ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ལོ་རྒྱུས། > ལོ་རྒྱུས་ཤེས་བྱ།

བོང་སྟག་ཚོ་བའི་རུས་རྒྱུད་ཀྱི་འབྱུང་ཁུངས་དང་ལོ་རྒྱུས་འཕེལ་རིམ་རྗོད་པ་གཞོན་ནུའི་བུ་རམ།

སྤེལ་དུས། 2016-05-22 19:37:40  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། བང་སྟག་ཕུན་ཚོགས།  ཀློག་གྲངས།




དེ་ཡང་བོང་སྟག་ཅེས་པ་དེ་ཐེམ་ཆེན་རྫོང་མ་བཙུགས་པའི་ཡར་སྔོན་གྱི་ལོ་རྒྱུས་དུས་སྐབས་ངེས་ཅན་ཅིག་གི་ནང་དུ་བྱུང་བའི་ཚོ་བའི་མནའ་འབྲེལ་གྱི་སྤྱི་མིང་རེད།ཁོང་ཚོས་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཁྲོད་དུ་གང་ས་གང་དུ་འཁོར་འཁྱམས་བྱས་ནས་སྡུག་བསྔལ་མང་པོ་མྱོང་རྗེས་སྤྱི་ལོ1856ལོ་ནས་བཟུང་སྟེ། མཚོ་སྔོན་པོའི་ནང་ཚོ་བརྒྱད་ཀྱི་གྲས་སུ་གྱུར་བ་རེད། ད་སྐབས་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་བྱང་མཚམས་ཀྱི་རི་བོ་ཆི་ལེན་གྱི་ལྷོ་རྒྱུད་དང་མཚོ་ཁྲི་གཤོག་རྒྱལ་མོའི་ནུབ་བྱང་ཀྱི་རི་བོ་ཐེམ་ཆེན་ལྟེ་བ་བྱས་པའི་མཐའ་ཡས་པའི་རྩྭ་ཐང་དུ་གནས་ཤིང་མཚོ་སྔོན་ཞང་ཆེན་གྱི་ཕྱུགས་ལས་ཁོ་ན་གཉེར་པའི་རྫོང་ཞིག་རེད།

དེ་ལྟར་བོང་སྟག་ལ་ལོ་རྒྱུས་ཧ་ཅང་རིང་པོ་ཞིག་ཡོད་པ་མ་ཟད་སྤྱི་ལོ་1510ལོའི་རྗེས་དང་སྤྱི་ལོ་1947ལོའི་སྔོན་གྱི་ལོ་བཞི་བརྒྱ་སུམ་ཅུ་ལྷག་གི་ཁྲོད་དུ་རིམ་བཞིན་བྱུང་བའི་རང་རྐྱ་ཐུབ་པའི་ཚོ་ཆེན་བཅོ་བརྒྱད་ཡོད།དཔེར་ན། སྤྱི་ལོ་1510ལོར་སོག་པོ་ཡུམ་ཚེ་དང་ཨར་ཐུའུ་སི་སོགས་ཀྱིས་བོང་སྟག་རྨ་ལྷོར་བསྐྲད་ནས་རོང་བོ་དགུ་ཆུའི་འགྲམ་རྒྱུད་དང་ཟབ་མོ་ནགས་སོགས་སུ་ཡོད་སྐབས་ཚོ་བ་བཞི་མ་གཏོགས་མེད་ལ་དེ་ཚོ་ནི་ཨ་སྒུ་དང་སྔགས་པ།ཞ་སྐོར། ལྷ་སྒོམས་སྐྱབས་བཅསརེད། ཁོ་ཚོའི་མིང་ལ་བོང་སྟག་གི་ཁྱིམ་མཚེས་རུ་སྐོར་བཞིའམ་ནང་ཚོ་བཞི་ཟེར་ཞིང་བོང་སྟག་གི་ཐོག་མའི་ཚོ་བ་བཞི་ཡིན་པར་བཤད།དེ་ནས་སྤྱི་ལོ་1823ལོའི་བོང་སྟག་གི་སྟོང་དཔོན་བ་ལོའི་སྐབས་སུ་ཚོ་ཆན་བཅུ་གཉིས་ཡོད་པ་དང་སྤྱི་ལོ1856ལོའི་བོང་སྟག་གི་སྤྱིའི་སྟོང་དཔོན་བན་ཐོའི་སྐབས་སུ་ཚོ་ཆེན་བཅུ་བཞི་ཡོད། སྤྱི་ལོ1870ལོ་ནས་1911ལོའི་སྤྱིའི་སྟོང་དཔོན་ཚེ་ཁོ་དང་དཀོན་མཆོག་ཚེ་རིང་གི་སྐབས་སུ་ཚོ་ཆེན་བཅུ་བདུན་ཡོད།  སྤྱི་ལོ1918ལོ་ནས1947ལོའི་སྤྱིའི་སྟོང་དཔོན་དཔལ་བཟང་དང་རྟམ་ཁོའི་སྐབས་སུ་ད་གཟོད་ཚོ་ཆེན་བཅོ་བརྒྱད་ཡོད་དེ་བོང་སྟག་ཨ་སྒུ་དང་སྔགས་པ།ཞ་སྐོར། དཔོན་ཚང་། ལྷ་སྒོམ་སྐྱབས། མོག་ཆེན། མོག་ཆུང་། སྟོད་པ་རྙིང་བ། སྟོད་པ་སོ་མ། ཉྭ་ནག ཀ་ཤུལ། ཐགས་ཀ  ནག་བཟའ། བྲ་ཚ། ས་ཉལ། མྱིག་སྐོར་རམ་དཔའ་སྐྱོང་།མཁར་ཟུར་ཚང་། གོ་ན་བཅས་རེད།

དང་པོ། བོང་སྟག་ཚོ་བའི་རུས་རྒྱུད་ཀྱི་འབྱུང་ཁུངས།

བོང་སྟག་ཚོ་བའི་རུས་རྒྱུད་ཀྱི་འབྱུང་ཁུངས་རྗོད་པ་ལ་བོད་ཀྱི་ཚད་ལྡན་དཔེ་ཆ་《 མ་ཎི་བཀའ་འབུམ 》དང་《 ཆོས་འབྱུང་མཁས་པའི་དགའ་སྟོན》། 《 མདོ་སྨད་ཆོས་འབྱུང་》སོགས་གཞིར་བཟུང་ན།བོང་སྟག་ཚོ་བ་བཅོ་བརྒྱད་ཀྱི་མང་ཆེ་བ་ནི་བོད་མི་བུ་རིགས་བཞིའི་ནང་གསེས་ལྡོང་ལས་འཕེལ་བ་རེད་སྙམ། ཅིའི་ཕྱིར་ཞེ་ན།བོང་སྟག་ཨ་སྒུ་དང་ལྷ་སྒོམ་སྐྱབས། སྔགས་པ། ཞ་སྐོར། དབལ་ཤུལ། ཀ་ཤུལ། ཐར་ཤུལ། མདོ་ཤུལ། མགོན་ཤུལ། བན་ཤུལ། ཧོར་ཤུལ།ནག་བཟའ། སྟོད་པ་རྙིང་པ་དང་སྟོད་པ་སོ་མ། གློའུ་སྐོར། ཤོམ་སྐོར། ཉྭ་ནག  མཁར་ཟུར་ཚང་ ། གོ་ན་སོགས་ནི་ལྡོང་ཤུལ་ཆེན་གྱི་གདུང་རྒྱུད་ལས་འཕེལ་བ་ཡིན་པ་དང་།བོང་སྟག་བྲ་ཚ་དང་ཙང་ཚ། སོག་ཚ། མོག་ཆེན་དང་མོག་ཆུང་། ཇ་སྐོར་སོགས་ནི་ལྡོང་ཚ་ཆེན་བཅོ་བརྒྱད་ཀྱི་གདུང་རྒྱུད་ལས་འཕེལ་བས་རེད།

ཡང་བོད་ཀྱི་རུས་རིགས་གཞན་པ་ལས་འཕེལ་བ་ཡང་ཡོད་དེ།བོང་སྟག་སྦྲ་ནག་ནི་བསེ་ཆེན་སྦྲའི་རིགས་ལས་འཕེལ་བ་རེད་ཅེས་《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚད་ 》ལས་གསུངས་པ་དང་། བོང་སྟག་ཆུ་མ་ནི་བསེ་རིགས་ལས་བྱུང་བ་རེད་ཅེས་《 རེབ་གོང་གསེར་མོ་ལྗོངས་ཀྱི་ཆོས་སྲིད་བྱུང་བ་བརྗོད་པ་འདོད་འབྱུང་གཏེར་གྱི་བུམ་བཟང་ 》ལས་གསུངས། བོང་སྟག་ཨ་སེང་ནི་རླངས་ཨ་སེང་ལས་འཕེལ་བ་རེད་ཅེས་《 རླངས་ཀྱི་པོ་ཏུ་བསེ་རུ་རྒྱས་པ་》ལས་གསུངས།བོང་སྟག་ཐགས་ཀ་ནི་རྒྱ་ནག་དཔེ་ཆ་《 ཐང་ཡིག་ལས་བོད་ཀྱི་སྐོར་ལྒིང་པ།》ཞེས་པ་ལས་ལྡོང་ལས་འཕེལ་བར་གསུངས་པ་དང་《 མེ་ཏོག་སྐྱེད་ཚད་》ལས་སྦྲ་ཁྲ་ཕྱུག་དྲུག་གི་ལས་འཕེལ་བར་གསུངས།

ད་རུང་བོད་ཀྱི་རུས་རིགས་གཞན་པ་ལས་འཕེལ་པ་ཡིན་ན་ཡང་ས་བོན་མ་རྙེད་པས་རུས་རིགས་གར་གཏོགས་ཀྱི་རྩད་མ་ཆོད་པའང་ཡོད་དེ་བོང་སྟག་ཀ་གྱ་དང་ཁོ་ནགཁྱབ་རྒྱན། རྒྱ་བཟའ། སྡེ་སྐོར། རྡོ་ར། མག་གསར། རུ་མང་ ། རོང་སྐོར། ས་ཉལ། གཡུང་རེས་སམ་གཡོན་རུ། ཤར་པ། ཨ་རིགལུག་མང་། ར་མང་། བྱིས་རྒྱ། རྭ་བཞི། ནག་རུའམ་ནག་རིལ། ཉིན་ཐེབས། མཐེ་བ། སྣ་སྐོར། ཁ་སྐོར། ཨོང་ཉལ་སོགས་རེད།

གཉིས་པ། བོང་སྟག་ཚོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ།

གོང་དུ་བརྗོད་པ་ལྟར་བོང་སྟག་གི་ཚོ་བའི་མང་ཆེ་བ་ནི་བོད་ཀྱི་ལྡོང་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་ཀྱི་གདུང་རྒྱུད་ལས་འཕེལ་བ་ཡིན་པའི་རྐྱེན་གྱིས་ཁོ་ཚོ་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་སྟེ།བོད་ཀྱིས་བྲན་ཡོག་ལམ་ལུགས་ཀྱི་རྒྱལ་རབས་མ་བཙུགས་པའི་སྔོན་ལ། མདོ་དབུས་མཐོ་སྒང་དུ་བོད་ཀྱི་རྒྱལ་ཕྲན་སིལ་མ་མང་པོ་ཡོད་པའི་སྐབས་ནས་བཟུང་སྟེ་རྨ་ཆུའི་ནོར་བུ་དགའ་འཁྱིལ་གྱི་ནུབ་བྱང་དང་མཚོ་ཁྲི་གཤོག་རྒྱལ་མོའི་ལྷོ་རྒྱུད་ཀྱི་རྒྱ་ཞིང་ཡངས་པའི་ཡུལ་གྲུ་ནས་འཚོ་སྡོད་དང་སྐྱེ་འཕེལ་བྱུང་ཞིང་།སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་ལ་རྒྱལ་སྲས་ཁྲི་ལྡེ་ཡིས་མཚོ་སྔོན་དུ་ཙོང་ཁའི་ས་གནས་སྲིད་དབང་བཙུགས་དུས་དེའི་ཁོངས་སུ་གཏོགས་པ་དང་ཡོན་རྒྱལ་རབས་ཀྱི་ཧུའུ་པི་ལེའམ་ཧོར་སེ་ཆེན་རྒྱལ་པོའི་སྐབས་སུ་མདོ་སྨད་ཞོན་ལྦེ་ཧྲི་སིའི་ཁོངས་སུ་གཏོགས།མིང་རྒྱལ་རབས་ཀྱི་དུས་འགོ་ཙམ་ལ་ཞི་ཉིང་ལྦེའི་ཁོངས་སུ་གཏོགས། སྤྱི་ལོ་1510ལོར་སྨད་སོག་ཡུམ་ཚེས་དང་ཨར་ཐུའུ་སི་སོགས་ཀྱིས་མཚོ་སྔོན་པོའི་མཐའ་སྐོར་དབང་དུ་བཟུང་རྗེས་བོང་སྟག་སོགས་རྨ་ལྷོར་བསྐྲད་དེ་རོང་བོ་དགུ་ཆུའི་འགྲམ་རྒྱུད་དང་གཡོན་རུའི་ཟབ་མོ་ནགས་སོགས་ནས་འཚོ་སྡོད་བྱས།སྐབས་དེའི་ཞོན་ཧྭ་ཐིང་དང་ཀོས་ཏེ་ཐིང་གཉིས་ཀྱིས་ཕན་ཚན་འདེད་རེས་བྱས་ནས་ངེས་ལེན་མ་བྱས་པས། བོང་སྟག་དང་རྒྱ་བཟའ་གཉིས་ལ་ལོ་ངོ་ཉིས་བརྒྱ་ལྷ་གི་རིང་ལ་ཁོངས་གཏོགས་ཀྱི་སྲིད་གཞུང་མེད་པའི་གནས་སུ་གྱུར།སྤྱི་ལོ་1724ལོར་བོང་སྟག་དང་རྐང་ཚ། གློའུ་ཚང་། བན་ཤུལ། ཀ་གྱ། གདའ་ཚང་། སྨར་སྐམ།རྭ་ངན་གོང་ཞོལ། ཨ་ཚོགས། བདུད་ཤུལ་སོགས་ཚོ་བ་བཅུ་གཅིག་ཀོས་ཏེ་ཐིང་གི་མངའ་འོག་ཏུ་གཏོགས་སུ་བཅུག དེ་ནས་བཟུང་སྟེ་བོང་སྟག་ལ་ལོ་ཉིས་བརྒྱ་ལྷག་གི་རིང་ལ་ཁོངས་གཏོགས་གི་སྲིད་གཞུང་མེད་པའི་རྣམ་པའི་མཇུག་རྫོགས།

སྤྱི་ལོ་1725ལོར་ཆིང་སྲིད་གཞུང་གིས་བློ་བཟང་བསྟན་འཛིན་གྱིས་གྱེན་ལོག་གི་བྱ་ངན་ལྷིང་འཇགས་བཟོས་རྗེས།ཆིང་སྲིད་གཞུང་གིས་ཟི་ལིང་དོན་སྒྲུབ་བློན་ཆེན་ཉན་ཀིན་ཡའོ་དང་ཡུའོ་ཀྲུང་ཆི་གཉིས་གྱིས་བཏོན་པའི་གྲོས་གཞི་ལྟར“བོད་སྐྱོར་སོག་གནོན”གྱི་སྲིད་ཇུས་ལག་བསྟར་བྱས་པས།རྨ་ལྷོར་ཡོད་པའི་བོད་མི་ཚོས་སྔོན་གྱི་རང་ཡུལ་ལ་འགྲོ་བའི་གོ་སྐབས་ཤིག་ཡོད་པར་སྙམ་ནས་སྔ་གཞུག་ཏུ་རྨ་བྱང་ལ་གནས་སྤོ་བྱས།

སྤྱིར་བཏང་དུ་བཤད་ན། བོང་སྟག་རྨ་བྱང་དུ་གནས་སྤོ་བྱེད་པ་དེ་རྨ་ལྷོའི་བོད་མི་ཡོངས་ཀྱིས་རྨ་བྱང་ལ་གནས་སྤོ་བྱེད་པ་དང་དུས་མཉམ་རེད།འོན་ཀྱང་། བྱེ་བྲག་ཏུ་དབྱེ་ཞིབ་བྱས་ན་བོང་སྟག་གིས་རྨ་ལྷོ་ནས་རྨ་བྱང་ལ་སྔ་ཕྱི་ཐེངས་གསུམ་ལ་གནས་སྤོ་བྱས་པ་རེད།

བོང་སྟག་གིས་རྨ་ལྷོ་ནས་ཐེངས་དང་པོར་རྨ་བྱང་དུ་གནས་སྤོ་བྱས་པའི་གནས་ཚུལ་ཞིག་རྒྱའི་དཔེ་《ཆིང་རྒྱལ་རབས་ལས་ཅ་ཆིན་གནས་ཚུལ་ཀྱི་ཟིན་བྲིས》ཞེས་པ་ན་ཡོད་པ་བོད་ཡིག་ཏུ་བསྒྱུར་ན་འདི་ལྟ་སྟེ།སྤྱི་ལོ1796ལོར་རྨ་ལྷོའི་བོད་མིའི་ནང་གི་བོང་སྟག་དང་རྐང་ཚ། གཡོན་རུ། ཨ་ཚོགས་སོགས་སྔ་གཞུག་ཏུ་རྨ་བྱང་ལ་གནས་སྤོ་བྱས་ནས་ཁུ་ཁུ་ལྦུའུ་སི་སྟེ་ཆུ་སྔོན་སོགས་ནས་འཚོ་སྡོད་བྱས་པ་ན།ཆིང་སྲིད་གཞུང་གིས་སྔོན་གྱི“བོད་སྐྱོར་སོག་གནོན”གྱི་སྲིད་ཇུས་དེ“བོད་གནོན་སོག་སྐྱོར”དུ་བསྒྱུར་ནས་རྨ་བྱང་དུ་ཡོད་པའི་བོང་སྟག་ཀྱང་འདུས་པའི་བོད་མི་རྣམས་ཕྱིར་རྨ་ལྷོར་བཙན་སྐྲོད་བྱས་ཤིང་།སླར་རྨ་བྱང་དུ་གནས་སྤོ་བྱ་མི་ཆོག་པའི་བཀའ་ཁྱབ་བསྒྲགས་པས་བོང་སྟག་གིས་ཐེངས་དང་པོར་རྨ་བྱང་དུ་གནས་སྤོ་བྱས་པ་དེ་ཕམ།

བོང་སྟག་གིས་རྨ་ལྷོ་ནས་ཐེངས་གཉིས་པར་རྨ་བྱང་དུ་གནས་སྤོ་བྱས་པའི་གནས་ཚུལ་ཞིག་རྒྱའི་དཔེ་《ཆིང་རྒྱལ་རབས་ལས་ཏའོ་ཀོང་གནས་ཚུལ་ཀྱི་ཟིན་བྲིས་》ཞེས་པ་ན་ཡོད་པ་དེ་བོད་ཡིག་ཏུ་བསྒྱུར་ན་འདི་ལྟ་སྟེ།སྤྱི་ལོ1821ལོར་བོང་སྟག་དང་རྐང་ཚ། གཡོན་རུ་སོགས་རྨ་ལྷོའི་ཚོ་བ་ཉེར་གསུམ་གྱིས་ཧྲན་ཀན་ཙུང་ཏུའུ་ཁྲང་ལེན་གྱིས་རྨ་བྱང་དུ་གནས་སྤོ་བྱ་མི་ཆོག་པའི་བཀའ་ཁྱབ་ལ་ཁ་ཡ་མ་བྱས་ཏེ་རྨ་བྱང་དུ་གནས་སྤོ་བྱས།འོན་ཀྱང་ཕྱི་ལོའི་ཟླ་གསུམ་པའི་ནང་ཁྲང་ལེན་སོགས་ཀྱིས་བོད་ཐོག་ཏུ་དམག་བཀོལ་ནས་བོད་མི་དམར་གསོད་དང་ཕྱུགས་ཟོག་ཕྲོགས་ཤིང་རྨ་བྱང་དུ་ཡོད་པའི་བོད་མི་རྣམས་ལྟ་རྟོག་སྒོས་རྨ་ལྷོར་བསྐྲད།ལོ་དེའི་ཟླ་བརྒྱད་པའི་ནང་ཧྲན་ཀན་གྱི་བཅའ་སྡོད་དམག་མཚོ་སྔོན་ནས་ཕྱིར་འཐེན་བྱས་རྗེས་སྔར་མཚོ་སྔོན་པོའི་ལྷོ་བྱང་གཉིས་ཀའི་རི་གསེང་དུ་བྲོས་བྱོལ་བྱས་པ་དང་རྨ་ལྷོར་བསྐྲད་པའི་བོད་ཀྱི་ཚོ་བ་རྣམས་ཡང་བསྐྱར་མཚོ་སྔོན་པོའི་ཕྱོགས་སུ་ཡོང་ནས་རྨ་བྱང་གི་ཡུལ་གྲུ་བཟུང་བས།ཆིང་སྲིད་གཞུང་གིས་ཁྲང་ལེན་གྱིས་བསྒྲུབས་པ་མ་ལེགས་ཞེས་བཤད་ནས་ཁྲང་ལེན་ལ་སྐྱོན་འཛུགས་དང་ཉེས་ཆད་བཅད་རྗེས་ཧྲན་ཀན་ཙུང་ཏུའུ་ནཱ་ཡན་ཁྲིན་ཟི་ལིང་ཨམ་བན་ཆེན་མོར་བསྐོས་ཏེ་བོད་དོན་ཐག་གཅོད་བྱེད་དུ་བཅུག ནཱ་ཡན་ཁྲིན་སྤྱི་ལོ་1822ལོའི་ཧོར་ཟླ་དགུ་བའི་ནང་ཟི་ལིང་དུ་ཕེབས་ཏེ་གནས་ཚུལ་བླངས་རྗེས། “དོན་དག་འདི་རྩ་བའི་ཐོག་ནས་ཐག་གཅོད་བྱ་དགོས་ན་སྔོན་ལ་ངེས་པར་དུ་ནང་ལོག་གི་བྱ་ངན་རྣམས་ཐག་གཅོད་བྱ་དགོས”ཞེས་ཆིང་སྲིད་གཞུང་ལ་ཞུ་ཡིག་ཅིག་ཕུལ། ཆིང་སྲིད་གཞུང་གིས་ནཱ་ཡན་ཁྲིན་གྱིས་ཕུལ་བའི་ཞུ་ཡིག་ལྟར་ལོ་དེའི་ཟླ་བཅུ་གཉིས་པའི་ནང་བོང་སྟག་དང་ཞབས་དྲུང་དཀར་པོའི་མངའ་འོག་ཏུ་ཡོད་པའི་བོད་སོག་ཉིས་ཁྲི་སུམ་སྟོང་ལྷག་རྨ་ལྷོར་གནས་སྤོ་བྱེད་དུ་བཅུག་ཅིང་།ཕྱི་ལོར་རྨ་ལྷོའི་དཔེ་ལྟར་བོད་ཡུལ་དུའང་སྟོང་དཔོན་དང་བརྒྱ་དཔོན་གྱི་ལམ་ལུགས་བཙུགས་ཏེ་བོང་སྟག་བ་ལོ་བོང་སྟག་གི་སྟོང་དཔོན་དུ་བསྐོས།སྐབས་དེར་བོང་སྟག་ལ་ཆིང་སྲིད་གཞུང་གིས་བསྐོ་བཞག་གནང་བའི་སྟོང་དཔོན་ཡོད་ན་ཡང་ཐེངས་གཉིས་པར་རྨ་བྱང་དུ་གནས་སྤོ་བྱས་པ་དེ་ཕམ།

བོང་སྟག་གིས་རྨ་ལྷོ་ནས་ཐེངས་གསུམ་པར་རྨ་བྱང་དུ་གནས་སྤོ་བྱས་པའི་གནས་ཚུལ་ཞིག་གོང་གི་རྒྱ་དཔེ་དེ་ལྟར་ན།སྤྱི་ལོ1842ལོའི་ཟླ་བཅུ་གཅིག་པའི་ནང་དུ་རྨ་ཆུར་དར་ཆགས་པའི་སྐབས་དང་བསྟུན་ནས་རྨ་ལྷོ་ན་ཡོད་པའི་བོང་སྟག་སོགས་བོད་འབངས་རྣམས་ཡང་བསྐྱར་རྨ་བྱང་དུ་བུད་ནས་ཆུ་སྔོན་སོགས་ནས་འཚོ་སྡོད་བྱས།ཕྱི་ལོའི་ཟླ་ལྔ་བའི་ནང་ཧྲན་ཀན་ཙུང་ཏུའུ་ཧྥུ་ཉི་དབྱང་དང་ཟི་ལིང་ཙུང་པེན་ཞུས་ཧྭ་ཆིང་སོགས་ཀྱིས་དམག་ཁྲིད་དེ་ཨ་མྱེས་རྨ་ཆེན་དང་ཆུ་སྔོན་སོགས་ན་ཡོད་པའི་བོད་མི་རྣམས་དམར་གསོད་དང་ཕྱུགས་ཟོག་ཕྲོགས་ཏེ་དྲག་གནོན་བྱས་པ་མ་ཟད་ཐེངས་འདིའི་རྨ་བྱང་བོད་ཀྱི་གནད་དོན་རྩ་མེད་བྱས་ཚར་བ་ཡིན་པས་བོད་དོན་གྱི་མཇུག་བསྡུས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས།འོན་ཀྱང་ཧྥུ་ཉི་དབྱང་གིས་རྨ་བྱང་བོད་ཀྱི་གནད་དོན་རྩ་མེད་བྱས་པ་དེའི་བོང་སྟག་རྩ་མེད་བྱ་མ་ཐུབ་པར་རྨ་བྱང་དུ་བསྡད་པས་བོང་སྟག་གིས་རྨ་ལྷོ་ནས་རྨ་བྱང་ལ་གནས་སྤོ་བྱས་པ་དེར་མཐའ་མའི་རྒྱལ་ཁ་ཐོབ།

དེ་ཡང་སྐུ་ཞབས་དབྱང་ཀྲི་ཕིན་གྱིས་རྩོམ་སྒྲིག་བྱས་པའི《སྟོང་སྐོར་ཐིང་གི་ལོ་རྒྱུས》ཞེས་པ་ལྟར་ན།སྤྱི་ལོ1856ལོར་ཧྲན་ཀན་ཙུང་ཏུའུ་ཡུའེ་པེན་དང་ཟི་ལིང་དོན་གཅོད་བློན་ཆེན་ཧྥུ་ཅུ་གཉིས་ཀྱིས་བོང་སྟག་དང་རྐང་ཚ་སོགས་ཀྱི་ཚོ་བ་བརྒྱད་དེ་སྟོང་སྐོར་ཐིང་གི་མངའ་འོག་ཏུ་གཏོགས་པའི་བཀའ་གནང་ཞིང་།སྟོང་དཔོན་དང་བརྒྱ་དཔོན་བསྐོས་ཤིང་དབུ་ཞྭ་དང་ཐམ་ག་སོགས་གནང་ནས་རང་གི་མངའ་འོག་གི་ཚོ་མིར་དོ་དམ་བྱེད་ཏུ་བཞག་པ་དང་མཉམ་དུ་སྟོང་སྐོར་ཐིང་གི་དཔོན་པོ་ནྭ་ཞུན་ཨ་ཀོ་ལ་དང་ཀྲའོ་པེན་ཅན་གཉིས་མངག་ནས་བོང་སྟག་དང་རྐང་ཚ།འཁྱམ་རུ། བདུད་ཤུལ། བན་ཤུལ། ཆུ་གྱ་གཡུང་དྲུང་། གོང་བ་ཐར་སྡེ། རྭ་ངན་སོགས་མཚོ་སྔོན་པོའི་ཕྱོགས་སུ་འཚོ་སྡོད་བྱེད་ཆོག་པ་བྱས་ཏེ།ལོ་རེ་བཞིན་མཚོ་སྔོན་ཡ་མོན་ལ་དགོངས་ཞུ་བཀའ་འདྲི་བྱེད་དགོས་པ་དང་སྟོང་སྐོར་མཁར་ནས་འབྲུ་རིགས་དང་ཇ་སོགས་ཉོ་ཆོག་པ་བྱས།དེ་ནས་བཟུང་སྟེ“རྨ་ལྷོའི་བོད་མི་ཚོས་ལོ་ཆིག་བརྒྱ་ལྷག་གི་རིང་ལ་རྨ་བྱང་སྙེག་པའི་དྲང་བདེན་གྱི་འཐབ་རྩོད”དེ་རྒྱལ་ཁའི་ངང་མཇུག་རྫོགས་ཞིང་། མཚོ་སྔོན་པོའི་ཕྱོགས་སུ་ཡོད་པའི་བོང་སྟག་དང་རྐང་ཚ་སོགས་ཀྱི་མིང་ལ་མཚོ་སྔོན་པོའི་ནང་ཚོ་བརྒྱད་ཅེས་ཨ་མདོ་ཡོངས་སུ་གྲགས།

དེ་ཡང་བོང་སྟག་སྟོང་སྐོར་ཐིང་གི་མངའ་འོག་ཏུ་གཏོགས་པ་ནས་བཟུང་བོང་སྟག་གི་ཡུལ་གྲུའི་རྒྱ་ཁྱོན་མུ་མཐུད་དུ་ཇེ་ཆེར་སོང་སྟེ།རུ་སྡེའི་ཁག་གཅིག་ཨ་མྱེས་རྨ་ཆེན་བྱང་རྒྱུད་ཀྱི་ཆུ་སྔོན་ཕྱོགས་སུ་ཡོད་ལ་མིང་དུ་བོང་སྟག་གོང་མ་ཟེར་བ་དང་རུ་སྡེའི་ཁག་གཅིག་ཚྭ་ཧན་ལྦུའུ་སུའུ་དང་ཤ་རག་ཀའི་ཕྱོགས་སུ་ཡོད་ལ་མིང་དུ་བོང་སྟག་བར་མ་ཟེར།རུ་སྡེའི་ཁག་གཅིག་ཐེམ་ཆེན་རི་བོ་ལྟེ་བ་བྱས་པའི་མཐའ་ཡས་པའི་གཡུ་ལྗོངས་ཕྱུག་མོའི་ཕྱོགས་སུ་ཡོད་ལ་མིང་དུ་བོང་སྟག་ཞོལ་མ་ཟེར་བས་ཁ་དཔེར་ཡང་བོང་སྟག་གི་ཡུལ་གྲུར་ལོ་གསུམ་ལ་མཐའ་མི་བསྐོར།ཟླ་གསུམ་ལ་གཏུག་མི་འབྱོར་ཞེས་གྲགས་པས། སྐབས་དེར་བོང་སྟག་གི་ཡུལ་གྲུའི་རྒྱ་ཁྱོན་ཧ་ཅང་ཆེ་བ་ཤེས། གནས་ཚུལ་འདི་འདྲ་ཞིག་གི་འོག་ཏུ་སྤྱི་ལོ་1937ལོའི་ཟླ་བརྒྱད་པའི་ནང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བོང་སྟག་ལ“འབྲོག་ས་དོ་དམ་བྱེད་པའི་ལག་ཁྱེར་འཛིན་ཡིག”་གནང་བས་ཁོ་ཚོས་འབྲོག་ས་བཀོལ་སྤྱོད་བྱེད་པར་ཁྲིམས་མཐུན་གྱི་དངོས་དཔང་ཐོབ་ཅིང་།མཚོ་སྔོན་པོའི་ནུབ་བྱང་མཚམས་སུ་འཚོ་སྡོད་བྱེད་པར་གཞི་ཚུགས་པ་སོགས་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་དོན་དག་གལ་ཆེན་བྱུང་།

སྤྱི་ལོ1947ལོའི་བོང་སྟག་གི་སྤྱིའི་སྟོང་དཔོན་རྟམ་ཁིའི་སྐབས་སུ་བོང་སྟག་ནས་པཱའོ་ཅའི་ལམ་ལུགས་བཙུགས་ཏེ་པཱའོ་ལྔ་དང་ཅ་བརྒྱད་ཅུ།སྤྱིའི་ཅ་ཀྲང་གཅིག་བཅས་ཡོད་ལ། པཱའོ་ཀྲང་དང་ཅ་ཀྲང་གི་འགན་སྔོན་གྱི་སྟོང་དཔོན་དང་བརྒྱ་དཔོན་གྱིས་ཟུར་ཁུར་བྱས་ཡོད་པས།ཁོ་ཚོའི་ཐད་ཀར་གྱི་འགོ་ཁྲིད་ནི་སྤྱིའི་སྟོང་དཔོན་དང་སྟོང་དཔོན་གཞོན་པ་ཡིན་པས་བོང་སྟག་གི་པཱའོ་ཅའི་ལམ་ལུགས་དེ་ཐུའུ་སི་སྟེ་ཡུལ་དཔོན་དང་པཱའོ་ཅའི་ལམ་ལུགས་གཉིས་མཉམ་དུ་འདྲེས་པའི་ལམ་ལུགས་ཤིག་ཡིན་པ་མཚོན།

སྤྱི་ལོ1929ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དེང་སང་གི་ལྦུའུ་ལན་རྫོང་གི་ཤེས་རིག་གྲོང་རྡལ་ནས་ཏུའུ་ལན་རྫོང་འཛུགས་སྐབས་བོང་སྟག་ཏུའུ་ལན་རྫོང་གི་ཆུས་གཉིས་པར་གཏོགས་པ་དང་།སྤྱི་ལོ1949ལོའི་ཟླ་བཅུ་གཉིས་པའི་ནང་ཏུའུ་ལན་རྫོང་ལྦུའུ་ལན་ནས་ཚྭ་ཧན་ལྦུའུ་སུའུ་ལ་གནས་སྤོ་བྱས་པར་བོང་སྟག་ཏུའུ་ལན་རྫོང་གི་ཆུས་དང་པོར་གཏོགས།

སྤྱི་ལོ་1949ལོའི་ཟླ་བཅུ་བའི་ནང་བོང་སྟག་གི་སྤྱིའི་སྟོང་དཔོན་རྟམ་ཁོ་དང་མོག་ཆུང་ཀུན་པ་སོགས་ཟི་ལིང་མཁར་དུ་སོང་ནས་ཀྲུང་གོའི་གུང་ཁྲན་ཏང་དང་མི་དམངས་བཅིངས་འགྲོལ་དམག་བོང་སྟག་ཏུ་ཕེབས་པར་དགའ་བསུ་བྱེད་པའི་བསམ་པ་བསྟན་ཞིང་སྐབས་དེའི་བོང་སྟག་གི་གནས་ཚུལ་ཡར་ཞུ་བྱས།ཟླ་བཅུ་བའི་ནང་མཚོ་སྔོན་ཞིང་ཆེན་དམག་སྲིད་དོ་དམ་ཨུ་ཡོན་ལྷན་ཁང་གིས་སོག་པོའི་གོང་གྲས་མི་སྣ་ཝང་འབུམ་པ་ཏུའུ་ལན་རྫོང་གི་རྫོང་དཔོན་དུ་བསྐོས་པ་དང་སོག་པོའི་ཝང་ཡེ་དབང་གྲགས་དང་བོང་སྟག་གི་སྤྱིའི་སྟོང་དཔོན་རྟམ་ཁོ་གཉིས་རྫོང་དཔོན་གཞོན་པར་བསྐོས།ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་ཝང་འབུམ་པ་ཟི་ལིང་མཁར་ནས་ཏུའུ་ལན་རྫོང་ལ་བགྲོད་ལམ་དུ་བོང་སྟག་རྟམ་ཁོ་ཚང་ལ་ཡོང་ཚེ་རྟམ་ཁོས་མང་ཚོགས་རྩ་འཛུགས་བྱས་ནས་ཁོ་ཚོ་ཕེབས་པར་དགའ་བསུ་བྱས།ཝང་འབུམ་པས་མང་ཚོགས་ཚོགས་ཆེན་ཁྲོད་དུ་གུང་ཁྲན་ཏང་གི་སྲིད་ཇུས་དྲིལ་བསྒྲག་སོགས་བྱས་པས་བོང་སྟག་ལ་ཞི་བདེའི་ངང་བཅིངས་འགྲོལ་ཐོབ་པ་མཚོན།སྤྱི་ལོ་1951ལོར་ཀྲུང་གུང་ཏུའུ་ལན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཚྭ་ཧན་ལྦུའུ་སུའུ་ནས་མེ་འགོག་ཁྲོ་རོགས་ཨུ་ཡོན་ལྷན་ཚོགས་ཀྱི་ཡན་ལག་ཚོགས་པ་འཛུགས་སྐབས་རྟམ་ཁོ་ཡན་ལག་ཚོགས་པའི་ཀྲུའུ་ཞིར་བདམས་པ་དང་།སྤྱི་ལོ1953ལོའི་ཟླ་བཅུ་བའི་ནང་ཚྭ་ཧན་ལྦུའུ་སུའུ་ནས་ཀྲུང་གུང་ཐེམ་ཆེན་རྫོང་ཨུ་བཙུགས་ཤིང་ལི་ཅན་ཧྥུ་ཡིས་ཧྲུའུ་ཅིའི་འགན་ཁུར་ཞིང་རྔ་མོར་ཞོན་ཏེ་ཐེམ་ཆེན་སྦྲ་ནག་ཡུལ་གྲུར་ཕེབས།ཟླ་བཅུ་གཅིག་པའི་ནང་ཐེམ་ཆེན་བོད་རིགས་རང་སྐྱོང་ཆུས་འཛུགས་པའི་གྲ་སྒྲིག་གི་གྲོས་མོལ་ཚོགས་ཆེན་བསྡུས་པར་བོང་སྟག་ཚོ་ཆེན་བཅོ་བརྒྱད་ཀྱི་ཚོ་དཔོན་དང་ཆོས་ལུགས་མི་སྣ་རྣམས་ཚོགས་ཆེན་དུ་ཞུགས་ཤིང་རྟམ་ཁོ་ཐེམ་ཆེན་བོད་རིགས་རང་སྐྱོང་ཆུས་འཛུགས་པའི་གྲ་སྒྲིག་གི་ཀྲུའུ་ཞིར་བདམས་པ་དང་ལི་ཅན་ཧྥུ་དང་ཆོས་རྒྱམ་གཉིས་ཀྲུའུ་ཞི་གཞོན་པར་བདམས།སྤྱི་ལོ1954ལོའི་ཟླ་བདུན་པའི་ནང་ཐེམ་ཆེན་བོད་རིགས་རང་སྐྱོང་ཆུས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཏེ་རྟམ་ཁོ་ཆུས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིར་བདམས་པ་དང་ལི་ཅན་ཧྥུ་དང་ཀུན་བྱམས།གཡང་འབའ་གསུམ་ཀྲུའུ་ཞི་གཞོན་པར་བདམས་ཏེ་ཐེམ་ཆེན་བོད་རིགས་རང་སྐྱོང་ཆུས་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས། སྤྱི་ལོ1955ལོའི་ཟླ་དྲུག་པའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་ལྟར་ཐེམ་ཆེན་བོད་རིགས་རང་སྐྱོང་ཆུས་དེ་ཐེམ་ཆེན་རྫོང་དུ་བསྒྱུར།དེ་ནས་བཟུང་སྟེ་བོང་སྟག་གི་བོད་རིགས་མི་དམངས་ཀྱིས་ཏང་དང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་མེད་པར་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པས་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་བྱུང་ཞིང་།གཞན་པའི་སྤུན་ཟླ་མི་རིགས་དང་འདྲ་པར་ཧུར་བརྩོན་སྒོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་པ་འདིའོ།།

ཞེས་པ་ནི་བོང་སྟག་ཕུན་ཚོགས་ཀྱིས་སྤྱི་ལོའི2016ལོའི་སྤྱི་ཟླ་2པའི་ཚེས་19ཉིན་ཟི་ལིང་མཁར་ནས་བྲིས་སོ།།

དཔྱད་གཞིའི་དཔེ་ཆ་གཙོ་བོ་ནི།

1、བོད་དཔེ་ལ 《 མ་ཎི་བཀའ་འབུམ 》དང་《 ཆོས་འབྱུང་མཁས་པའི་དགའ་སྟོན》། 《ལྡེའུ་ཆོས་འབྱུང་རྒྱས་པ》། 《 མདོ་སྨད་ཆོས་འབྱུང་》། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》། 《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚད། 》། 《 རེབ་གོང་གསེར་མོ་ལྗོངས་ཀྱི་ཆོས་སྲིད་བྱུང་བ་བརྗོད་པ་འདོད་འབྱུང་གཏེར་གྱི་བུམ་བཟང་། 》།《 རླངས་ཀྱི་པོ་ཏུ་བསེ་རུ་རྒྱས་པ།》།སོགས་དང་།

2、རྒྱ་དཔེ་ལ《 ཐང་ཡིག་ལས་བོད་ཀྱི་སྐོར་ལྒིང་པ། 》 དང་《ཆིང་རྒྱལ་རབས་ལས་ཅ་ཆིན་གནས་ཚུལ་ཀྱི་ཟིན་བྲིས།》། 《ཆིང་རྒྱལ་རབས་ལས་ཏའོ་ཀོང་གནས་ཚུལ་ཀྱི་ཟིན་བྲིས།》། 《ཞོན་ཧྭ་ལོ་རྒྱུས་ལས་མི་རིགས་གཞན་པའི་སྐོར། 》 《ཁྲི་ཀ་རྫོང་གི་ལོ་རྒྱུས།》《སྟོང་སྐོར་ཐིང་གི་ལོ་རྒྱུས》།《མཚོ་སྔོན་གྱི་ཟིན་བྲིས། 》 《མཚོ་སྔོན་ལོ་རྒྱུས་གནད་བསྡུས་ཀྱི་ཟིན་བྲིས། 》《མཚོ་ནུབ་ཁུལ་གྱི་ལོ་རྒྱུས། ཐེམ་ཆེན་རྫོང་གི་ལོ་རྒྱུས། 》སོགས་ཡིན།

ཉེ་བའི་གསར་བསྒྱུར།