ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ལོ་རྒྱུས། > ལོ་རྒྱུས་ཤེས་བྱ།

མཚོ་སྔོན་ཁྲི་ཤོག་རྒྱལ་མོའི་མིང་ལ་དཔྱད་པ།

སྤེལ་དུས། 2015-04-10 16:40:56  རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་པ་པོ། འབྲོག་སྐྱེས་སྐར་ཆེན།  ཀློག་གྲངས།

3.jpg

མཚོ་སྔོན་ཁྲི་ཤོར་རྒྱལ་མོ།

  བོད་མདོ་སྨད་བྱང་ཕྱོགས་ཀྱི་མཚོ་ཆེན་པོ་ཡོངས་གྲགས་སུ་མཚོ་སྔོན་པོ་ཟེར་བའི་མིང་ལ་ལོ་རྒྱུས་འགའ་ཤས་ན་ཁྲི་ཤོག་རྒྱལ་མོ་དང་འགའ་ཤས་ན་ཁྲི་ཤོར་དང་ཁྲི་ཤོད་བཅས་མི་འདྲ་བ་དུ་མ་ཡོད་པ་ལས་དུང་དཀར་ཚིག་མཛོད་ན་ཁྲི་ཤོད་རྒྱལ་མོ་དང་ལོ་རྒྱུས་གཞན་ན་ཁྲི་ཤོར་རྒྱལ་མོ་ཞེས་བྲིས་འདུག་པ་ལྟར་ན་སྔོན་ཆད་མཚོ་ཡོད་ས་དེར་དུད་ཁྱིམ་ཁྲི་ལྷག་ཡོད་ལ་བཏུང་ཆུ་ལེན་སའི་ཆུ་མིག་ཅིག་ཡོད་པ་དེ་ལས་ཆུ་བླངས་རྗེས་ཁ་འགེབ་དགོས་པའི་སྲོལ་ཡོད་མོད་ཉིན་ཞིག་མནའ་མ་ཞིག་ཆུ་ལེན་དུ་ཡོང་དུས་ཁོ་མོར་ཡུན་རིང་ལ་མ་ཐུག་པའི་གཉེན་ཉེ་ཞིག་ཁོ་མོར་བསྐོར་རྒྱག་ཏུ་ཡོང་བཞིན་པ་མཐོང་ནས་བྲེལ་འཚུབ་ངང་ཆུ་མིག་གི་ཁ་མ་གཏན་པར་ཡུལ་ལ་ལོག་ཤུལ་ནས་ཆུ་མིག་འཕྱུར་ནས་དུད་ཁྱིམ་ཁྲི་ལྷག་མཚོ་ནང་དུ་ཤོར་བས་ཁྲི་ཤོར་ཞེས་དང་། མཚོ་སྙིང་དེ་ཡང་རྒྱ་གར་གྱི་རི་བོ་ཞིག་གི་མགོ་ཡིན་ཚུལ་སོགས་ལྷ་སྒྲུང་གི་བཤད་རྒྱུན་ཞིག་དང་།  རྒྱལ་མོ་འབྲུག་པས་བརྩམས་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ལས་ཀྱང་རང་རེའི་ལོ་རྒྱུས་རྣམས་སུ་ཁྲི་ལྡེ་ནི་བཙན་པོའི་གདུང་རྒྱུད་ཡིན་ཚུལ་སྐོར་རྩོད་མེད་ཞལ་མཐུན་ཡིན་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་གནམ་ལྡེ་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་གྱི་ཚ་བོ་ལྡེ་གསུམ་དུ་གྲགས་པའི་འབྲིང་བོ་འོད་ལྡེ་ལ་རིགས་སྲས་བཞི་བྱོན་ཚུལ་བརྗོད་སྐབས་གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལ་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས་ཤིང་སྤྱན་སྔ་དོན་ཆེན་ལ་སོགས་པའི་རྒྱལ་རྒྱུད་བྱུང་ཞེས་འཁོད་ཅིང་དེ་མིན་གཞན་དེབ་ཐེར་ཕལ་ཆེ་བར་ཡང་དེ་མཚུངས་ཀྱི་ཚིག་ཟུར་ལས་བཀོད་མེད་ལ།  《མདོ་སྨད་ཆོས་འབྱུང》དུའང་མཚོ་སྔོན་དཔོན་ཁག་གི་ལོ་རྒྱུས་གསུངས་སྐབས་ཁྲི་སྲོང་གི་སྲས་ལས་རིམ་བཞིན་བརྗོད་དེ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་ཐུག་རྗེས་དེའི་སྲས་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན། མཚོ་སྔོན་འདིར་གཞི་བཟུང་སྟེ་ཁྲི་དཔོན་མཛད།   ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པའི་རྒྱུད་དུ་སྤྱན་སྔ་དོན་ཆེན་པ་སོགས་བྱུང་བར་བཤད་ལ།  ད་དུང་ཡང་ཁྲི་དཔོན་དེའི་རྒྱུད་པ་དཔའ་རིས་ཕྱོགས་སུ་ཡོད་པ་ལ་འཕན་ཡུལ་རང་སྐད་མ་ཉམས་པས་ཁྱི་དཔོན་དུ་འབོད་པ་ཡོད་པར་སྣང་ཞེས་བཀོད་ཡོད་པདང་།  ཡང《 ཐུའུ་བཀྭན་རྣམ་ཐར་པད་དཀར་ཆུན་པོ》བྱ་བར། ཁྲི་སྲོང་གི་སྲས་ཆུང་བ་མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན།   དེའི་སྲས་དར་མ།   དེའི་སྲས་གནམ་ལྡེ་འོད་སྲུང་དེའི་སྲས་མངའ་བདག་དཔལ་འཁོར་བཙན།  དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ།  དེའི་སྲས་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་འབངས་ཧ་ཅང་མི་མང་ཙམ་དང་བཅས་མདོ་སྨད་དུ་ཐོན་ཅིང་།  མཚོ་ཁྲི་ཤོག་རྒྱལ་མོའི་འགྲམ་བོད་ཀྱིས་བཟུང་སྟེ།   ཆོས་རྒྱུད་གདུང་རྒྱུད་དེས་ཁྲི་དཔོན་མཛད་ཅིང་།  བྲ་ཉང་བཙན་བྱ་བས་རྒྱལ་བོའི་བློན་གྱི་གཙོ་བོ་བྱས་ཚུལ་རུས་མཛོད་ཟ་འོག་རས་མ་ལས་འབྱུང་ཞེས་སོགས་གསུངས་པ་བཞིན་བོད་བཙན་པོའི་གདུང་རྒྱུད་ལས་མཆེད་པའི་ཁྲི་ལྡེས་མདོ་སྨད་ཡུལ་གྱི་ཙོང་ཁའང་དེང་གི་མཚོ་སྔོན་དུ་གཞི་བཟུང་སྟེ་རྒྱལ་བོ་བྱས་པ་དང་ཞེས་སོགས་གསུངས་པར་གཞིག་ན་ཁྲི་ཤོག་རྒྱལ་མོ་ཞེས་པར་བོད་རང་གི་ལོ་རྒྱུས་ཀྱི་རྫོངས་ཐུག་ས་ཞིག་དང་འགྲེལ་ཆགས་པར་མ་ཟད་དོན་དངོས་སུའང་དེ་ལྟར་ཡིན་པ་འདི་ལྟར་ཚོད་དཔག་བྱས་ཆོག
  ཁྲི་ནི་ཁྲི་ལྡེ་ཡི་ཁྲི་དང་ཤོག་ནི་སྐབས་དེར་མཚོ་སྔོན་པོའི་ཕྱོགས་བཞི་མཚམས་བརྒྱད་ཕལ་ཆེར་མདོ་སྨད་ཅེས་བཤད་ཀྱང་ཆོག     དེར་ཤོག་ཁ་སྟེ་དེང་གི་ཡུལ་ཚོ་ཞིག་གི་ཚད་ཡོད་པ་དེ་དག་ཁྲི་ལྷག་ལ་ཁྲི་ལྡེས་མངའ་དབང་མཛད་པའི་ལོ་རྒྱུས་ནི་བདེན་པ་ཡིན་པས་དེའི་ཆ་ནས་མཚོ་ཁྲི་ཤོག་རྒྱལ་མོ་ཞེས་བཏགས་པར་ཐེ་མི་ཚོམ་སྙམ།    གོང་གི་ཁྲི་ཤོར་ཐོག་དོན་ལྷ་སྒྲུང་ལྟ་བུའི་བཤད་རྒྱུན་དེར་ཡིད་མི་ཆེས་པ་གཞན་ཞིག་ནི། དེང་གི་ཚན་རིག་པས་བཤད་པ་ལྟར་ན་མཚོ་འདི་ལ་ལོ་ཁྲི་ལྷག་གི་ལོ་རྒྱུས་ཡོད་པར་བཤད་པ་དང་།   བཤད་རྒྱུན་དེ་ནི་ཕལ་ཆེར་བོད་རྒྱལ་སྲོང་བཙན་གྱི་དུས་སྐབས།  བློན་པོ་མགར་དང་འབྲེལ་ཡོད་ཅིག་ཡིན་ཙ་ན་ལོ་ཆིག་སྟོང་ལྔ་བརྒྱ་ཡས་མས་ཀྱི་ལོ་རྒྱུས་མ་གཏོགས་མི་འདུག་ལ་ཚན་རིག་པས་བཤད་པ་དང་དེ་གཉིས་ལ་ལོ་སྟོང་བརྒྱད་ལྷག་གི་མང་ཉུང་ཤོར་འདུག        དེའི་ཕྱིར་ལོ་རྒྱུས་སྨྲ་བ་དག་གིས་འདི་ལ་དཔྱད་པར་མཛོད་ཅིག

ཉེ་བའི་གསར་བསྒྱུར།