ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > མི་སྣ། > དེང་རབས་མི་སྣ།

བོད་ཀྱི་རྡོ་བརྐོས་སྒྱུ་རྩལ་པ་མགོན་པོ་ཚེ་བརྟན་ལགས་ཀྱི་གནས་ཚུལ།

སྤེལ་དུས། 2011-08-31 16:49:00  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། ཁྱུང་ཐར་རྒྱལ།  ཀློག་གྲངས།

         བོད་ཀྱི་རྡོ་བརྐོས་སྒྱུ་རྩལ་ལ་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་དེ། གདོད་མའི་དུས་སུ་བྲག་བརྐོས་རི་མོ་བྱུང་བ་དང་བཙན་པོ་རྣམས་ཀྱི་སྐུ་རིང་ལ་རྡོ་རིང་གི་ཡི་གེ་བྱུང་ཞིང་། རྗེས་སུ་རྡོ་བརྐོས་སྒྱུ་རྩལ་གྱི་གཟུགས་རིས་སྣ་ཚོགས་བྱུང་སྟེ། ལྷ་སའི་ལྕགས་པོ་རི་དང་འབྲས་སྤུངས། སེ་ར། དགའ་ལྡན་རྣམས་དང་། མངའ་རིས་ཀྱི་གུ་གེ་རྒྱལ་པོའི་ཕོ་བྲང་། ལྷོ་ཁའི་བསམ་ཡས་དགོན་པ། ཆབ་མདོའི་ལྡན་མ་བྲག་ལྷུན་གྲུབ་སོགས་དང་། བར་ཁམས་ཀྱི་སེར་ཤུལ་དང་མགོ་ལོག་སོགས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད།
ད་ལྟ་འཛམ་གླིང་ཡོངས་ནས་བོད་རིག་པར་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་འདུག་ལ། བོད་ཀྱི་རིག་གནས་ཆེ་བ་ལྔ་བའི་ནང་ཚན་བཟོ་རིག་པ་ལ་དེ་བས་ཀྱང་ཡིད་སྨོན་བྱེད་ཀྱིན་འདུག དེའི་མཚུངས་སུ་རྒྱ་སེར་ཕྱི་གླིང་པ་དག་ཀྱང་བོད་ཀྱི་སྒྱུ་རྩལ་མཁན་པོ་དེ་དག་ད་དུང“རི་མཐོ་ས་གཙང་། གདངས་རི་གཉན་གྱི་ཡུལ”དུ་བཙལ་ན་མ་གཏོགས་མི་རྙེད་ལ། གུས་པོས་འདིར་གླེང་བར་འདོད་པའི་བོད་ཀྱི་རྡོ་རྐོས་སྒྱུ་རྩལ་པ་མགོན་པོ་ཚེ་བརྟན་ཡང་དེའི་གྲས་ཀྱི་གཅིག་རེད།
         ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་གླང་ལོར་(༡༢༣༧)རོང་བོ་ཨ་མྱེས་གུར་གྱི་ཉེ་དྲུང་དུ་སྐྱེས་ཤིང་། མཚན་ཡང་རྟེན་དེའི་དཀོར་གཉེར་མེ་ཏེ་ཞེས་པས་མགོན་པོ་ཚེ་བརྟན་དུ་བཏགས། ཡོངས་གྲགས་སུ་མགོན་ཚེ་ཟེར། ལོ་ཆུང་ངུའི་དུས་ཕ་མའི་ཕྱིར་འབྲངས་ནས་མདོ་སྨད་ཀྱི་སྐད་གྲགས་ལྡན་པའི་ཆོས་སྡེ་ཆེན་པོ་རྭ་རྒྱ་དགོན་པར་མཇལ་སྐོར་བྱས་པར། དེ་གའི་ལྷའི་གཞལ་མེད་ཁང་ཆེན་ས་ལ་འཕོས་པ་ལྟ་བུའི་གཙུག་ལག་ཁང་དང་། འདུ་ཁང་སོགས་རྟེན་དང་བརྟེན་པའི་བཀོད་པ་ཁྱད་པར་ཅན་དང་། གཟི་འོད་རྣམ་པར་བཀྲ་བའི་བོད་ཀྱི་སྲོལ་རྒྱུན་རི་མོ་དག་ལ་མཇལ་བའི་སྐལ་བཟང་མངོན་དུ་གྱུར་བར་བརྟེན། མཛེས་རིས་སྒྱུ་རྩལ་གྱི་བག་ཆགས་ཀྱང་སྔ་མོ་ནས་སད་པར་གྱུར། དེ་ནས་བཟུང་ཁོ་རང་རྩེད་མོ་རྩེད་བ་ཚུན་ཆད་དུ་ས་ངོས་དང་རྡོ་ལེབ། ཡང་ན་ཁ་བའི་ནང་དུ་བྱ་དང་བྱེའུ། མི་དང་སྲོག་ཆགས་སོགས་ཀྱི་རི་མ་ཐོ་རེ་བ་འབྲི་བའི་སྟངས་ཀ་བྱེད་ཀྱིན་འདུག
         རང་ལོ་བཅུ་བཞིའི་སྟེང་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེན་པོ་འོད་གསལ་ཐེག་མཆོག་ཆོས་གླིང་ངམ་ཧོར་གཏེར་སྟོན་ཆོས་སྒར་དུ་ཚོགས་ལ་ཞུགས་ཏེ། ཡི་གེ་འབྲི་ཀློག་ནས་བརྩམས་ཏེ་འདོན་ཆོས་སྤྱོད་ཡོངས་རྫོགས་སྦྱངས། སྔ་གཞུག་ཏུ་ཁམས་རྡོ་གྲུབ་རྣམ་གསུམ་དང་འབྲུག་ལོ་གྲུབ་རྒན། གཏེར་སྟོན་རྣམ་གཉིས་སོགས་སྔ་འགྱུར་རྙིང་མའི་མཚན་ཉིད་ལྡན་པའི་བླ་མ་དུ་མའི་ཞབས་ལ་གཏུགས་ཏེ་དབང་ལུང་ཁྲིད་གསུམ་གྱི་གདམས་པ་ཡོངས་སུ་མནོས།
         གཞན་ཡང་། རོང་བོ་དགོན་པའི་དུས་འཁོར་གྲྭ་ཚང་གི་ཨ་ཁུ་སྟག་ལྷ་ཚང་དང་རང་དགོན་གྱི་ཨ་ལགས་མཐུ་སྟོབས་ཚང་། ཨ་ཁུ་རྟེའུ་བརྟན་ཚང་། དཔའ་རྒྱལ་ཚང་སོགས་ཀྱི་མདུན་ནས་ཐུན་མོང་རིག་གནས་དང་། ཡི་གེ་གཟབ་གཤར། ལན་ཝར། སྐུ་གཟུགས། དཀྱིལ་འཁོར་སོགས་ཀྱི་ཐིག་རྩའི་ལག་ལེན་བྱང་ཆུབ་པར་སྦྱངས།
         ལྷག་པར་དུ། རྒྱལ་བའི་བཀའ་འགྱུར་ཁྲོད་ཀྱི་དུས་འཁོར་དང་། སྡོམ་འབྱུང་རྩ་འགྲེལ། ཤ་རིས་བུས་ཞུས་པ། ཀྲི་ཡ་ས་མུ་ཙྪ། ཀོ་ས་ལའི་རྒྱན་སོགས་ལྷ་བཟོ་རིགས་པའི་གཞུང་དང་ཐིག་ཚད་ཀྱི་རྣམ་བཞག་གིས་གཙོས་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་རྒྱུན་འཛིན་བྱས་ཏེ། ཚོན་སྦྱོར་དང་རས་འདུལ། སྐྱ་ཐིག་ཚོས་གདན། ཚོན་མདངས། བཅད་ཁ་སོགས་རིམ་པ་མང་པོ་ཞིག་བརྒྱུད་དེ། རུས་ཚུགས་དང་ལུས་ཚུགས། རྒྱན་ཚུགས་སོགས་རིམ་པ་ལྟར་བཏོན་པས་ཁོང་གི་ཐང་ཀའི་སྒྱུ་རྩལ་ལ་གཟུགས་བརྙན་གསོན་ཉམས་དོད་པ་དང་། ལུས་ཀྱི་སྟངས་སྟབས་བདེ་ཞིང་འཁྱུག་པ། ཚོན་མདངས་འཇམ་ཤ་དོད་ལ་ཁམས་དྭངས་པ་སོགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མངོན་པར་ཐོན། གཞན་ཡང་། གཏེར་སྟོན་ཆོས་སྒར་དུ་མིང་ལ་པད་བསྟན་ཟེར་བའི་རྡོ་རྐོས་པ་གྲགས་ཅན་ཞིག་ཡོད་པ་དེའི་དྲུང་ནས་རྡོ་སྐུ་རྐོ་སྲོལ་སྦྱངས་ནས་རྨང་ཅུང་ཙམ་ཚུགས་པའི་ཐོག སླར་ཡང་མགོ་ལོག་ནས་ཕེབས་པའི་རྡོ་རྐོ་མཁན་ཞིག་བསྟེན་ནས་ལེབ་རྐོས་འབུར་མ་སྦྱངས། ལེབ་རྐོས་ལ་ཅུང་བྱང་བའི་སྟེང་ཨ་ལགས་ཉིན་ལུང་ཚང་གིས་རྡོ་ལ་འབུར་གཤོང་བཏོད་ཚུན་གྱི་མཛུབ་ཁྲིད་རགས་ཙམ་གནང་བ་བཅས་ལ་བརྟེན། གཅིག་ཤེས་ཀུན་གྲོལ་གྱི་ཚུལ་གྱིས་རྡོ་བརྐོས་སྒྱུ་རྩལ་ལ་ཐུན་མོང་མ་ཡིན་པའི་བློ་སྐྱེད་ཐོབ་པར་གྱུར།
         རི་ཁ་བ་ཅན་གྱི་གཤིས་བཟང་རྒྱུད་འཇམ་གྱི་བོད་མི་ཕལ་ཆེར་དང་འདྲ་བར་རྡོ་རྐོས་སྒྱུ་རྩལ་པ་མགོན་པོ་ཚེ་བརྟན་ཁོང་ཡང་ངང་རྒྱུད་རིང་ཞིང་། སེམས་ན་ཀྱ་ཀྱུ་མེད་པའི་མི་ཞིག་ཡིན་པར་མ་ཟད། བྱ་བ་ཅི་དང་ཅི་སྒྱུབ་ནའང་ཧོལ་རྒྱུགས་དང་རྩིང་ལས་བྱེད་འདོད་མེད་པར་ཏན་ཏན་ཏིག་ཏིག་བྱེད་པ་དང་། རང་ཉིད་ཀྱི་ཁེ་གྲགས་དང་ཡོང་འབབ་ལ་གཏན་ནས་མི་ལྟ་བ་ཞིག་ཡིན།
          ལོ་ངོ་དུ་མའི་རིང་ལ་ཁོང་གི་ཁྲག་དང་རྔུལ་ཆུས་བཞེངས་པའི་བརྩམས་ཆོས་དེ་དག་གིས་ང་ཚོར་ནམ་ཡང་འཛད་མཐའ་མེད་པའི་སྒྱུ་རྩལ་གྱི་བྲོ་བ་ཟབ་མོ་ཞིག་སྟེར་ལ། དེ་ལས་ཁོང་གི་མི་ཚེའི་རིན་ཐང་དང་མཛེས་རིག་གི་ལྟ་བའང་མངོན་པར་མཚོན་འདུག ཡིན་ན་ཡང་། མི་ཚེ་ཞིག་ཡིན་ན་ཟློས་གར་ཞིག་ཡིན་པས་ལས་སྐལ་གྱི་ལྷ་མོས་ཁོང་ལ་ཀུ་རེ་མི་བྱེད་པ་ག་ལ་སྲིད། ལྟོགས་སྐོམ་གྱིས་མནར་བའི་ང་བརྒྱད་ལོ་དང་། མཚོན་ཆ་རྩུབ་མོ་འབབ་པའི་གཅིག་རྡུང་གསུམ་རྒོལ་གྱི་ལོ། བཅོམ་བརླག་གི་རིག་གནས་གསར་བརྗེ་ཆེན་པོ་སོགས་ཀྱིས་ཁོང་གི་རིན་ཐང་བྲལ་བའི་བརྩམས་ཆོས་དེ་དག་ལ་ལྷ་འདྲེ་གདོན་བགེགས་ཀྱི་ཞ་མོ་བསྐོན་ཏེ་རྒྱང་ཕུད་དུ་བཏང་བར་མ་ཟད། ཁོང་གི་ལུས་སུའང་ལྡེབས་རིས་དང་གཙགས་དྲུབས་ཀྱི་རི་མོ་ལྟ་བུའི་རྨ་ཤུལ་མང་པོ་བཟོས། དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ་ཁོང་ལོ་ན་གཞོན་དུས་བཞེངས་པའི་ལྡེབས་རིས་དང་གཙགས་དྲུབས། དཀྱིལ་འཁོར། ཙ་ཀ་སོགས་བརྩམས་ཆོས་མི་ཉུང་བ་ཞིག་ཀྱང་བདག་དམ་མ་ཐུབ་པར་ང་ཚོ་དང་གཏན་ཡལ་དུ་གྱུར་མོད། སྐབས་དེར་བརྩམས་ཆོས་དེ་དག་མཐོང་མྱོང་མཁན་རྣམས་ཀྱིས་ལྷ་རིས་པར་ཁས་འཆེས་པ་ཕལ་གྱིས་སྒྲུན་དུ་མེད་པར་བཤད་པ་ཡང་ང་ཚོས་རློམ་སེམས་སྐྱེ་ཆོག་པ་ཞིག་ཡིན།
          གཞན་ཡང་། ཁོ་ཚོའི་སྡེ་བས་བོད་ཀྱི་ཟློས་གར<<སྲོང་བཙན་སྒམ་པོའི་རྣམ་ཐར>>འཁྲབ་སྲོལ་སླར་གསོ་བྱས་པར་འཁྲབ་ལྭ་དང་། རས་གཞི། འཁྲབ་ཆོས་སོགས་མང་པོ་བཟོས་ཏེ་སྔ་གཞུག་ཏུ་སྒོར་ཁྲི་ལྔ་ལྷག་གི་འགྲོ་གྲོན་གསབ། ཁོང་གིས་སྔ་འགྱུར་བསྟན་པའི་བདག་པོ་སྐྱབས་རྗེ་དམ་པ་གཏེར་རྒན་རིན་པོ་ཆེའི་བཀའི་ཅོད་པན་སྤྱི་བོར་བླངས་ཏེ་ཞིག་རལ་དུ་གྱུར་བའི་ལྷ་ཁང་རྙིང་བ་རྣམས་ལ་ཡོ་འཆོས་དང་། མཆོད་རྟེན་གསར་བཞེངས། གྲྭ་ཤག་གི་བེ་རིམ་གཏན་ཁེལ་སོགས་དང་། དཀྱིལ་འཁོར་ལ་ཐིག་རྩ་འདེབས་པ་དང་ལཉྫའི་མ་ཕྱི་འབྲི་བ་སོགས་ཀྱི་བྱ་བར་ཞབས་འདེགས་ཅི་ནུས་བྱས་པར་མ་ཟད། རང་དགོན་དུ་ལྷ་བཟོ་རྣམས་ཀྱིས་ལྡེབས་རིས་བཞེངས་སྐབས་ཁོང་གིས་ལག་བསྟར་གྱིས་ཙ་ཀ་སུམ་བརྒྱ་ལྷག་བཞེངས། ལྷག་པར་དུ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ཕྱི་ནང་ཀུན་ན་སྐད་གྲགས་ཆེ་བའི་“བཀའ་བསྟན་རྡོ་རྩིགས”ཉམས་གསོའི་བྱ་བར་ཁོང་གིས་ལྷག་བསམ་རྣམ་དག་གིས་རང་གི་སྟོབས་ཤུགས་ཡོད་ཚད་ཕུལ།
༡༩༩༥ལོར་རྒྱལ་ཁབ་ཀྱིས་“བཀའ་བསྟན་རྡོ་རྩིགས”བསྐྱར་གསོ་བྱེད་པར་མ་དངུལ་ཅུང་ཙམ་གནང་ཞིང་འབྲེལ་ཡོད་སྡེ་ཁག་གིས་བསྐྱར་གསོའི་བཀོད་འདོམས་ཀྱི་འགན་དེ་ཁོང་གི་ཕྲག་ལ་བཀལ། གལ་ཏེ། ཕྱི་ནས་ལས་ཀ་བ་གླས་ན་རྡོ་ཁྲི་ལ་ཨར་ལས་བྱེད་དགོས་འདུག་པས། དེ་ལྟར་བྱས་ན་ཡུན་བརྟན་ཞིག་ཡོང་དཀའ་བར་བརྟེན། ཁོང་གིས་མནོ་བསམ་གང་མང་བཏང་མཐར་རྡོ་རྩིགས་ཀྱི་གསེབ་ཏུ་ས་མར་གྱིས་འདག་འབྱར་བྱས་ན་སྲ་ཞིང་བརྟན་ལ་ཡུན་བརྟན་ལ་ཡུན་བརྟན་ཡོང་ངེས་ཡིན་ཞིང་ཕྱིས་སུ་རྩིགས་བཟོའི་དཔེ་སྟོན་ཐུབ་པ་ཞིག་འོང་བསམ་ནས་རང་གི་ལོ་ན་མཐོ་བ་དང་ལུས་ཟུངས་ཞན་པར་མ་བལྟས་པར་ལས་ཡུལ་དངོས་སུ་བཀོད་འདོམས་དང་ལས་ཀར་ཞུགས་མོད། འོན་ཀྱང་གླ་ཆ་སྐར་གང་ཡང་མ་བླངས་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཕ་མེས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པར་འདི་ལྟར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་པས་རྒྱ་ཆེའི་མང་ཚོགས་ལ་སེམས་འགུལ་ཐེབས་ཏེ་རང་འགུལ་གྱིས་བསྐྱར་གསོའི་ལས་ཀར་ཞུགས་པ་མ་ཟད། ཁོང་ལ་བླ་མ་ལྟ་བུའི་བཀུར་བཟོ་ཚད་མེད་བྱས། དེའི་མཚུངས་སུ་འབྲེལ་ཡོད་སྡེ་ཁག་གིས་ལས་ཡུལ་དངོས་སུ་ལྟ་ཞིབ་བྱས་ནས་ཁོང་གི་བླ་ན་མེད་པའི་གྲུབ་འབྲས་འདིར་གདེང་འཇོག་ཚད་མཐོན་པོ་མཛད།
           དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བའི་ཚུན་མི་རིགས་ཀྱི་རིག་གནས་སླར་ཉམས་གསོ་ལེགས་པོ་བྱུང་ཞིང་། ཁོང་གིས་ཀྱང་སྐོམ་པས་ཆུ་འདོད་པ་ལྟར་མཛེས་རིས་སྒྱུ་རྩལ་ལ་ཉམས་ཞིབ་གནད་དུ་ཐིངས་པ་བྱས་ཏེ། ས་གནས་རང་བཞིན་དང་མི་རིགས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་མང་པོ་གསར་བཟོ་བྱས་ཡོད། ཁོང་གི་བརྩམས་ཆོས་ལ་གཟིགས་ཚེ། ཁྱོད་རང་འཛད་མཐའ་མེད་པའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཏུ་འཁྲིད་ངེས་ཡིན་ཏེ། ད་ལྟ་དངོས་སུ་མཇལ་དུ་ཡོད་པའི་ཁོང་གི་རྡོ་བརྐོས་འབུར་མའི་བརྩམས་ཆོས་ཁྲོད་ཀྱི་《ཐང་སྟོང་རྒྱལ་པོ》དང《མཐུན་པ་སྤུན་བཞི》《མི་ལ་རས་པ》《གསང་བདག》《སྒྲོལ་ལྗང》《འཕགས་པ་སྤྱན་རས་གཟིགས།》《རྗེ་ཙོང་ཁ་བ》《ཚེ་དཔག་མེད》《རྟ་མགྲིན》《ཕུར་བ་བདུད་དཔུང་ཟིལ་གནོན》《ཀུན་རིག》《གསང་འདུས》《འཇགས་བྱེད》《བདེ་མཆོག》《ཞི་ཁྲོ》《གུ་རུ་དྲག་པོ》《རྡོར་སེམས》《མཁའ་འགྲོ་དཔལ་ཆེན》《གུ་རུ་དྲག་པའི་ཕུར་བུ》《ཐུགས་བརྩོན་རྒྱལ་བ་རྒྱ་མཚོ》སོགས་ལ་གཅིག་ལས་གཅིག་ལྷག་གི་གསོན་ཉམས་ལྡན་ཞིང་སངས་རྒྱས་དང་བླ་སྐུ་བཞུགས་སྟབས་ལྷོད་ཅིང་བྱིན་ཆགས་པ་དང་། ཁྲོ་བོ་རྣམས་ཀྱི་འགྱིང་སྟབས་ཟིལ་ཆེ་ཞིང་རྔམས་ཉམས་དེད་པ་སོགས་སྲོལ་རྒྱུན་སྒྱུ་རྩལ་གྱི་ཁྱད་ཆོས་མ་ཉམས་པའི་ཁར་ཁོང་རང་གི་བློ་གྲོས་ཀྱི་རྩལ་གྱིས་གསར་རྩོམ་བྱས་པས་ཐུན་མོང་མ་ཡིན་པའི་སྣང་བརྙན་ཞིག་མངོན་པར་གྲུབ་ཡོད། ལྷག་པར་དུ་བརྩམས་ཆོས་དེ་དག་ལས་རང་གི་བསམ་པའི་བརྩེ་དུང་དེ་ཕུན་སུམ་ཚོགས་པར་མཚོན་ཡོད་པས་སྲོལ་རྒྱུན་སྒྱུ་རྩལ་གྱི་ཚད་བཀག་ལས་ཆེས་ཆེར་བརྒལ་ཡོད་པའང་ཤེས་ཐུབ།
         ཁོང་གི་བརྩམས་ཆེས་ཅི་ཙམ་ཡོད་པ་དཔོག་དཀའ་ཡང་། ཧ་ལམ་རགས་རྩིས་བྱས་ན་ཐང་ཀ་འབྲིང་གཉིས། ཙ་ཀ་སུམ་བརྒྱ་ལྷག དཀྱིལ་འཁོར་ཉི་ཤུ། ཕུར་བའི་ལྡེར་སྐུ་མི་ཚད་ཙམ། པད་མ་མཐོང་གྲོལ་གཉིས། སྣག་སྒྲོམ་སོགས་བརྩམས་ཆོས་ལྔ་བརྒྱ་ཉེ་བ་ཙམ་གྱིས་རང་རྒྱལ་གྱི་རིག་གནས་བང་མཛོད་ནང་དུ་འོད་སྟོང་རབ་ཏུ་འབར་བའི་ལེ་ཚན་གསར་བ་ཞིག་ཁ་སྣོན་བྱས་པ་རེད། མུ་ཏིག་ལྟར་འོད་འཚེར་བའི་ཁང་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བརྒྱུད་གཏོང་བྱས་པ་མ་ཟད། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱིས་པར་སྐྲུན་བྱས་པའི《ཀྲུང་གོའི་བོད་ཀྱི་རྡོ་རྐོས་སྒྱུ་རྩལ》ཞེས་པའི་དཔེ་དེབ་ཏུ་ཁོང་གི་རྡེ་རྐོས་སྒྱུ་རྩལ་སྐོར་ཞིག་བོད་རྒྱ་དབྱིན་གསུམ་གྱི་ཡི་གེས་མཚམས་སྦྱོར་བྱས་ཡོད། དེར་མ་ཟད། སྔ་རྗེས་སུ་ཀྲུང་དབྱང་མཛེས་རྩལ་ལས་རིགས་དང་ཀན་ལྷོའི་རིགས་དང་ཀན་ལྷོའི་རིག་རྩལ་མཐུན་ཚོགས་སོགས་ཀྱི་ཆེད་མཁས་པ་དང་རི་མོ་བ། སློབ་མ། དུས་དེབ་རྩོམ་སྒྲིག་པ། ཕྱི་གླིང་པ་སོགས་ཐེངས་མང་པོར་དངོས་ཕེབས་ཀྱིས་བཅར་འདྲི་དང་བརྩམས་ཆོས་པར་ལེན་བྱས་ཤིང་། ཉེ་ལམ་《ཀྲུང་གོའི་སྒྱུ་རྩལ་པ་གྲགས་ཅན་གྱི་ཚིག་མཛོད་ཆེན་མོ》ཞེས་པའི་ནང་དུའང་ཁོང་གི་བསྡུས་རྣམ་བཀོད་ཡོད། ད་ལྟ་ཁོང་ཉིད་ནི་མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་རིག་གནས་རྗེས་ཤུལ་གྱི་རྒྱུད་འཛིན་པ་ཚབ་མ་ལས་བོད་ཀྱི་རྡོ་བརྐོས་སྒྱུ་རྩལ་རྒྱུད་འཛིན་པ་ཉག་གཅིག་ཡིན་ལ། ད་ལྟ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་རྗེས་ཤུལ་གྱི་རྣམས་གྲངས་སྐོར་གསུམ་པའི་ཁྲོད་དུའང་རྡོ་རྐོས་སྒྱུ་རྩལ(ཧོར་རྡོ་བརྩིགས)གྱི་རྒྱུད་འཛིན་པ་ཚབ་མར་འདེམ་ཡོད་པ་རེད།
         ཁོང་གིས་བོད་ཀྱི་སྒྱུ་རྩལ་ལས་དོན་ལ་ཕུལ་བའི་མཛད་རྗེས་འདི་རྡོ་བརྐོས་ཀྱི་རི་མོ་ཇི་བཞིན་ནམ་ཡང་ཉམས་པ་མེད་ལ་ཁོང་གི་བརྩམས་ཆོས་འདི་དག་གིས་མིའི་རིགས་ཀྱི་འཇིག་རྟེན་ལ་ནམ་ཡང་ཉམས་པ་མེད་པའི་ལང་ཚོའི་གཟི་བྱིན་ངོམ་གྱིན་འདུག། (རྩོམ་ཡིག་འདི་ནི་རང་ཚོགས་པའི་དུས་དེབ་མཚོ་སྔོན་བོད་རིགས་2009ལོའི་དེབ་གཉིས་པ་ལས་བཤུས།)


 

ཉེ་བའི་གསར་བསྒྱུར།