ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > མི་སྣ། > དེང་རབས་མི་སྣ།

ནགས་ཤོད་ཡུལ་དུ་ལ་གྰ་ཨ་ན་སླེབས།

སྤེལ་དུས། 2012-05-29 20:19:16  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། ནག་ཤོད་པས།  ཀློག་གྲངས།

         སྤྱིར་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ནགས་ཤོད་སྦས་ཡུལ་ནི་འཕགས་པ་སྤྱན་རས་མི་ཡི་ཚུལ་དུ་ཕེབས་པའི་ཁྱབ་བདག་སྟག་ཕུ་བ་ཆེན་པོ་བསྟན་པའི་རྒྱལ་མཚན་ནས་ཆོས་ཀྱི་ཉི་མའི་བར་དུ་བསྟན་པ་དང་སེམས་ཅན་ལ་ཕན་མཁན་གྱི་སྐྱེས་བུ་རྟག་རྟག་གི་སྐུ་རབས་དྲུག་ཙམ་ཕེབས་མྱོང་བའི་ཡུལ་ཁྱད་པར་ཅན་ཞིག་ཡིན་པ་དང་། མ་ཟད་བཙན་པོ་སྲོང་བཙན་དུས་སུ་མཐའ་ཡི་སོ་ཁ་སྲུང་བའི་དཔའ་སྡེ་དྲུག་གི་ནང་ནས་བར་གྱི་དཔའ་སྡེའི་དཔོན་ནགས་ཤོད་པས་བྱེད་མྱོང་བའི་དཔའ་མཛངས་སྙིང་སྟོབས་ལྡན་པའི་ཡུལ་ཞིག་ཀྱང་ཡིན་པ་རེད། རྒྱུ་རྐྱེན་དེ་དག་དབང་གིས་ནགས་ཤོད་ཡུལ་གྱི་མི་རྣམས་བློ་གྲོས་དང་དཔའ་རྩལ། བསམ་ཤེས་དང་ལྷག་བསམ། ཞི་བདེ་དང་བྱམས་བརྩེ་བཅས་ཕྱོགས་གང་ཅིའི་ཐད་ནས་ཡུལ་ཕྱོགས་གཞན་ལས་དམན་པར་གྱུར་མེད། ལྷག་ཏུ་བར་སྐབས་ཤིག་ལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་འགའ་བྱུང་མྱོང་བ་སྟེ། སྟག་ཕུ་བསྟན་པའི་རྒྱལ་མཚན། གར་གྱི་དབང་པོ། ཞབས་དྲུང་མཁས་གྲུབ་བསྟན་འཛིན། གཏེར་ཆེན་ཉི་མ་གྲགས་པ་སོགས་ཁོང་རྣམ་པའི་མཛད་བཟང་ནི་ནགས་ཤོད་ཙམ་མ་ཟད་མདོ་དབུས་ཁམས་གསུམ་ལ་ཁྱབ་མྱོང་བ་དང་། ལྷག་ཏུ་སྟག་ཕུ་སྐུ་ཕྲེང་དྲུག་པ་བསྟན་པའི་དངོས་གྲུབ་བམ་གཏེར་ཆེན་པདྨ་བཛྲ་གྱི་མཛད་བཟང་དང་ཐུགས་རྗེ་ནི་སླར་ཡང་ང་ཚོ་ནགས་ཤོད་པས་དྲན་བཞིན་དྲན་དགོས་པ་སྟེ། ཁོང་གི་བློ་གྲོས་དང་སྙིང་སྟོབས། ཐུགས་རྗེ་དང་བརྟུལ་ཕོད་ནི་སྐྱེས་ཆེན་གཞན་ལས་ལྷག་མེད་ན་དམན་མེད། སྤྱིར་ཁོང་གསུམ་ཀ་ནགས་ཤོད་བསྟན་པའི་སྒྲོན་མེའི་མཚན་གྱི་ཅོད་པན་བསྣམས་པ་འདྲ་ན་ཡང་ཉི་གྲགས་དང་ཞབས་དྲུང་གི་སྐུ་རབས་རྣམས་གསར་རྙིང་རེ་རེའི་ལུགས་ཁོ་ན་འཛིན་པ་ལས་གཏེར་ཆེན་པདྨ་བཛྲའི་གུ་ཡངས་ཀྱི་བློ་སྟོབས་དང་རྣམ་དཔྱོད་ལ་ཆར་མི་ཉེ། དཔེར་ན་ཁོང་གི་བློ་གྲོས་ཆ་ལས་ལྟས་ན་དབུས་འགྱུར་ཆོས་ཀྱི་ཞིང་ལས་དགེ་བའི་བཤེས་ཀྱི་མཚན་རྟགས་ལེན་མྱོང་ལ་མདོ་སྔགས་རབ་འབྱམས་ལ་ནང་བྱན་ཆུད་མྱོང་། ཁོང་གི་སྙིང་སྟོབས་ཆ་ནས་བསམ་ན་མ་གཞི་ཁོང་ཉིད་རི་བོ་དགེ་ལྡན་ལུགས་ཀྱི་དགོན་པའི་དབུ་བླ་ཞིག་ཡིན་ན་ཡང་གསང་སྔགས་གསར་སྙིང་གི་བསྟན་པ་རིས་མེད་ཟུང་གཅིག་ཏུ་ཁྱབ་གདལ་ཡོང་བར་དམིགས་ཏེ་སྐུ་ཚེ་སྨད་དུ་གསང་སྔགས་རྙིང་མའི་གཏེར་བཏོན་ཆེན་པོ་མཛད་ནས་སྟག་ཕུའི་གཏེར་གསར་ཞེས་པའི་གཏེར་ཆོས་མང་པོ་བླངས་ཏེ་གཙོ་བོ་རང་དགོན་གསུམ་ལ་ཆོས་ལུགས་གསར་རྙིང་རིས་མེད་དུ་ཉམས་སུ་ལེན་པའི་ལམ་ཆེན་གཏོད་མཛད། མ་ཟད་ནགས་ཤོད་སྟོད་སྨད་བར་གསུམ་དུ་གུ་རུའི་ཚེས་བཅུ་ལྷ་ཁང་མང་པོ་གསར་བཞེངས་མཛད་ནས་ཁོང་གི་ཨར་གཞེས་ལས། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་དུས། །ཀུན་བཟང་ཐུགས་ཀྱི་བསྟན་པ་མེ་ལྟར་འབར་གསུངས་ནས་སློབ་དཔོན་པདྨའི་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་ཀུན་བཟང་ཐུགས་ཀྱི་བསྟན་པ་ཉམས་ལེན་བྱེད་པའི་སྲོལ་གཏོད། དེས་མ་ཟད་ཁོང་གི་གཏེར་གསར་ལས་འོད་དཀར་ཞི་ཁྲོས་མཚོན་པའི་བོན་ཆོས་ཀྱང་དར་སྤེལ་མཛད་ཡོད། དམ་པ་ཁོང་གི་དཔྱོད་ཤེས་དང་ལྷག་བསམ། སྙིང་སྟོབས་དེ་དག་གི་ཉེར་ལེན་ལས་དེང་དུས་ཀྱང་གཙོ་བོ་ཁོང་གི་དགོན་སྡེ་གསུམ་དང་གཞན་ཡང་ནགས་ཤོད་ཡུལ་སྤྱི་ལ་ཆོས་ལུགས་གསར་རྙིང་དང་། བན་བོན་བར་གྱི་ཕྱོགས་རིས་དང་འཐབ་འཁྲུགས་ནམ་ཡང་བྱུང་མ་མྱོང་བ་མ་ཟད་རང་ཉིད་གསར་རྙིང་གང་འདོད་དང་། བན་བོན་གང་མོས། ཡང་ན་གསར་རྙིང་གཉིས་ཀའམ་བན་བོན་གཉིས་ཀ་འགལ་མེད་ཟུང་གཅིག་ཏུ་ཉམས་སུ་ལེན་བཞིན་བག་ཡངས་ངང་དུ་གནས་པའི་ལམ་སྲོལ་ནི་ཡུལ་ཕྱོགས་གཞན་ལས་ཁྱད་པར་འཕགས་པའི་ནགས་ཤོད་ཡུལ་འདི་འདྲ་བྱུང་བ་དམ་པ་ཁོང་གི་བཀའ་དྲིན་རྗེད་མེད་ཀྱི་རྡོ་རིང་ཞིག་ཡིན། ཡང་ཁོང་གི་བརྟུལ་ཕོད་དང་ནུས་པའི་ཆ་ནས་ལྟས་ན་སྐབས་དེར་བོད་གཞུང་གིས་བླ་ལོག་གི་ནག་ཉེས་བཀལ་ནས་ཁྲིམས་གཅོད་སྣ་ཚོགས་ཀྱི་ལས་བྱེད་མྱོང་ན་ཡང་དམ་པ་ཁོང་ནི་གྲུབ་པའི་ས་མཐོར་གཤེགས་པའི་སྐྱེས་བུ་ཡིན་པས་སྐུ་ཡི་ཆ་ཤས་ཙམ་ལ་གནོད་པ་ལྟ་ཅི་ངོས་མཚར་བའི་གྲུབ་རྟགས་ཀྱི་ལམ་ནས་ཁྲིམས་གཅོད་པ་རྣམས་ཅི་བྱེད་མེད་པར་གྱུར་པ་མ་ཟད་སླར་ཡང་ཐོབ་དང་གོ་གནས་སྔར་ལས་ལྷག་པ་ཕུལ་བ་ནི་སྒྲུ་སྡེ་ཀུན་འཕེལ་གླིང་སོགས་ཡིན། འོན་ཀྱང་འདིའི་སྐོར་རྒྱས་པར་ཤེས་འདོད་ན་ཁོང་གི་ལོ་རྒྱུས་དང་རྣམ་ཐར་ལས་ཤེས་དགོས་པ་མ་གཏོགས་འདིར་ཡིག་ཚོགས་མང་བར་དོགས་ནས་རྒྱས་པར་བཀོད་མེད། མཐར་ཁོང་ཉིད་ཞིང་ལ་གཟིགས་པའི་ཡང་སྲིད་དུ་སྟག་ཕུ་སྐུ་ཕྲེང་དྲུག་པ་ཆོས་ཀྱི་ཉི་མ་ཞེས་པའི་སྐྱེས་བུ་དེ་ངོ་མ་ནས་འོད་གསལ་གྱི་ཉི་མ་ནང་བཞིན་དྲོ་སྐྱིད་ལྡན་པ་རེད་ཅེས་དེང་དུས་སུ་གནས་པའི་རྒན་རབས་རྣམས་ཀྱི་ངག་རྒྱུན་དུ་ལྷང་ལྷང་དུ་གྲགས་བཞིན་འདུག མ་ཟད་ཁོང་ཉིད་ཀྱང་མདོ་སྔགས་རབ་འབྱམས་ལ་མཁས་པའི་དགེ་བའི་བཤེས་ཆེན་པོ་ཞིག་ཡིན་པ་ཀུན་གྱིས་ཤེས་པས་ངེད་ཚོས་གསལ་བཤད་མི་དགོས། ཡིན་ན་ཡང་དམ་པ་ཁོང་ཉིད་དུས་ཀྱི་འཕོ་འགྱུར་དང་ང་ཚོ་ནགས་ཤོད་ཀྱི་བསོད་ནམས་དང་དབང་ཐང་ལ་བརྟེན་ནས་ཡིད་ཕམ་པ་ཞིག་ལ་དགུ་གྲངས་ཉེར་གསུམ་ལས་མ་ཞུགས་པར་ཞིང་གཞན་དུ་གཟིགས་པ་དེ་རེད། སླར་ཡང་དུས་རབས་ཉི་ཤུའི་འཇུག་ཏུ་བསྟན་པ་ཡང་དར་གྱི་སྐབས་སུ་སྔོན་གྱི་སྲོལ་རྒྱུན་བཞིན་སྟག་ཕུ་སྐུ་ཕྲེང་དྲུག་པའི་ཡང་སྲིད་བཙལ་འཚོལ་བྱེད་པའི་ལས་ཀ་གཉེར་བཞིན་ན་ཡང་། ཆོས་ཟབ་ཙ་ན་ནག་པོའི་བདུད་ཀྱང་ཟབ་པའི་དཔེ་བཞིན་དུ་སྟབས་མ་ལེགས་པ་ཞིག་ལ་སྟག་ཕུའི་སྐུ་དགྲ་རུ་གྱུར་པའི་ལྰ་གྰ་ཨྰ་ནྰ་དེ་སྟག་ཕུའི་ཡང་སྲིད་ཡིན་པའི་རྟགས་དང་མཚནབཟང་གང་ཡང་མེད་པར་གློ་བུར་དུ་དཔའ་དང་དཔུང་པ་ངོམ་བཞིན། གཡོ་དང་ཐབས་འཕྲུལ་བརྒྱུད་ནས་སྟག་ཕུའི་ཁྲི་དམར་གྱི་སྟེང་དུ་བདུད་རྒན་ངམ་ནག་པ་ཞིག་འགྱིང་འདུག དེ་ལ་ནགས་ཤོད་པའི་དམངས་ཕལ་ཆེར་གྱིས་སྟག་ཕུ་སྐུ་ཕྲེང་བདུན་པའི་ཡང་སྲིད་ཡིན་པར་མོས་ནས་དད་གུས་དང་བསྟོད་བཀུར་བྱེད་བཞིན་སྐྱིད་པའི་ཉི་མ་མགོ་ཐོག་ཏུ་ཤར་བར་ཐག་བཅད་ཟིན་ན་ཡང་། བསམ་གཞིག་དང་དཔྱད་བརྗོད་བྱེད་པའི་མི་བུ་ཞིག་གི་ངོས་ནས་ལྟས་ན་ད་སྐབས་སྟག་ཕུ་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་རློམ་པའི་སོག་རྒན་རྣམ་རྒྱལ་དབང་ཕྱུག་འབོད་པ་དེ་ཉིད་སྟག་ཕུའི་ཁྲི་དམར་ཆེན་པོའི་ཡང་གོང་དུ་འཛེགས་ནས་བཟུང་ལྟས་ངན་པའི་རྟགས་གཙོ་བོ་དགུ་ཙམ་བྱུང་བ་སྟེ། དང་པོ་ཁྲི་འདོན་དུས་སུ་བག་ཕེབ་པ་དང་སྤྲོ་བའི་ཉམས་ཅི་ཡང་མེད་པར་འདར་སེག་སེག་གི་ངང་དུ་ཁྲི་དམར་གྱི་གོང་དུ་བུད་ནས་རྗེ་ཞྭ་ཕྱིར་གྱོན་བྱས་ཏེ་རྟགས་ངན་བསྟན། གཉིས་པར་ཐེངས་དང་པོའི་ཆོས་བཤད་ད་རིང་བྱས་ནས་ཆུ་ཚོད་གཅིག་ཙམ་མ་སོང་པར་སྔོན་ནས་ད་བར་གདན་ས་འདིར་བྱུང་མ་མྱོང་བའི་གྲྭ་པས་མཚོན་ཆ་བརྒྱག་པའི་དམེ་འཁྲུག་ཡ་ང་བའི་ལྟས་ངན་བྱུང་། གསུམ་པ། སྟག་ཕུ་པདྨ་བཛྲ་གྱིས་གནས་སྒོ་ཕྱེས་ནས་ད་བར་དུ་བྱུང་མ་མྱོང་བ་སྟག་ཕུའི་རྩ་རིའི་རྩེ་མོ་རྣམ་ཐོག་གིས་གཏོར་བའི་ལྟས་ངན་བྱུང་།   བཞི་པ་སྟག་ཕུ་ཆོས་ཀྱི་ཉི་མ་སྐུ་དངོས་ཀྱིས་ངོས་བཟུང་གནང་བའི་རྗེ་དྲུང་བློ་བཟང་བསྟན་འཛིན་དང་འཁྲུགས་རྩོད་ཡི་མུག་པ་དེ་ཆོས་སྡེ་དགོན་པའི་འདུ་ཁང་ནང་དུ་བྱས་པ་མ་ཟད་ཁོང་ནི་སླར་ཡང་དགོན་དེར་ཕེབས་ས་མེད་པར་གྱུར་པའི་ལྟས་ངན་བྱུང་། ལྔ་པ་སྟག་ཕུ་གཏེར་ཆེན་གྱིས་ཆེད་དུ་ཁོང་གི་སྐུ་ཚབ་ལྟ་བུ་རུ་ཆུང་བྱིས་པའི་དུས་ནས་ཨ་ཧུར་ཚང་ལས་སློང་མོ་བྱས་ནས་གསོ་སྐྱོང་མཛད་པའི་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་བཟང་བསླབ་གསུམ་ཞེས་མཁས་བཙུན་བཟང་གསུམ་གྱིས་ཡོངས་སུ་བལྟམས་པའི་བླ་མ་མཚན་ཉིད་ལྡན་པ་བར་སྐབས་འདིར་ནགས་ཤོད་ཡུལ་དུ་བསྟན་པའི་མེ་རོ་གསོ་མཁན་ཁོང་ལ་ལེགས་སོ་དང་གུས་འདུད་ལྟ་ཅི། ཚིག་ངན་དང་གཤེ་གཤེ། སྡིགས་མོ་ཡིས་གནམ་ས་བསྐང་སྟེ་མཐར་ནགས་ཤོད་ཡུལ་དུ་བཞུགས་པའི་སྐབས་མེད་པར་བྱས་པའི་ལྟས་ངན་བྱུང་། དྲུག་པ་ནགས་ཤོད་ཡུལ་གྱི་དགོན་ཁག་ཕན་ཚུན་དུ་མི་མཐུན་པར་བྱེད་པའི་ལས་སུ་ཆོས་ལུགས་ཕྱོགས་ཁྱེར་གྱི་སྐད་ངན་རྒྱབ་སྟེ་དགོན་ཁག་རྣམས་ཀྱི་དགེ་འདུན་པའི་སེམས་ཁམས་མི་བདེ་བར་བྱས་པའི་ལྟས་ངན་བྱུང་།   བདུན་པ་མདོ་དབུས་སྟོད་སྨད་དུ་མདོ་སྔགས་རིག་གནས་སྦྱང་དུ་བྱོན་པའི་གྲྭ་བཙུན་རྣམས་ལ་ལྟ་སྟངས་ངན་པ་བྱས་ནས་བསྐྱོན་བརྗོད་དང་བསྐུར་འདེབས་སྣ་ཚོགས་བྱས་པ་དང་ཁོ་ཚོས་ཆོས་ལོག་དང་སྲུང་མ་ལོག་པ་བསྟེན་ཡོད་རབས་བཤད་ནས་མང་ཚོགས་ཕན་ཚུན་དབར་གཡེན་དཀྲུགས་དང་ཕུང་ཁྲོལ་བྱེད་པའི་ལྟས་ངན་བྱུང་། བརྒྱད་པ་ནགས་ཤོད་ཡུལ་གྱི་ཤེས་ལྡན་པ་དང་ལྷག་བསམ་པ་ཟུང་དུ་འབྲེལ་བའི་སྒོ་ནས་ནགས་ཤོད་ཡུལ་དུ་གནས་ལྔའི་སློབ་གྲྭ་ཆེན་པོ་ཞིག་འཛུག་གྲབས་བྱས་ཀྱང་ཕྱིས་སུ་ལྰ་གྰ་ཨྰ་ནྰ་ཁོ་དང་འབྲེལ་ཡོད་ཀྱི་ངན་བྱས་ལས་ལ་རྐྱེན་པས་དེ་ལྟར་འགྲུབ་མ་ཐུབ་པའི་ལྟས་ངན་བྱུང་། དགུ་པ་ནགས་ཤོད་ཡུལ་མི་རྨོངས་གཉིད་ལས་སློང་མཁན་གྱི་རྟོགས་སད་པ་དང་ལྷག་བསམ་པ། ལས་བཟང་པ་ཀུན་རྒྱལ་ཁབ་ཀྱི་སྲིད་དང་འགལ་བའི་ཉེས་མེད་ཀྱི་ཞྭ་ནག་གཡོག་སྟེ་འཕྲིན་གཏམ་དེ་རང་ལྗོངས་དང་ས་གནས་ཀྱི་བདེ་འཇགས་ལས་ཁུངས་ལ་བསྐྱལ་བའི་རྐྱེན་གྱི་སྤྱི་ལོ་༢༠༡༢ལོར་ནགས་ཤོད་པའི་མི་བུ་བཟང་པོ་གང་ཡོད་ཀུན་བཙོན་མུན་དུ་ལྷུང་བའི་ལྟས་ངན་བྱུང་། དེ་ལྟའི་ལྟས་ངན་སྣ་དགུ་ནི་དངོས་ཐོག་བདེན་འཚོལ་ལམ་ནས་ཀུན་གྱིས་མཐོང་གསལ་གྱུར་པ་བཞིན་བཤད་པ་ལས་ཚོད་འཇོག་དང་ཡིན་རློམས་ཀྱི་རྨོངས་གཏམ་བཤད་པ་གཏན་ནས་མིན།  དེ་ལྟར་ལྟས་ངན་སྣ་དགུ་འདྲེན་པའི་ལྰ་གྰ་ཨྰ་ནྰ་དེ་ང་ཚོ་ནགས་ཤོད་ལུང་པར་སླེབ་ནས་བཟུང་ནགས་ཤོད་ཡུལ་དུ་ཤེས་རིག་དང་ཞི་བདེའི་ཐབས་ལམ་ཐད་ལ་ཕན་སྣ་གཅིག་འདོགས་མ་མྱོང་བ་མ་ཟད་མགོ་རྨོངས་པའི་མང་ཚོགས་འགའ་ཞིག་ལ་སླར་ཡང་མགོ་འཁོར་བའི་ཐབས་ལམ་དུ་ཁོ་པའི་གདམས་ངག་མཐར་ཐུག་པ་དགོན་པའི་གྲྭ་པ་དང་ཡང་ན་མི་གཞན་སུས་ཀྱང་རིག་གནས་སྦྱང་ན་ཕན་ཅི་ཡང་མེད་པའི་སློབ་གསོ་ཡང་ཡང་གཏོང་མྱོང་། དེ་ནི་གཙོ་བོ་ཁོ་རང་གི་ངན་སྐྱོན་དེ་ཤེས་འགྲོ་བའི་བློ་དོགས་དང་ཤུགས་སུ་བོད་ཀྱི་རིག་གནས་ཀྱི་རིན་ཐང་མ་ཤེས་པ་ཡིན་པ་སུས་ཀྱང་ལོས་ཤེས། འདི་ནི་ནགས་ལུང་ཤོད་གྱི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་རེད་འདུག་ལ་ཕྱིས་སུ་སྟག་ཕུའི་ཡང་སྲིད་ལ་དོགས་ཟབ་དང་དཔྱད་ཞིབ་ནན་པོ་དགོས་པའི་གསར་བརྡ་ཡང་རེད་འདུག    ང་ཚོས་དེ་ལྟར་བསམ་ཞིང་དཔྱད་པར་བྱས་ན་མི་གཟུགས་འདི་དམ་པའི་སྐྱེས་བུ་ཞིག་མ་ཡིན་པར། ངོ་མ་ཉིད་ནས་སྟག་ཕུ་དངོས་ཀྱི་མཛད་ཕྲིན་ལ་བར་དུ་གཅོད་མཁན་གྱི་ལྰ་གྰ་ཨྰ་ཡི་མིང་ཅན་བྱ་མགྲོན་སྔོན་ཟླ་བ་ལས་ལུང་བསྟན་པ་དངོས་དེ་འདི་ཡིན་པར་གོང་གི་ངན་ལྟས་སྣ་དགུས་པོས་ཁ་གྲག་འདུག དེ་མིན་བདུད་རྒན་ཟེར་བ་རྭ་རིང་པོ་དང་མདོག་ནག་པོ་ཅན་ཞིག་ཡོད་དགོས་ངེས་མིན། ཡིན་ན་ཡང་སོང་ཟིན་པའི་ལས་ལ་སླར་ཡང་བསྒྱུར་བཅོས་བྱེད་རྒྱུ་མེད་པས་བྱ་ཐབས་བྲལ། སླད་ཕྱིན་ནགས་ལུང་ཤོད་དུ་འདི་ལྟ་བུའི་ཕམ་ཉེས་དང་གྱོན་ཆགས་མི་འབྱུང་བའི་ཆེད་དུ་སོག་གི་རྣམ་རྒྱལ་རྒན་པོ་ཁྱོད་ཡུལ་གཞན་ནམ་ཡང་ན་ཁྱོད་ཡུལ་ལ་མྱུར་དུ་ལོག་འགྲོ་བར་ང་ཚོ་ནགས་ཤོད་པའི་རེ་འབོད་ཡིན། ཁྱོད་ལྟ་བུ་ནགས་ཤོད་ལ་མི་མཁོ་བ་མ་ཟད་ལེ་བར་སྟོང་གི་ཕ་མཐར་ཡོད་ཀྱང་ཉེ་སྐྱོན་ཡོད་པའི་མི་གཟུགས་ཤིག་རེད། མ་ཟད་ཕྱིས་སུ་ས་ཆ་དང་ཡུལ་ཕྱོགས་གཞན་གྱི་མི་འཁྱམ་འདི་དང་འདི་ལྟ་བུ་སྣ་ཚོགས་ཡུལ་འདིར་གང་བྱུང་དུ་འཛུལ་མི་གཅོད་པ་ང་ཚོའི་འགན་འཁྲི་ཡིན། ལྷག་ཏུ་སྐྱེས་ཆེན་གང་རུང་ཞིག་གི་ཡང་སྲིད་ངོས་འཛིན་དགོས་ན་ཡང་དག་པའི་དཔང་དག་དང་དཔྱད་པ། རྟགས་མཚན་བཅས་ལ་ཟབ་ནན་བྱེད་ནས་ངོས་འཛིན་དགོས་པ་ལས་གང་བྱུང་དེ་ཆོག་ཙམ་དུ་བྱས་ན་སླར་ཡང་ད་སྐབས་ཀྱི་ཕམ་ཉེས་རྗེས་སུ་འགྲོ་བར་ཐེ་ཚོམ་མི་དགོས་པ་རེད། སྤྱིར་ནགས་ཤོད་པའི་མི་འདི་ཤེས་དང་བློ་རིག ལྷག་བསམ་དང་སྙིང་སྟོབས་གང་ཅིའི་ཐད་ནས་ཡུལ་ཕྱོགས་གཞན་ལས་ལྷག་མེད་ན་དམན་མེད་ཀྱང་ཆུ་ངན་སྐྱོག་གང་གིས་ཟོམ་གང་བརྫད་པ་དང་མི་ངན་ཞིག་གིས་ཡུལ་ཁམས་བརྫད་པའི་དཔེ་བཞིན་དུ་གྱུར་ན་ཕམ་ཉེས་དེ་ང་ཚོ་ལ་རག་གི་ཡོད་པ་སུས་ཀྱང་ཤེས་ཀྱི་རེད།   གཞན་ཞིག་བསམ་པར་བྱས་ན་མི་འདིས་ཚེ་འདིའི་ལེགས་ཕྱོགས་ལ་འདི་ལྟར་ཕྱིར་འཐེན་བྱས་པ་མ་ཟད་འདི་དང་འབྲེལ་བ་བྱས་པའི་མི་ཀུན་ཕྱི་མར་ངན་སོང་དུ་འཁྲིད་འགྲོ་བའི་དོགས་པ་ཞིག་ངམ་ངམ་གྱིས་ཚོར་སོང་། ཡིན་ན་ཡང་བདག་རང་ལ་མཚོན་ན་ད་སྔོན་བསམ་ཤེས་དེ་ཙམ་མ་སླེབ་པ་དང་ཕ་མ་གཉིས་ཀྱི་མོས་འདུན་ལ་བརྟེན་ནས་ཁོ་རང་མཇལ་དུ་ཐེངས་ཁ་ཤས་ཕྱིན་པ་ནི་ད་སྐབས་སེམས་གཏིང་དུ་མི་བདེ་བ་དང་དོགས་པའི་ཁུར་པོ་ཞིག་ཏུ་གྱུར་འདུག འོན་ཀྱང་འདས་ཟིན་པའི་ལས་ལ་བྱ་ཐབས་བྲལ་སོང་།    ལྰ་གྰ་ཨྰ་ནྰ་ཟེར་བ་ཅི་འདྲ་ཡིན་པར་ཤེས་འདོད་ན་སྟག་ཕུ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་སྟག་ཕུའི་མཛད་རྣམ་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ལས་ཤེས་དགོས།  ༼ནགས་ཤོད་པ་འགས་མང་གཙོའི་ལམ་ནས་བསྐུལ་བ་ཡིན།༽  

ཉེ་བའི་གསར་བསྒྱུར།