི་ལོ་རྒྱུས་སྐོར་དང༌། བསྟན་རྩིས་ཀྱི་སྐོར། སྐར་རྩིས་སྐོར། སྐར་རྩིས་ལ་ཉེ་བར་མཁོ་བའི་རེའུ་མིག་སྐོར་དང༌། ནག་རྩིས་ཀྱི་སྐོར་བཅས་དེབ་ཚོགས་ལྔ་ཡོད་པ་འདི་ནི་ལོ་རྒྱུས་ཐོག་གཞི་རྒྱ་ཆེ་ཤོས་དང་ནང་དོན་གཏིང་ཟབ་ཤོས། དཔྱད་གཞི་བློས་འཁེལ་ཤོས་ཞིག་ཡིན་པའི་སྟེང་དཔེ་དེབ་མཛེས་བཀོད་ལེགས་པ་དང་རྒྱུ་ཆ་སྤུས་དག་ཡིན་པར་བརྟེན་རྒྱལ་ཡོངས་དཔེ་དེབ་ཀྱི་འགྲེམས་སྟོན་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

        ལོ་རབས་བདུན་ཅུའི་ནང་བོད་ལུགས་གསོ་རིག་སྐྱ་ཟད་སྔོ་ཐུག་སྐབས་དཔྱད་གཞིའི་ཡིག་རིགས་ཤིན་ཏུ་དཀོན་པའི་དུས་སུ་ཕལ་ཆེ་བ་ཁོང་གིས་དྲན་ཤེས་ཁོ་ནར་བརྟེན་ནས་ཁོག་ནད་རིག་པ་དང་ཕྱི་བཅོས་རིག་པ། མོ་ནད་རིག་པ། བྱས་ནད་རིག་པ། སྨན་རྫས་རིག་པ་སོགས་དེབ་བཅུ་གཅིག་བསར་དུ་རྩོམ་བསྒྲིགས་གནང་བ་དེ་ཐོག་མར་སྣུམ་པར་སྟེང་ནས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་འཛིན་གྲྭར་བེད་སྤྱོད་གནང་བ་དང༌། དེ་རྗེས་ཆབ་མདོ་ས་གནས་པར་འདེབས་བཟོ་གྲྭ་ནས་ལྕགས་དཔར་དུ་བསྐྲུན། སློབ་དེབ་དེ་དག་རྒྱ་ཁྱབ་ཏུ་བེད་སྤྱོད་བཏང་ནས་ཕན་འབྲས་བཟང་པོ་ཐོན་པར་འབྲེལ་ཡོད་སྨན་དོན་མི་སྣ་དང་ཚན་པ་མང་པོས་བསྔགས་བརྗོད་ཆེན་པོ་ཐོབ་པ་དང་སྦྲགས་སླར་ཡང་ཐེངས་གཉིས་པར་དཔེ་བསྐྲུན་དགོས་པའི་རེ་བ་གནང་བཞིན་འདུག

        བོད་ལུགས་གསོ་རིག་གི་སྦྲུམ་ལྡན་རིག་པ་དང༌། སྦྲུམ་ལྡན་རིག་པའི་ལོ་རྒྱུས། སྦྲུམ་ལྡན་རིག་པའི་ཐད་ལ་ཕུལ་བའི་ལེགས་བསྐྱེད་ལ་དོ་ནན་ཆེན་པོས་ཞིབ་འཇུག་གནང་བ་མ་ཟད་ནུབ་ཕྱོགས་གསོ་རིག་གི་སྦྲུམ་ལྡན་རིག་པའི་འཕེལ་རྒྱས་ལོ་རྒྱུས་ལ་ཚད་བསྡུར་གནང་ནས་བོད་ལུགས་གསོ་རིག་གི་སྦྲུམ་ལྡན་རིག་པའི་སྐོར་ལ་ཤེས་རྟོགས་འབྱུང་བ་འདི་ནི་ཕྱི་རྒྱལ་གྱི་སྦྲུམ་ལྡན་རིག་པ་མཁས་ཅན་རྣམས་ཀྱི་ཞིབ་འཇུག་གནང་བ་ལས་གོམ་པ་སྤོ་སྔ་བ་དང་ནང་དོན་ཆ་ཚང་བ་ཡོད་པ་གསལ་བཤད་གནང་བར་བརྟེན། ཁོང་གིས་བྲིས་པའི་ཆེད་རྩོམ་འདི་ལ་རྒྱལ་ཁབ་ཕྱི་ནང་གི་སྦྲུམ་ལྡན་རིག་པ་དང་གསོ་རིག་མཁས་ཅན་ཚོས་གདེང་འཇོག་ཐོན་པོ་ཐོབ་ཡོད་ལ། རྩོམ་ཡིག་འདི་བོད་ཡིག་ནས་བོད་རིག་པའི་ཚོགས་འདུ་ཐེངས་དང་པོར་སྤེལ་བ་དང༌། རྒྱ་ཡིག་ཐོག་ནས་རྒྱལ་སྤྱིའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཉམས་མྱོང་སྤེལ་རེས་ལ་སྒྲོག་སྦྱང་གནང་ནས་བསྔགས་བརྗོད་དང་བྱ་དགའ་ཐོབ། ད་དུང་ཁོང་གིས་ཆེད་རྩོམ་བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་རིག་པར་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་གྱི་བསམ་ཚུལ་གླེང་བ་ཞེས་པ་འདི་སྤྱི་ལོ་༡༩༩༢ལོར་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་སུ་སྤེལ་གནང་བར་མཁས་དབང་ཀུན་གྱི་གཅིག་གྱུར་ཐོག་བསྔགས་བརྗོད་དང་གདེང་འཇོག་ཐོབ་པ་སོགས་ཆེད་རྩོམ་བརྒྱད་ཅུ་ལྷག་ཙམ་ཡོད་པ་རྣམས་ནི་བོད་ལུགས་གསོ་རིག་ལ་ཞིབ་འཇུག་གནང་མཁན་སྤྱི་དང་བྱེ་བྲག་འཚོ་བྱེད་བགྲེས་པར་གསལ་འདེབས་དང༌། གཞོན་པར་སློབ་སྦྱོང་བྱེད་པའི་ལག་ཆ་གཙོ་ཆེན་ཞིག་ཏུ་གྱུར་ཡོད།

        འཛམ་གླིང་གི་ཡང་རྩེར་གནས་པའི་བསིལ་ལྡན་སྭ་ལའི་སྨན་ལྗོངས་སུ་གྲགས་པ་འདིར་རང་རེའི་གཞུང་ལུགས་བེད་སྤྱོད་དང་ཞིབ་འཇུག་བྱས་པའི་ལོ་རྒྱུས་ནི་དུས་ཡུན་རིང་པོ་ཞིག་ཕྱིན་ཡོད་པ་མ་ཟད་སྨན་རྩིས་ཁ་བྲལ་ཐབས་མེད་པ་ཞིག་ཆགས་ཡོད། རིགས་ལྡན་སྙིང་ཐིག་གི་རྩིས་འགོ་རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོ་ལ་གསར་དུ་སྤོ་བའི་སྐབས་སུ་སྔོན་ཆད་མཁས་དབང་མཁྱེན་རབ་ནོར་བུའི་ཕྱག་བཞེས་ཐུན་མོང་མ་ཡིན་པའི་སྟོང་འཇུག་རི་མོའི་ཟིན་བྲིས་དང་དཔེར་བརྗོད་ལག་ལེན་བཅས་པ་རྣམས་མཁས་དབང་བྱམས་པ་ཕྲིན་ལས་མཆོག་ལ་གནང་ཡོད་པ་དེ་དག་ད་ལམ་བེད་སྤྱོད་བྱས་རྗེས་རྩིས་འགོ་བདེ་བླག་ངང་སྤོ་ཐུབ་པ་བྱུང་བ་དང༌། ཡང་སྒོས་དེ་སྔོན་གཡུལ་འགྱེད་དང་གཏོར་ཟོར་འཕེན་པ་མ་གཏོགས་གཞན་ལ་སྤྱོད་སྲོལ་མེད་ཀྱང་སྐུ་དངོས་ཀྱི་རིག་པས་དཔྱད་ཞིབ་མཛད་ནས་སྒྲ་གཅན་འཁོར་ལོ་ལ་བརྟེན་ནས་ཉི་ཟླ་གཟའ་འཛིན་བརྟག་པའི་ཐབས་ལའང་རིག་པ་གསར་པ་རྙེད་ནས་བཏོན་གནང་མཛད། ད་དུང་༼རིག་གནས་གསར་བརྗེའི༽སྐབས་སུ་ཆོས་ལུགས་རྨོངས་དད་ལ་སྙད་ནས་ལོ་ལྔ་ལོ་ཐོ་སྟོན་འཚམ་ཆད་པ་འདི་ཉིད་གོང་རིམ་ཀྱི་བཀའ་བཞིན་སྤྱི་ལོ་༡༩༩༢ལོར་བསྐྱར་གསོ་བྱུང་དུས་ཁོང་ཡང་ལོ་ཐོའི་རྩོམ་སྒྲིག་ནང་ཞུགས་པ་དང༌། དེ་རྗེས་ཁོང་གི་ལོ་ཐོ་སྔར་ལས་ཕུན་སུམ་ཚོགས་པ་ཡོང་ཆེད་ལས་རོགས་རེ་གཉིས་འཁྲིད་ནས་ཞིང་འབྲོག་ས་ཁུལ་ཁག་ལའང་ཐེངས་མང་ཞབས་ཀྱིས་བཅགས་ནས་ས་ཞིང་འདེབས་བཀོལ་གྱི་དུས་ཚིགས། གནམ་གཤིས་ཀྱི་དྲོ་གྲང་དང་འགྱུར་ལྡོག་སོགས་ལ་ཞིབ་ཏུ་དཔྱད་ཅིང་བརྟག་སྟེ་བོད་ཀྱི་ལོ་ཐོའི་ཆ་ལག་ཏུ་གཏོགས་པའི་གནམ་གཤིས་སྔོན་བརྡ་སོགས་ཀྱི་སྐོར་ལ་ཁ་སྐོང་དང་དག་བཅོས་མཛད་པས་གནད་དུ་ཐིག་པ་དང་ལེགས་ཚོགས་ཆེ་བར་གྱུར་ཏེ་བོད་ཀྱི་ལོ་ཐོ་དེ་ཞིང་འབྲོག་མང་ཚོགས་ཀྱི་གཙོས་པའི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་གནས་དམ་པར་འགྱུར་ཏོ། ཁྱད་པར་དུ་གནམ་རིག་སྐར་རྩིས་ཀྱི་རིག་གཞུང་ཞིབ་འཇུག་བོད་ཡོངས་སུ་ཁྱབ་བརྡལ་གཏོང་གནང་མཛད་པ་དང་དུས་མཚུངས་ཞིབ་མཇུག་མི་སྣ་མི་ཉུང་བ་ཞིག་གསོ་སྐྱོང་གནང་ཡོད། དེར་བརྟེན་བོད་ལྗོངས་སྨན་རྩིས་ཁང་ཙམ་མ་ཟད་གཞིས་རྩེ་དང༌། ལྷོ་ཁ། ནག་ཆུ། ཆབ་མདོ། མངའ་རིས་སོགས་ཀྱི་སྨན་རྩིས་ཁང་ནས་ཀྱང་ལོ་ཐོ་འདོན་ཐུབ་པ་དེ་ཡང་མཁས་དབང་བྱམས་པ་ཕྲིན་ལས་ཡོན་ཀྲང་མཆོག་གིས་འབད་བརྩོན་དང་རྒྱབ་སྐྱོར་གནང་བ་སོགས་དང་ཁ་བྲལ་ཐབས་མེད་པ་ཞིག་རེད།

        ཚན་རིག་ཞིབ་འཇུག་གི་ལས་ཀར་ཁོང་གིས་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་དང༌། རྒྱབ་སྐྱོར་གནང་བ་ཙམ་མ་ཟད་ཁོང་སྐུ་ངོ་མས་སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང༌། ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་བཞི་ཙམ་ལ་མཛུབ་འཁྲིད་དང་ཐད་ཀར་གྲོས་འགོ་སོགས་བཏོན་གནང་ཡོད། དཔེར་ན་བོད་སྨན་གྱི་སྨན་བཅོས་བྱས་པའི་ཕོ་རུབ་ཀྱི་ནད་གཞི་དང༌། མཆིན་ནད་ལྡེམ་བུ་(乙型肝炎)སོགས་ལ་ཞིབ་འཇུག་གནང་བར་བརྒྱ་ཆ་ ༩༦ཙམ་གྱི་ཕན་འབྲས་མངོན་གསལ་ཅན་ཐོན་པར་ནད་པ་མང་ཚོགས་ཀྱིས་ཡིད་ཆེས་དང་བསྔགས་བརྗོད་ཅི་ཆེ་ཐོབ་པ་དང་སྦྲགས་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡི་བྱ་དགའ་ཡང་གནང་ཡོད། བོད་སྨན་སྲོ་ལོ་དམར་པོ་དང་བདུད་རྩི་རྟགས་ཅན་གཉིས་ནི་བོད་ལྗོངས་ཀྱི་ས་གནས་མང་ཆེ་བར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པོ་དང༌། ལྷག་ཏུ་དུས་རབས་བདུན་པ་དང་བརྒྱད་པའི་ནང་གི་བོད་ལུགས་སྨན་རྫས་རིག་པའི་ཡིག་ཆའི་ནང་དུ་འཁོད་ཡོད་ལ་མེས་པོ་རིམ་བྱོན་རྣམ་པས་ལག་ལེན་དངོས་ཀྱི་ནང་བེད་སྤྱོད་བྱས་པར་ཕན་འབྲས་བཟང་པོ་ཐོན་པར་དམིགས་ནས་ས་མཐོའི་དབུགས་མི་ལྡེང་བ་དང༌། རྒས་དཀའ་སྲ་བ། བཅུད་ལེན་བཅས་པར་ཕན་འབྲས་ཆེ་ཚུལ་གཞི་ལྡན་པའི་སྒོ་ནས་དེང་རབས་ཚན་རིག་གི་ཞིབ་འཇུག་བྱས་པའི་རྣམ་གྲངས་འདི་ལ་རྒྱལ་ཁབ་རིམ་ པའི་སྨན་རྫས་གསར་གཏོད་ཀྱི་ཐོག་མའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ལ། ཐེངས་དང་པོ་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རོགས་དངུལ་ཐོབ་ཡོད།

        ཁོང་གིས་ཚན་རིག་ཞིབ་འཇུག་ཐོག་སྒྲིག་འཛུགས་དང་མཛུབ་འཁྲིད་ཁོ་ན་གནང་བ་མ་ཡིན་པར། ད་དུང་རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་སྤེལ་རེས་གནང་བ་དང༌། རིག་གཞུང་འབྲེལ་གཏུགས་བཙུགས་པའི་ནང་དུ་རིན་ཐང་བྲལ་བའི་མཛད་རྗེས་བཞག་ཡོད། སྔ་རྗེས་སུ་བལ་ཡུལ་དང༌།འཇར་པན། ཨ་རི་སོགས་རྒྱལ་ཁབ་ཏུ་རིག་གཞུང་འཆད་འཁྲིད་ལ་བསྐྱོད་གནང་མཛད་པ་མ་ ཟད། འཇར་པན་རང་སྐྱོང་གསོ་རིག་སློབ་གྲྭ་ཆེན་མོ་དང་ཨ་རིའི་ཁ་རོས་ར་ཏོའི་སློབ་གྲྭ་ཆེན་མོ་གཉིས་སུ་ཕྱིས་འབྱུང་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་བཙུགས་གནང་ཡོད། ལྷག་པར་སྤྱི་ལོ་༡༩༩༨ལོའི་ནང་བློ་མཐུན་ཅང་ཙེ་མིན་གྱིས་མཚོ་འགག་ཕར་ཚུར་བར་གྱི་རིག་གནས་སྤེལ་རེས་དར་རྒྱས་གཏོང་དགོས་པའི་དགོངས་དོན་ཇི་བཞིན་ལོ་དེའི་ཟླ་བ་དགུ་པའི་ནང་མཁས་དབང་བྱམས་པ་འ ཕྲིན་ལས་ཡོན་ཀྲང་མཆོག་ནས་ཀྲུང་གོའི་ཚོགས་གཙོ་གནང་བའི་འཐུས་མི་དྲུག་ཐའེ་ཝན་དུ་རྒྱལ་སྤྱིའི་ཀྲུང་དབྱི་དང་བོད་ལུགས་གསོ་རིག་ཉམས་མྱོང་སྤེལ་རེས་ཚོགས་འདུར་ཞུགས་པ་དང༌། ཚོགས་འདུ་དེའི་དབུ་འཛིན་ལ་མཁས་དབང་བྱམས་པ་འཕྲིན་ལས་མཆོག་བསྐོ་བཞག་བསྩལ། ཁོང་གིས་སྨན་ཐང་བརྒྱད་ཅུའི་ལོ་རྒྱུས་དང་དེར་ཞིབ་འཇུག་བྱས་པའི་མྱོང་ཚོར་སོགས་ཆེད་རྩོམ་ངོ་གྲངས་བཞི་སྒྲོག་སྦྱངས་གནང་བར་ཀྲུང་གོའི་འཐུས་མི་དང་ཕྱི་རྒྱལ་ཀྱི་མཁས་དབང་རྣམ་པས་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་གནང་བ་མ་ཟད། མཁས་དབང་ཡོན་ཀྲང་མཆོག་ལ་མེ་ཏོག་གསོས་པ་དང་སྐུ་ཕྱག་འབུལ་བ་སོགས་བྱས་ནས་བོད་སྨན་ལ་དགའ་ཞེན་དང་ཡིད་ཆེས་ཀྱི་རྣམ་པ་མཚོན་པར་གནང་གི་འདུག

        མཁས་དབང་བྱམས་པ་འཕྲིན་ལས་མཆོག་ནས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་སྨན་རྩིས་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུགས་ནུས་ཡོད་ཚད་བཏོན་གནང་མཛད་པ་དང་འབྲེལ། ལོ་རབས་བརྒྱད་ཅུའི་ནང་བོད་ལྗོངས་སྨན་རྩིས་ཁང་དུ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཡོད་པའི་སྨན་རྩིས་མཁས་དབང་མཆོག་ཉིད་ནས་གཙོས་པའི་ཡོན་ཀྲང་སྐུ་གཞོན་ཀུན་དགའ་ཕུན་ཚོགས་དང༌། ཡོན་ཀྲང་སྐུ་གཞོན་ཆོས་གྲགས་མཆོག དགེ་རྒན་ཆེན་མོ་ཐུབ་བསྟན་ཚེ་རིང་མཆོག དགེ་རྒན་ཆེན་མོ་མི་ཕམ་ཡེ་ཤེས་མཆོག དགེ་རྒན་ཆེན་མོ་ཡེ་ཤེས་རྒྱན་མཚན་མཆོག དགེ་རྒན་ཆེན་མོ་ཀརྨ་ཆོས་འཕེལ་མཆོག དགེ་རྒན་ཆེན་མོ་བསྟན་འཛིན་ཕུན་ཚོགས། དགེ་རྒན་ཆེན་མོ་སྐུ་གཞོན་ཁྲང་ཀྲང་ཐུབ་བསྟན་སྐལ་བཟང༌། དགེ་རྒན་ཆེན་མོ་སྐུ་གཞོན་ཡོན་ཀྲང་མཁྱེན་རབ་ནོར་བུའི་སྐུ་ཚ་ངག་དབང་ཕུན་ཚོགས་དང༌། དགེ་རྒན་ཆེན་མོ་སྐུ་གཞོན་ཐབས་མཁས་ཕུན་ཚོགས་དང༌། དགེ་རྒན་ཆེན་མོ་སྐུ་གཞོན་བསྟན་འཛིན་བཀྲ་ཤིས་དང་ལྷུན་གྲུབ་བསྟན་དར། མཐར་ཕྱིན། བློ་བཟང་དབྱིག་གཉེན་སོགས་གཞུང་དང་ལག་ལེན་གང་ཅིར་ཐོགས་པ་མེད་པའི་དགེ་རྒན་མང་དག་ཞུགས་ནས་གསོ་རིག་བསྟན་པའི་རྩ་བ་བོད་ལྗོངས་སྨན་རྩིས་ཁང་དུ་ཚུགས་ནས་སྡོང་པོར་མེ་ཏོག་འབྲས་བཟང་ཐོན་ནའང་མཁས་དབང་བྱམས་པ་འཕྲིན་ལས་མཆོག་ནི་རྒྱ་མཚོ་ཆེན་པོ་ཆུ་ཡིས་མི་ངོམས་པའི་དཔེ་ལྟར་སྔ་རྗེས་སྤྱི་བདེ་ལས་ཁུངས་དང་ཞིང་རྭ་སོགས་ནས་འབྲེལ་ཡོད་གོང་རིམ་ལ་སྙན་གསེང་ཡང་ཡང་ཞུས་ནས་མཁས་དབང་དགེ་རྒན་བློ་བཟང་སྙན་གྲགས་ལགས་དང༌། མཁས་དབང་ཚེ་རྣམ་ལགས་དང༌།མཁས་དབང་དཔལ་ལྡན་བསྟན་འཛིན་ལགས། རྒན་པ་སངས་ཚེ་རིང་ལགས་སོགས་སྨན་རྩིས་ཁང་དུ་གདན་འདྲེན་ཞུས་པ་དང་སྦྲགས་ཁོང་རྣམ་པར་ལག་རྩལ་གོ་གནས་དང་འཚོ་བའི་ཆ་རྐྱེན་སོགས་གང་ཅིར་གཟིགས་སྐྱོང་བླ་ན་མེད་པ་གནང་ནས་སྨན་རྩིས་ཁང་གི་རྩ་བ་ཚུགས་པའི་སྡོང་པོ་དེར་ཡལ་ག་གསར་པ་ཞིག་བསྒྲོན་གནང་མཛད། ཡང་སྒོས་ཁོང་རང་ཉིད་ཀྱི་སློབ་དཔོན་མཁྱེན་རབ་ནོར་བུའི་དགོངས་བཞེད་མུ་མཐུད་འགྲུབ་པའི་སླད་དུ་རིག་གནས་གཞན་དག་སུམ་རྟགས་དང༌། དག་ཡིག མངོན་བརྗོད། སྡེབ་སྦྱོར། སྒྲ་རིག་པ་བཅས་དང་དེ་བཞིན་སྐྱེ་བོ་གསོ་ཐིག་དང༌། བཤེས་སྤྲིངས། སྤྱོད་འཇུག མཁས་འཇུག རྒྱལ་སྲས་ལག་ལེན། བློ་སྦྱོང་སོགས་སྨན་རྩིས་ཁང་གི་དར་གཞོན་རྣམས་དང༌། རྒྱལ་ཁབ་ནས་ཡོང་བའི་ཟབ་སྦྱོང་སློབ་མ། ད་དུང་ལྷ་སའི་ཉེ་འཁོར་གྱི་ལས་ཁུངས་ཁག་གི་ན་གཞོན་དོན་གཉེར་ཅན། སློབ་གྲྭ་ཆེ་འབྲིང་གི་དགེ་སློབ་དུ་མར་སློབ་སྦྱོང་གི་ཆ་རྐྱེན་བསྐྲུན་ཏེ་ལྗོངས་ནང་ཁུལ་གྱི་མཁས་དབང་མང་པོ་གདན་ཞུ་གནང་ནས་ཁྲིད་རྒྱུན་སྤེལ་བ་དང་ལུང་གནང་བཅུག་པ་མ་ཟད། ཁོང་སྐུ་ངོ་མས་ཀྱང་ཁྲིད་རྒྱུན་ཆད་ལ་ཉེ་བའི་རབ་བྱུང་བཅུ་གཅིག་པའི་ནང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནས་མཛད་པའི་གསོ་རིག་འཁོ་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་དང༌། དེ་བཞིན་སློབ་དཔོན་དང་སློབ་མའི་རྣམ་གཞག་དད་པའི་མཇུག་ངོགས་སོགས་ལས་ཞོར་དང་དམིགས་ཀར་གྱིས་སློབ་འཁྲིད་ཐེངས་མང་གནང་ཡོད་ལ། ཉེ་བའི་ལོ་རབས་དགུ་བཅུའི་ནང་མུ་མཐུད་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་རྣམ་ཐར་དང༌། སྡོང་འགྲེམས་རྣམ་བཤད། ས་བཅད་སྟག་མོའི་རྔམས་ཐབས། དཔལ་ལྡན་གསོ་བ་རིག་པའི་རྩ་བའི་རྒྱུད་ཆ་ཚང་ཐེངས་གསུམ། བཤད་པའི་རྒྱུད་ཆ་ཚང་ཐེངས་གཅིག་དང་དེའི་ནང་ནས་གཙོ་གནད་འདེམས་པ་ཐེངས་གཉིས་གསུམ། དཔལ་ལྡན་ཕྱི་མ་རྒྱུད་ནས་རྩ་ཆུ་དང་གཏར་བསྲེག་སོགས་ཐེངས་ཁ་ཤས། ནད་མིང་རིན་ཆེན་ཕྲེང་བ་དང༌། ཀོང་སྤྲུལ་ཟིན་ཏིག ནད་སྨན་སྤྲོད་པའི་ཉམས་ཡིག གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ་ཆ་ཚང་བཀའ་ཁྲིད་གནང་བ་མ་ཟད། ད་དུང་མུ་མཐུད་གཟའ་འཁོར་རེར་སློབ་འཁྲིད་གནང་རྒྱུ་ཐེངས་གསུམ་མ་ཆག་པར་མན་ངག་ལྷན་ཐབས་ལེའུ་དགུ་བཅུར་ཕེབས་པ་དང༌། མན་ངག་རྒྱུད་དབུ་ཚུགས་ནས་ད་ལྟ་ལེའུ་དྲུག་ཅུའི་ནང་ཕེབས། སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཕན་བདེའི་འབྱུང་གནས་སོགས་སློབ་འཁྲིད་གནང་བ་དང་དུས་མཚུངས་ནད་པ་གཟིགས་པ་དང་སྦྲགས་དེང་སྐབས་འཚོ་བྱེད་མི་ཉུང་བ་ཞིག་གིས་སྨན་ཐང་བརྒྱད་ཅུའི་ནང་དོན་རྟོགས་དཀའ་བར་དམིགས་ནས་ནང་དོན་རྣམས་བདེ་བླག་ཏུ་རྟོགས་ཕྱིར་རྒྱུད་བཞིའི་སྨན་ཐང་གི་གོ་དོན་གསལ་བར་བཀྲོལ་བའི་རྣམ་བཤད་བེཌྱའི་འོད་སྣང་ཞེས་པ་ཁོང་སྐུ་ངོ་མས་རྩོམ་བསྒྲིགས་ཐུགས་འགན་བཞེས་ཏེ་དུས་ཚོད་དམ་བཟུང་གནང་ནས་ད་ལྟ་ཡིག་འབྲུ་ཁྲི་གསུམ་སྟོང་ཙམ་གྲུབ་ཟིན་ཡོད། ད་དུང་དེ་དག་གི་ཐུགས་ཡིད་ཚིམ་ནས་མ་བཞུགས་པར་མཚོ་སྔོན་དང༌། ཀན་སུའུ། རྔ་པ། པེ་ཅིང་སོགས་ནས་རྒྱ་བོད་མཁས་པ་ཁག་གཅིག་སྔ་རྗེས་སུ་གདན་འདྲེན་ཞུས་གནང་བའི་ནང་མཁས་དབང་ཚེ་བརྟན་ཞབས་དྲུང༌། མཁས་དབང་མུ་དམུ་དགེ་བསམ་བརྟན། མཁས་དབང་བསམ་གྲུབ་རྒྱ་མཚོ། མཁས་དབང་སྐལ་བཟང་རྒྱ་མཚོ། མཁས་དབང་ཤེས་རབ་ཆོས་འཕེལ། མཁས་དབང་བསྟན་འཛིན་དོན་གྲུབ། མཁས་དབང་ཀོ་ཀླུ་སྒྲུབ། མཁས་དབང་ཧོང་མིན་ཤིན། མཁས་དབང་ཀྱན་ཅིའུ་ཅིང༌། མཁས་དབང་ཚའེ་ཅིང་ཕུང་སོགས་སྔ་རྟིང་དུ་ལྷ་སར་ཞབས་སོར་འཁོད་དེ་རིག་གཞུང་སྤེལ་རེས་ཀྱིས་མཛད་འཕྲིན་བསྐྱངས་ནས་བཀའ་དྲིན་ཅི་ཆེ་བསྩལ། གཞན་ཡང་མཁས་དབང་དེས་དཔེ་མཛོད་ཁང་གསར་བསྐྲུན་ཐོག་རྙེད་པར་དཀའ་བའི་གཞུང་གི་ཕྱག་དཔེ་འཚོལ་བསྡུ་དང༌། སྨན་རྩིས་རིག་གཞུང་གིས་གཙོས་པའི་དཔེ་ཆའི་པར་ཁང་སོགས་སྨན་རྩིས་ཀྱི་སྒྲིག་གཞིའི་མ་ལག་ཆ་ཚང་གཏན་འབེབས་གནང་བ་དང་སྦྲགས་ལོ་རྒྱུས་ཐོག་བྱོན་པའི་སྐད་གྲགས་ཡོད་པའི་སྨན་རྩིས་མཁས་དབང་བརྒྱ་དང་ལྔ་བཅུ་ལྷག་རྩམ་ཡོད་པའི་སྨན་རྩིས་མཁས་དབང་སྐུ་བརྙན་ཁང་ཞེས་པ་གསར་དུ་བཞེངས་གནང་མཛད་པ་དེ་ནི་བོད་ལུགས་གསོ་རིག་ལོ་རྒྱུས་ཐོག་ལུས་པའི་སྟོང་ཆ་ཁ་སྐོང་གནང་བ་ཞིག་རེད། ཁྱད་པར་དུ་མི་ལོ་བཅུ་ཕྲག་དུ་མའི་རིང་ལ་འཆད་ཉན་གནང་མཁན་མ་བྱུང་བས་དེང་སྐབས་སུ་བོད་དབུས་གཙང་ཁམས་གསུམ་དང༌། རྒྱ་བལ་སོགས་སུ་འཁྲིད་རྒྱུན་དཀོན་ཞིང་སྟོང་ལ་ཉེ་བའི་སྒྲ་མདོ་ཙན་དྲས་མཚོན། མཁས་དབང་ཙེ་རྣམ་མཆོག་ལ་ཁྲིད་རྒྱུན་བཞུགས་པ་དེ་ཉིད་མྱུར་སྐྱོབ་དར་སྤེལ་གནང་ཕྱིར། བློ་གསལ་དོན་གཉེར་ལྡན་པའི་སློབ་སྟོན་སྤེལ་དུ་འཇུག་པའི་གཙོ་འགན་བཞེས་ཏེ་གནད་དུ་སྨིན་པར་བྱས་ནས། ད་ཆ་སྨན་རྩིས་ཁང་འདིར་བོད་གངས་ཅན་ལྗོངས་ཀྱི་བཅུ་ཕྲག་རིག་གནས་ཚང་མ་ཡ་མ་བྲལ་བར་འཆད་ཉན་ལག་ལེན་གྱི་རྒྱུན་བཟང་སླར་གསོ་དང་ཤེས་ཡོན་ལྡན་ཞིང་ཀུན་སྤྱོད་ལེགས་པའི་མི་སྣ་མང་པོ་འཚར་ལོངས་བྱུང་ནས་ཁྱབ་སྤེལ་བྱུང་དང་འབྱུང་མོས་ཡིན་ལ་རྒྱལ་ཁབ་མི་དོན་པུའུ་དང༌།རྒྱལ་ཁབ་འཕྲོད་བསྟེན་པུའུ། རྒྱལ་ཁབ་ཀྲུང་དབྱི་དོ་དམ་ཅུས་ནས་ཐེངས་དང་པོར་སློབ་མ་བག་གྲོ་ལགས་རྩིས་སྤྲོད་གནང་བ་དང། ཁོང་དགེ་ཕྲུག་ཐོན་ནས་ད་ལྟ་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་དང༌། འབུམ་གཞོན་སྨན་པའི་གོ་མིང་ཐོབ་ཡོད། ཐེངས་གཉིས་པར་གསོ་རིག་ཞིབ་འཇུག་སོའོ་ཡི་སྨན་པ་ཚེ་བརྟན་འཇིགས་མེད་ལགས་ཁོང་གི་དགེ་ཕྲུག་ལ་གསོ་སྐྱོང་གནང་བཞིན་ཡོད། ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་འོག་མཁས་ དབང་བྱམས་པ་འཕྲིན་ལས་མཆོག་ནས་གོང་རིམ་ལ་སྙན་ཞུ་དང་སྙན་གསེང་ཞུས་ནས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་རྒྱ་བསྐྱེད་དང༌། བོད་སྨན་བཟོ་གྲྭ་གསར་བརྗེ་གནང་བ་དང༌། ད་ལྟ་ལྷ་ས་ཉང་བྲན་ལམ་དུ་ཡོད་པའི་སྨན་རྩིས་ཁང་ནད་སྡོད་པུའུ་གསར་རྒྱག་དེ་བཞིན་བོད་རང་སྐྱོང་ལྗོངས་བོད་སྨན་འབྲིང་རིམ་སློབ་གྲྭ་བཙུགས་གནང་མཛད་པའི་རྗེས་སུ་ཡུན་རིང་མ་སོང་བར་བོད་སྨན་མཐོ་རིམ་གྱི་མི་སྣ་གསོ་སྐྱོང་གནང་ཆེད། སླར་ཡང་ཁོང་སྐུ་ངོ་མས་ཀྲུང་དབྱང་དབུ་ཁྲིད་དང་བོད་རང་སྐྱོང་ལྗོངས་ཏང་ཨུད། མི་དམངས་སྲིད་གཞུང༌། རྒྱལ་ཁབ་འཕྲོད་བསྟེན་པུའུ་སོགས་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་ལ་ཁོང་གི་བསམ་ཚུལ་རྣམས་ལྷུག་པོར་སྙན་གསེང་ཞུས་རྗེས་མཐར་དབུ་ཁྲིད་རྣམས་ཀྱིས་ཀྱང་དོན་འདི་གལ་ཆེར་བཟུང་ནས་ཐུགས་འཁུར་རྒྱབ་སྐྱོར་གནང་ཐོག་ཆོག་མཆན་དང་འབྲེལ་གྲོན་དངུལ་གསོལ་རས་བསྩལ་རྗེས། མཁས་དབང་བྱམས་པ་ཡོན་ཀྲང་མཆོག་ནས་དུས་ཚོད་དམ་འཛིན་གནང་སྟེ་ཉིན་མཚན་བལྟོས་མེད་ཀྱི་ཤར་རྒྱུགས་ནུབ་རྒྱུགས་ཐོག་ཕྱོགས་གཅིག་ནས་སློབ་ཆེན་གྱི་ཨར་པོའི་ལས་གྲྭར་རྟོགས་ཞིབ་དང༌། ཕྱོགས་གཞན་ཞིག་ནས་སློབ་ཆེན་གྱི་སྤྱིའི་སྒྲིག་གཞི་དང༌། སློབ་ཆེན་གྱི་བཀོད་སྒྲིག དེ་བཞིན་དགེ་རྒན་ཆེ་འབྲིང་ཆུང་གསུམ་གྱིས་བཀོད་སྒྲིག་གནང་རྒྱུ་སོགས་ཡོངས་སུ་རྫོགས་པ་ཁོང་གི་ཕྲག་པར་བབས་ཀྱང༌། ཁོང་གིས་དཀའ་ངལ་ཁྱད་བསད་ཀྱི་ལས་དོན་ཚང་མ་ལེགས་སྒྲུབ་ཐོག་སྤྱི་ལོ་༡༩༨༩ལོའི་ཟླ་བ་༩པའི་ཚེས་༣ཉིན་དངོས་སུ་བོད་སྨན་སློབ་ཆེན་དབུ་བརྙེས་པ་དང་སྦྲགས་སློབ་ཆེན་འདིའི་དབུ་འཛིན་ཀྱང་ཁོང་བསྐོ་བཞག་གནང་བ་རེད། ད་དུང་ཁོང་གིས་གསོ་རིག་ཞིབ་འཇུག་སོའོ་དང༌། གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་སོགས་གསར་འཛུགས་གནང་བ་མ་ཟད། དེ་རྣམས་ལ་ཐུགས་རྒྱ་ཆེན་པོས་བོད་ལུགས་གསོ་རིག་གི་རྒྱུན་སྲོལ་བཟང་པོ་དང་དེང་རབས་ཚན་རིག་གཉིས་ཟུང་འབྲེལ་གྱིས་སྨན་ཁང་གི་དོ་དམ་ལམ་ལུགས་སྣེ་ཁྲིད་སྲོལ་གཏོད་གནང་བར་བརྟེན་བོད་ལྗོངས་སྨན་རྩིས་ཁང་སོགས་ཀྱི་དོ་དམ་ལམ་ལུགས་ལ་གོ་རིམ་ལྡན་པ་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་སྟབས། ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་མིན་མཆོག་བོད་ལྗོངས་སྨན་རྩིས་ཁང་དུ་གཟིགས་བསྐོར་དང་རྟོགས་ཞིབ་ལ་ཕེབས་དུས་སྤྱི་ཁྱབ་ཧྲུའུ་ཅི་མཆོག་ནས་བྱམས་པ་འཕྲིན་ལས་ནི་དོ་དམ་མཁས་ཅན་གྱི་ཡོན་ཀྲང་ཞིག་རེད་འདུག་ཅེས་བསྔགས་བརྗོད་གནང་ཡོད། མདོར་ན་མཁས་དབང་བྱམས་པ་འཕྲིན་ལས་མཆོག་ནས་འདས་པའི་བགྲང་བྱ་བཅུ་ཕྲག་འགའི་ནང་འཕྲོད་བསྟེན་དང༌། ཚན་རིག་ཞིབ་འཇུག གནམ་རིག་སྐར་རྩིས། རིག་གཞུང་སློབ་ཚོགས། སྒྲིག་གཞི་དོ་དམ་བཅས་ལ་བསུབ་ཐབས་བྲལ་བའི་མཛད་རྗེས་བཟང་པོ་བཞག་གནང་ཡོད་ལ། རང་ལྗོངས་ཙམ་མ་ཟད་ཞིང་ཆེན་ཕྱི་ཡི་བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་དར་རྒྱས་ཆེད་དུ་དངོས་ཤུགས་རྒྱུད་གསུམ་གྱི་སྒོ་ནས་ཐུགས་འཁུར་སྐྱབས་འཇུག་ཅི་ཆེ་གནང་ཡོད། དགུང་ལོ་བདུན་ཅུར་ཕེབས་ཀྱང་ད་དུང་མུ་མཐུད་ཚན་རིག་ཞིབ་འཇུག་དང༌། སློབ་མ་གསོ་སྦྱོང༌། ནད་ཐོག་ལག་ལེན་སོགས་མཛད་ནས་འགྲོ་དོན་བཟང་པོས་དུས་འདའ་བར་སྣང༌། །

སླར་སྨྲས་པ།
དད་བརྩོན་བློ་ཡིས་མཁས་པའི་གོ་འཕང་བརྙེས།
བྱམས་པ་སྙིང་རྗེས་ཉམ་ཐག་འགྲོ་བ་སྐྱོབ།
སྨན་རྩིས་བསྟན་པའི་སྤེལ་བའི་འཕྲིན་ལས་ཅན།
གང་ཁྱེད་བསྟན་འཛིན་རྒྱུད་པའི་རྒྱན་དུ་མཛེས།

        ཞེས་བོད་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གི་མཛད་རྗེས་རགས་ཙམ་ངོ་སྤྲོད་ཞུས་པ་འདི་ཡང༌། འཕན་ཡུལ་ནཱ་ལེནྡྲའི་དགེ་མིང་ཚུལ་ཁྲིམས་རྒྱན་མཚན་པས་སྒྲོ་སྐུར་སྤངས་ཏེ་རང་བཞིན་བརྗོད་པའི་ཚིག་གི་ཕྲེང་བར་སྤེལ་བ་དུས་ཐམས་ཅད་དུ་གངས་ཅན་བོད་ཀྱི་རིག་གནས་རྒྱ་ཁྱབ་གཏིང་ཟབ་ཏུ་དར་བའི་རྟེན་འབྲེལ་མཆོག་ཏུ་གྱུར་ཅིག །

ཉེ་བའི་གསར་བསྒྱུར།