ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ལོ་རྒྱུས། > ལོ་རྒྱུས་ཤེས་བྱ།

དཔྱད་རྩོམ།བོད་ཀྱི་ལོ་རྒྱུས་བསླབ་གཞི་བཅོས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས་པའི་གལ་ཆེན་རང་བཞིན་གླེང་བ།

སྤེལ་དུས། 2015-10-11 17:56:10  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། བཀྲ་ཤིས་རྒྱལ།  ཀློག་གྲངས།

གླེང་སློང་།

མི་རིགས་ཤིག་ལ་མཚོན་ན་རང་གི་ལོ་རྒྱུས་ཀྱི་ངེས་ཤེས་རྒྱ་བསྐྱེད་དང་མཐོར་འདེགས་སུ་གཏོང་རྒྱུ་ནི་སློབ་གསོའི་ལས་རྐང་མ་ལག་གི་ཁྲོད་དུ་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་འགངས་ཆེན་ཞིག་ཡིན། རྒྱུ་མཚན།དེ་ནི་མི་རིགས་ཤིག་གི་འདུ་ཤེས་སླར་གསོ་དང་རིག་གནས་ཉམས་གསོ། མ་འོངས་གདོང་གཏོད་སོགས་ལ་ངང་ངམ་ཤུགས་ཀྱིས་འབྲེལ་ཡོད་པའི་ཕྱིར།ཡིན་ནའང་བོད་མི་རིགས་ལ་འདིའི་སྐོར་གྱི་མི་འདང་ས་ཤིན་ཏུ་མང་སྟེ། སྔོན་བྱུང་དེབ་ཐེར་གཙོ་ཆེ་བས། ལོ་རྒྱུས་ཀྱི་དོན་དངོས་དང་རང་རྣམ་ངོས་ཟིན་ཆུང་བ། སྤྱིར་བོད་ཀྱི་ལོ་རྒྱུས་བསླབ་གཞི་དེ་མི་རིགས་སློབ་གྲྭ་ཆུང་འབྲིང་ན་ཡེ་ནས་དཀོན་པ་དང་ཡོད་པའང་ཆ་མི་ཚང་བའམ་འཐུས་སྒོ་མི་ཚང་བའི་སྐྱོན་སོགས་མངོན་གསལ་དུ་མཐོང་།དེ་བས། འདིར་ལོ་རྒྱུས་བསླབ་གཞི་བཅོས་སྒྲིག་བྱ་དགོས་པའི་སྐོར་དང་ཡོད་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་སོགས་ཀྱི་ཐད་ནས་ཅུང་ཟད་སྤྲོས་པར་བྱ།

དང་བོ། བསླབ་གཞི་བཅོས་སྒྲིག་གི་སྐོར།
དེང་སྐབས་བོད་ཀྱི་སློབ་འབྲིང་ཁག་ཏུ་ལོ་རྒྱུས་བསླབ་གཞི་ཞེས་པ་ཞིག་ཕལ་ཆེར་མཐོང་རྒྱུ་མི་འདུག སྣང་ཚུལ་འདིས་བོད་ཀྱི་སློབ་འབྲིང་སློབ་མ་དག་སློབ་མཐར་ཕྱིན་རྗེས། བོད་ཀྱི་ལོ་རྒྱུས་རྒྱུན་ཤེས་དང་སྒོས་སུ་ལོ་རྒྱུས་སློབ་གསོ་ལས་བསྐྱེད་པའི་མི་རིགས་ཀྱི་འདུ་ཤེས་དང་རིན་ཐང་བལྟ་བ། སྙིང་སྟོབས་སོགས་ཡར་སྐུལ་བྱས་མེད་པར་མ་ཟད། ཐ་ན་བོད་ཀྱི་ཕ་སྐད་སློབ་གསོའི་མདུན་ལྗོངས་ལའང་གེགས་ཆེན་པོ་ཞིག་བཟོས་ཡོད། དེ་བས། བོད་ཀྱི་སློབ་འབྲིང་ཁག་ཏུ་མི་རིགས་རང་གི་ལོ་རྒྱུས་བསླབ་གཞི་ཞིག་བཀོད་སྒྲིག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། བོད་སྐད་ཡིག་གི་བསླབ་གཞིའི་ཁྲོད་དུ་ལོ་རྒྱུས་སྐོར་གྱི་ནང་དོན་ཁ་ཤས་བཞག་ཡོད་མོད། དེས་སློབ་མ་རྣམས་ཀྱི་རྒྱུད་ལ་མི་རིགས་ལོ་རྒྱུས་ཀྱི་ཤེས་བྱ་ས་བོན་ཙམ་ཞིག་ལས་འཇོག་ཐུབ་ཀྱིན་མི་འདུག བོད་ཀྱི་སློབ་འབྲིང་ཁག་ཏུ་མི་རིགས་རང་གི་ལོ་རྒྱུས་ཀྱི་བསླབ་གཞི་སྒྲིག་སྐབས་ཐོག་མར་གནད་འདི་དག་ལ་འདང་རྒྱག་དགོས་སེམས་ཏེ།

༡ སྔོན་གྱི་ཆོས་འབྱུང་དེབ་ཐེར་དང་བརྡ་རྙིང་ཡིག་རྙིང་ཅུང་ཟད་འབྲེལ་དཀའ་བ་དག་སློབ་མའི་ཆུ་ཚད་དང་འཚམས་པར་གོ་བདེར་ཕབ་དགོས་པ།
དེ་སྔོན་བོད་ཀྱི་ཆོས་འབྱུང་དེབ་ཐེར་དུ་བཀོད་པའི་ལོ་རྒྱུས་ནང་དོན་ལ་ཕྱོགས་རུས་དང་དགའ་ཁ་འཁྱེར་སོ། ཁྱོན་མི་ཚང་བ། སྒྱུ་རྩལ་གྱི་ཚིག་ཚོགས་དང་འུད་བརྗོད་སོགས་ཀྱི་སྐྱོན་མངའ་བས། དེ་དག་ནི་ལོ་རྒྱུས་ཀྱི་རྒྱུ་ཆ་ཙམ་ཞིག་ལ་ངོས་འཛིན་པ་ལས།གཞི་བཅོལ་གྱི་གནས་འབའ་ཞིག་ཏུ་མི་བརྩི་བར། ཞིབ་འཇུག་དང་དཔྱད་སྡུར་མང་བོ་བརྒྱུད་རྗེས། དཔྱད་འབྲས་ཡང་དག་པ་དེ་འགོད་དགོས་པ་གལ་ཆེ། རྡོ་རིང་ངོས་ཀྱི་བརྡ་རྙིང་དང་ཡིག་ཚང་གཞན་དག་ན་འཁོད་པའི་ཡིག་རྙིང་སོགས་གོ་བ་ལོན་པར་ཅུང་ཟད་དཀའ་བས་ན། དཔྱོད་ལྡན་དག་གིས་ཡང་དག་པར་གོ་བདེ་བར་ཕབ་ན། སློབ་མ་རྣམས་ཀྱིས་གཅིག་ནས་སློབ་བདེ་བ་དང་གཉིས་ནས་སློབ་འདོད་ཀྱི་འདུན་པ་ཇེ་ཆེར་བསྐྱེད་ངེས།

༢ བོད་ཀྱི་གནའ་རབས་དང་ཉེ་དེང་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་གསལ་བོ་ཕྱེ་ནས་ནང་དོན་དང་སྒྲིག་གཞིའི་མ་ལག་འཐུས་ཚང་བར་བཟོ་བ།
དེང་སྐབས་བོད་ཀྱི་ལོ་རྒྱུས་ལ་མཚོན་ན་སྟོང་ཆ་ཆེན་པོ་ཞིག་ཡོད་པ་ནི་ལོ་རྒྱུས་ཀྱི་དུས་རིམ་དབྱེ་སྟངས་གསལ་བོ་ཞིག་མེད་པ་དང་། ཡོད་པའང་གཅིག་གྱུར་མིན་པ་དེ་རེད། དཔེར་ན། བོད་གནའ་རབས་ལོ་རྒྱུས་ལས་ཉེ་དེང་ལོ་རྒྱུས་ཞེས་པ་ཞིག་ལོགས་སུ་མེད་པ་དང་། དེ་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་མཁན་ཡང་ཤིན་ཏུ་ཉུང་བར་སྣང་།
མི་རིགས་ཤིག་གི་ལོ་རྒྱུས་འཐུས་ཚང་མིན་དེ་མི་རིགས་གང་དེའི་རིག་གནས་ཀྱི་མ་ལག་འཐུས་ཚང་མིན་ལ་ཐད་ཀར་འབྲེལ་བ་ཡོད་ཅིང་། དེའང་མཐར་གཏུགས་ན་གང་དེའི་རིག་གནས་ཡོད་དོ་ཅོག་གི་ཚན་རིག་གི་ཕྱོགས་བསྡོམས་ཤིག་ཡིན་འོས། ལོ་རྒྱུས་ཀྱི་རྒྱུན་འཐུས་ཚང་མིན་དེའང་ལོ་རྒྱུས་དབྱེ་སྟངས་ཆ་ཚང་མིན་ལ་རག་ལས་ཡོད་ཕྱིར། ལོ་རྒྱུས་ཀྱི་དུས་རིམ་དབྱེ་སྟངས་གསལ་བོ་ཞིག་ཐག་གཅོད་དགོས་པ་སྔོན་འགྲོའི་ཆ་རྐྱེན་རེད།

༣ བྱེ་བྲག་ནང་དོན་སྒྲིག་གཞི་མདོར་ཙམ་བསྟན་པ།
བོད་ཀྱི་སློབ་འབྲིང་དུ་དམའ་འབྲིང་རིམ་པར་བོད་གནའ་རབས་ལོ་རྒྱུས་ལས་སྟོད་ལྷ་རབས་དུས་ཀྱི་གནས་ཚུལ་རགས་འདུས་བསྒྲིག་རྒྱུ་དང་།
མཐོ་འབྲིང་རིམ་པར་བར་མངའ་དར་དང་སྨད་སིལ་ཆད་གཉིས་ཀྱི་གནས་ཚུལ་རགས་འདུས་འགོད་པར་འོས།
གཞན་ཡང་ཟུར་ལྟའི་དཔེ་དེབ་ཀྱི་ཚུལ་དུ།བོད་ཉེ་དེང་གི་ལོ་རྒྱུས་ཤིག་ཀྱང་བསྒྲིག་འོས་པར་སེམས། སྤྱིར་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་སྟངས་དེ་དུས་རབས་རང་བཞིན་གྱི་འགྱུར་ལྡོག་དང་དོན་སྙིང་ཅན་ཞིག་ལ་ངེས་པར་འབྲེལ་དགོས་ཕྱིར། བོད་ཉེ་དེང་ལོ་རྒྱུས་ཀྱི་དུས་རིམ་དབྱེ་བགོས་སྐབས་སུའང་དེ་ལ་དང་དོད་ཡག་པོ་བྱ་དགོས།

ཁོ་བོས་དབྱེ་ཚུལ་ལྟར་ན། དབྱིན་བོད་དམག་འཁྲུག་གི་ལོ་སྟེ། ༡༩༠༣ལོ་ནས་བོད་ཞི་བས་བཅིངས་འགྲོལ་གྱི་བར་བོད་ཉེ་རབས་ལོ་རྒྱུས་སུ་བཞག་ན་མི་འོས་པ་མེད་བསམས་ཏེ། བོད་སིལ་བུར་ཐོར་རྗེས་ཀྱི་འདིའི་ཡར་སྔོན་ནས་དོན་རྐྱེན་ཆེན་པོ་འདི་ལྟ་བུ་བྱུང་མེད། དབྱིན་བོད་དམག་འཁྲུག་གིས་དེ་སྔོན་བོད་ལ་ཡོད་པའི་ངའོ་སྙམ་པའི་ཅུང་ཟད་ཀྱི་ང་རྒྱལ་རྣམ་པ་དེ་གཞོམས་ལ། སྟོབས་ཤུགས་ཀྱི་ཧེ་བག་ཆེན་པོ་དེས་བོད་གོང་འོག་བར་གསུམ་གྱི་མི་མང་བོ་ཞིག་རྨོངས་པ་ལས་ཅུང་ཟད་སད་དུ་བཅུག རྗེས་ལུས་ཞེས་པ་ཞིག་ཁོ་ཚོའི་མགོ་ཐོག་ཏུ་ལྷུང་བར་བྱས་པ་དེས་བོད་ཕྱི་རབས་ལ་ཤུགས་རྐྱེན་ཟབ་མོ་བཞགདཔེར་ན། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ལྟ་སྤྱོད་ལས་ཀྱང་ངེས་ཐུབ།ཡང་བོད་ཕྱི་བས་བཅིངས་འགྲོལ་གྱི་ལོ་སྟེ། ༡༩༥༡གི་ལོ་ནས་དེང་གི་བར་བོད་ཀྱི་དེང་རབས་ལོ་རྒྱུས་སུ་བལྟས་པས་ཆོག་སེམས།རྒྱུ་མཚན། བོད་ཞི་བས་བཅིངས་འགྲོལ་ཐོབ་པ་ནི་བོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པ་དང་། དེས་བོད་ཀྱི་ཕྱོགས་སོ་སོར་འགྱུར་ལྡོག་ཆེན་པོ་བཏང་ཞིང་། ཤུགས་རྐྱེན་ཧ་ཅང་གཏིང་ཟབ་པས་སོ།

གཉིས་པ། ཡོད་པ་འཐུས་ཚང་དུ་གཏོང་དགོས་པའི་སྐོར།
དེང་སྐབས་བོད་ཀྱི་སློབ་འབྲིང་རེ་འགའ་ཞིག་ན་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔེ་དེབ་བོད་སྐད་ཡིག་གི་བསླབ་གཞིའི་ཟུར་ན་ཡོད་པ་མཐོང་བྱུང་།ཡིན་ནའང་དེ་དག་ནི་རིག་གནས་ཁོ་ནའི་ལོ་རྒྱུས་སོགས་ཕྱོགས་རེ་ཙམ་ལས་བོད་ལོ་རྒྱུས་ཀྱི་སྤྱི་བམ་མེད་དོ།དེ་བས། ལོ་རྒྱུས་ཀྱི་བསླབ་གཞི་ཞིག་ལ་མཚོན་ན། སྲིད་དོན་དང་ཆོས་འབྱུང་། རིག་གནས།དཔལ་འབྱོར་གྱི་གནས་ཚུལ་སོགས་འཐུས་ཚང་བར་འདུ་དགོས། སྒྲིག་སྟངས་ཀྱི་ཐད་ནས། ཡན་གར་གྱི་རྣམ་པས་བཀཀོད་ཀྱང་ཆོག་པར་སྣང་།

གསུམ་པ། ལོ་རྒྱུས་བསླབ་གཞི་བཅོས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་དོན་སྙིང་།
༡ མི་རིགས་ཀྱི་ལོ་རྒྱུས་འཐུས་ཚང་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བ་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཐུབ།སྤྱིར་ལོ་རྒྱུས་སྦྱོང་བའི་དགོས་པ་ནི།ཕྱོགས་མང་བོ་ན་ཡོད་ཅིང་།དོན་སྙིང་ཡང་ཟུར་མང་བོ་ནས་བརྗོད་ཆོག འདིར་བརྗོད་པའི་མི་རིགས་ལོ་རྒྱུས་ཞེས་པའང་མཐར་གཏུགས་ན། མི་རིགས་འདུ་ཤེས་སྔོག་འདོན་བྱ་རྒྱུ་དང་།མི་རིགས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་བྱེད་པ། ལོ་རྒྱུས་ཀྱིས་བཞག་པའི་བསླབ་བྱ་རིན་ནོར་དུ་བརྩིས་ཏེ། མི་རིགས་མདུན་བསྐྱོད་ལ་མནོ་བསམ་གསར་བ་གཏོང་བར་སྐུལ་བའི་རིག་གཞུང་གི་ལག་ཆ་གལ་ཆེན་ཞིག་རེད།
༢ གང་གི་ལོ་རྒྱུས་རིག་གནས་ཅུང་ཁ་ཚང་ཅན་དུ་བཏང་བ་དེས་གང་དེའི་རིག་གནས་གཞན་དག་གི་སྐུལ་སྤེལ་ཐད་ནུས་པ་གལ་ཆེན་ཐོན་ཐུབ།ལོ་རྒྱུས་ཀྱི་གནས་ཇི་ལྟར་ཁ་ཚང་ན། དེ་དང་འབྲེལ་བའི་མི་རིགས་ཀྱི་རིག་གནས་གཞན་དག་གི་འཐུས་སྒོ་ཚང་བར་སྐུལ་སྤེལ་བྱེད་ཐུབ་ཅིང་། རིག་གནས་སྔོགའདོན་གྱི་རྨང་གཞི་ཡོད་ཅིང་། ཞིབ་འཇུག་གི་ཁུངས་དང་གཞི་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད།
༣ ལོ་རྒྱུས་རིག་གཞུང་གི་བཅོས་བསྒྱུར་དང་དག་བསྒྱུར་ནི་དུས་རབས་རང་བཞིན་གྱི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད།ལོ་རྒྱུས་ནི་མི་རིགས་རིག་གནས་ཀྱི་གཟུང་ཐག་ཅིག་ཡིན་ལ། མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ནུས་པ་བླ་ལྷག་ཐོན་པ་ཞིག་ཡིན།ལོ་རྒྱུས་ཀྱི་ནང་དོན་དག་སྒྲིག་དང་འཐུས་ཚང་དུ་གཏོང་བའི་བྱ་བ་དེ་ནི་འགན་ལྕི་ཞིང་དུས་ཡུན་རིང་བོར་ཤུགས་རྐྱེན་དང་དོན་སྙིང་འཇོག་པའི་བྱ་གནད་ཅིག་ཀྱང་ཡིན་པ་རེད།

ཟུར་ལྟའི་རྒྱུ་ཆ།
《བོད་སྤྱི་བཤད།》 བཀྲ་ཤིས་ཚེ་རིང་སོགས།
《བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང་།》རིན་ཆེན་ནོར་བུ།
《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།》རྒྱལ་མོ་འབྲུག་པ།
《史学概论》贾东海 郭卿友
《藏族史略》黄奋生


བཀྲ་ཤིས་རྒྱལ།རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན།ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་ལོ་རྒྱུས་རབ་འབྱམས་པའི་ཞིབ་འཇུག་གི་ལས་ལ་གཞོལ་བཞིན་ཡོད།

 

ཉེ་བའི་གསར་བསྒྱུར།