ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > དཔྱད་རྩོམ།

མཆོད་མེ་དྲ་བ། : བུད་མེད་དང་སློབ་གསོ།

སྤེལ་དུས། 2013-02-26 09:38:15  རྩོམ་ཁུངས། མཆོད་མེ་དྲ་བ།  རྩོམ་པ་པོ། རྩོམ་པ་པོ་མི་གསལ།  ཀློག་གྲངས།

        སློབ་ལོ་མ་རན་པའི་བྱིས་པའི་སློབ་གསོ་ནི་ཁྱིམ་ཚང་གི་སློབ་གསོ་ནས་འགོ་རྩོམ་དགོས་ཤིང་།ཨ་མ་ནི་བྱིས་པའི་ཆེས་ཐོག་མའི་སྐད་བརྡའི་སློབ་གསོ་སྒྲུབ་པའི་དགེ་རྒན་ཡིན།
       རང་རེ་རྒྱ་གར་བའི་ཤེས་རིག་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟས་ན།འུ་ཅག་ལའང་ཤེས་རབ་ཅན་གྱི་མཛངས་མ་མང་དག་ཅིག་བྱུང་མྱོང་མོད། དེ་ལས་ལྡོག་སྟེ་དེང་གི་སྐབས་སུ་ཡིག་རྨོངས་པའི་སྐྱེས་མ་བགྲང་གིས་མི་ལངས་པའི་དུས་ལ་སླེབས་པར་ཡོད།སྣང་ཚུལ་འདི་རིགས་ནི་བུད་མེད་རང་སེམས་ཀྱི་མོས་འདུན་དངོས་དེ་མ་ཡིན་པར། རང་རེའི་ཁོར་ཡུག་གི་སྤྱི་ཚོགས་འདིར་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཐལ་དྲག་འདུག་ན། སྐྱེས་མ་ཚོའི་སློབ་གསོའི་བགོ་སྐལ་མངོན་ལྐོག་གང་རུང་ནས་ཕྲོགས་དང་འཕྲོག་མུས་སུ་མཆིས།
         སྲིད་འབྱོར་རིག་གསུམ་ཡར་ངོའི་ཟླ་བཞིན་འཕེལ་བའི་དུས་རབས་འདིར། བུད་མེད་ཅིག་ཡིན་ཕྱིན་ད་དུང་སུས་ཀྱང་དང་དོད་མི་བྱེད་ལ། ཁྱིམ་བདག་མང་མང་གིས་ཕྲུ་གུ་བུ་མོ་རང་གསོ་སྐྱོང་བྱ་འདོད་མེད་པའམ།གལ་ཏེ་ཡོད་པའི་དབང་དུ་བཏང་ཡང་།མོ་རྒྱུད་ཕོ་དམན་གྱི་འདུ་ཤེས་ལྟ་ཚུལ་ཐེབས་དྲག་པས།བུད་མེད་ཉིད་སློབ་གསོས་སྐྱོང་བ་ལ་དགོས་གལ་ཆེར་མི་སྣང་བར།དེ་ནི་ཕ་མའི་ཤོག་ དངུལ་ཆུད་ཟོས་སུ་བཏང་བར་འདོད།
ལ་ལས་བུད་མེད་ཀྱི་སློབ་གསོ་སྦྱོང་བའི་མཐུན་རྐྱེན་སྒྲུབ་མི་འདོད་པའི་རྒྱུ་མཚན་ནི།ཁོ་མོ་ཚོས་གནས་ཡུལ་འགྲིམ་ཚེ།ཁྱིམ་ཚང་དེ་གའི་ནོམ་པ་ཡོངས་བུ་མོའི་སྐལ་ནོར་དུ་དབུལ་དགོས་པ་ལ་ཅིས་ཀྱང་བཟོད་གསོལ་གནང་དགོས་པས་ཡིན་འདུག།
        དེས་ན།སྐྱེས་མ་སློབ་ཕྲུག་ཚོའི་འབྲི་ཀློག་འཆད་གསུམ་གྱི་ཡོན་ཚད་འདོད་བློ་ཚིམས་པ་ཞིག་ཡོང་ཐུབ་མེད་པ་གང་དེས་ཐད་ཀ་ཐད་སོར་རྒྱལ་ཁབ་ཅིག་གི་ཕྱོགས་ཀུན་ནས་ཡར་རྒྱས་དང་།དེའི་མི་འབོར་གྱི་འཕེལ་རིམ་ཐད་སྒུད་ཤུགས་ཚབས་ཆེན་ཐེབས་ངེས་རེད།གསལ་བོར་བཤད་ན།བུད་མེད་ཀྱི་དཀའ་སྡུག་གང་དེ་འབྱུང་རྐྱེན་གཙོ་བོ་ནི་སློབ་གསོའི་གནད་ཀ་ལ་ཐུག་ཡོད་པ་རེད་བསམས།བུད་ མེད་སྤྱི་ལ་འཐུས་ཚང་སློབ་གསོ་ཚད་ལྡན་ཞིག་ཡོང་ཚེ།ཁོར་ཡུག་འདིའི་བྱིས་གསོད་ཉེས་དམིགས་དང་རང་ཤི་རྒྱག་པ།ཁྱིམ་ཚང་ཕུར་དཀྲུག་སློང་བ།མུ་གེ་ཉམས་ཉེས་འབྱུང་བ།བྱིས་པ་བཙན་ཤེད་ཀྱིས་གཉེན་སྒྲིག་པ་སོགས་དེ་དང་དེ་འདྲ་བའི་བུད་མེད་ཀྱི་ཉེས་སྤྱོད་དང་འབྲེལ་བའི་རྩིང་སྤྱོད་རིགས་ཡོ་བསྲང་དང་གནད་དོན་ཐག་གཅོད་ཐུབ་པར་སྙམ།
        མདོར་ན་སློབ་གསོས་ནི་སྤྱི་ཚོགས་ཁོར་ཡུག་གང་དེའི་ཡུལ་སྲོལ་གོམ་གཤིས་དང་།སྲིད་དོན།དཔལ་འབྱོར་སོགས་ཡར་སྐུལ་གྱི་རེ་འདུན་སླད་མེད་མི་རུང་བའི་སློབ་གསོའི་ཡོན་ཚད་འཐུས་ཚང་ཅན་དུ་མཁོ་སྦྱོར་དང་།གཞན་སྤྱི་ཚོགས་དཔལ་འབྱོར་ལས་རིགས་ཐད་ཀྱི་སྐྱེས་མའི་གོ་བབ་མཐོར་འདེགས་བྱེད།
         ན་ཚོད་རྒན་གཞོན་གང་ཡིན་ཡང་རུང་སྟེ།སློབ་གསོས་སྐྱེས་མ་ཚོའི་སེམས་ཁམས་ཀྱི་ཆ་དང་།སྤྱི་ཚོགས་ཀྱི་ཆ།ཤེས་ཡོན་གྱི་ཆ་བཅས་ཡར་བསྐྱེད་ཤུགས་སྣོན་བྱེད་པ་དང་བསྟུན།ལར་ཡང་ཉིན་རེའི་འཚོ་བའི་དགོས་མཁོ་སྐོང་ནུས།དམིགས་སུ་འུ་ཚོའི་སྤྱི་ཚོགས་ཁོར་ཡུག་འདིའི་ནང་དུ་བལྟས་བཅོས་ཀྱི་ཁེ་དབང་འདྲ་མཉམ་མིན་པའི་སྣང་ཚུལ་སྐྱི་གཡའ་བ་འདི་རིགས་ཡོ་བསྲང་ལེགས་བཅོས་བྱ་ཐུབ་པར་སེམས།
         སློབ་གསོ་མྱོང་པའི་བུད་མེད་ཁོ་ནས་ད་གཟོད་ཁྱིམ་ཚང་ལ་གང་དང་ཅི་ཉེ་བར་མཁོ་བ་ཤེས་རྟོགས་ནུས་པ་དང་།རང་ཉིད་ཀྱི་ཕྲུ་གུ་ཚོང་ཁང་ངམ་བཟོ་གྲྭའི་གཡོག་ཏུ་བརྒྱུག་མི་འཇུག་པར།དེ་ལས་ལྡོག་སྟེ་ཚད་ལྡན་སློབ་གྲྭའི་སློབ་གསོ་ལེགས་པོ་བསྒྲུབ་པར་གྲ་སྒྲིག་བཟང་པོ་བྱེད་ལ།བྱིས་པའི་སེམས་ཁམས་བདེ་ཐང་དང་བཟའ་བཏུང་འཕྲོད་བསྟེན་གང་ཅིའི་ཐད་ལ་དེ་བས་ཀྱང་འགན་འཁུར ་དང་ལེན་བྱ་ངེས།
         ཨ་མ་ཞིག་གི་མ་རྩའི་འགན་འཁྲི་དེ་རང་གི་བྱིས་པར་གང་ཅི་བྱས་ན་ལེགས་ཚུལ་དང་།ཇི་ལྟར་འཚོ་སྐྱོང་གནང་དགོས་པ་གསལ་བོར་ངེས་ཤེས་འདྲོངས་དགོས་པ་དེ་ཡིན་པར་འདོད།དེས་ན།སློབ་གསོ་མྱོང་བའི་ཨ་མ་ཞིག་ཡིན་ཕྱིན།ཆགས་སྡང་གི་ཉེ་རིང་མི་འཛིན་པར།བྱིས་པའི་སློབ་གསོའི་ཡོན་ཚད་མཐོར་འདེགས་གཏོང་ངེས་ཡིན།
         སློབ་གསོ་ཐོབ་སྐལ་ཉུང་བའི་བུད་མེད་ཅིག་གི་ངོས་ནས་གཉེན་མ་སྒྲིག་པའི་སྔ་རོལ་དུ་ཕ་མར་བརྟེན་དགོས་པ་དང་།གཉེན་སྒྲིག་ཙམ་ནས་ཁྱོ་གར་འཁེན་པ།རྒན་འཁོགས་ཀྱི་འཚོ་བ་ཕྲུ་གུར་བཅོལ་དགོས་པ་སོགས་གཞན་བརྟེན་ཁོ་ནའི་འཚོ་སྒྲུབ་བྱེད་དགོས་སྟབས།བུད་མེད་ཀྱི་འཚོ་གནས་ནི་ཡིད་སེམས་རབ་ཏུ་གདུང་བའི་གནས་ཤིག་རེད་ཨང་།
         ལས་རིགས་ཁག་སོ་སོར་བུད་མེད་ནི་བྲན་གཡོག་ཅིག་གི་ཚུལ་དུ་བཀོལ་པ་དང་།ལྷག་ཏུ་སློབ་གསོའི་གོ་རྟོགས་དམན་པའི་བུད་མེད་ནི་བྲ་གཡོག་ལྟར་ལོག་ཏུ་སྤྱོད་པ་ཐལ་ཆེ་བར་མཐོང་སྟེ།ཁོང་མོ་ཚོས་རང་གི་འོས་བབ་ཀྱི་ཁེ་དབང་ཙམ་ཡང་གླེང་མ་ནུས་པ་རེད།ད་དུང་བུད་མེད་མང་པོ་ཞིག་ལ་རོགས་རེས་ཀྱི་འདུ་ཤེས་མེད་ཁར།སྒེར་གཉེར་ཁེ་ལས་སྡེ་ཁག་ཅིག་ཏུ་གཡོག་ལས་ཙམ་དུ་མ་ཟད།གལ ་ཏེ་བུད་མེད་ལའང་ཤེས་ཡོན་སློབ་གསོ་འཐུས་ཚང་བ་འཛོམས་ཚེ།ཁོ་མོ་ཚོས་ཀྱང་ཐུན་མོང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཐད་དུ་ངེས་ཤེས་སྐྱེད་པ་དང་།སྤྱི་གཉེར་ཁེ་ལས་སྡེ་ཁག་གི་ལས་སྒོར་ཞུགས་པ།ཐུན་མོང་གི་ཐོབ་ཐང་དང་ཁེ་དབང་ལོངས་སུ་སྤྱོད་ངེས་ཡིན་པ་རེད།
         བུད་མེད་ལ་སློབ་གསོའི་མ་ལག་ཆ་ཚང་བ་ཞིག་ཐོབ་ཚེ།ཁོ་མོ་ཚོ་སྣ་མང་རང་བཞིན་ཅན་གྱི་བཟོ་ཚོང་ལས་རིགས་ཁག་ཏུ་ཞུགས་པའི་འཇོན་ནུས་སྐྱེད་བསྲང་བྱེད་ཐུབ་པ་མ་ཟད།ཁེ་ལས་མ་རྐང་འཇོག་པའི་ལས་རིམ་གྱི་འགྲོ་ལུགས་ཐད་ལའང་ཤེས་ཚོར་ཡོང་བ་དང་།དངོས་པོའི་ཚན་རྩལ།དེང་གི་སྲིད་ཇུས།ཐོན་རྫས།ཚོང་ཟོང་ཕྱིར་གཏོང་དང་ནང་འདྲེན།བརྗེ་རེས།ཚོང་དོན་གན་འཇོག་སོགས་ཆ་ཡོངས་སུ་ཚང་བའི་སྣ་མང་རྒྱུན་ཤེས་རྒྱུད་ལ་འཇགས་ཐུབ་པར་སེམས།
         བུད་མེད་ཀྱི་འཚོ་གནས་ལ་འགྱུར་ལྡོག་དང་ཡར་རྒྱས་གཏོང་བ་ནི།ཐད་ཀར་སྤྱི་ཚོགས་གང་དེའི་ལས་སྒོ་ཀུན་གྱི་གནས་བབ་ལ་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་གོ་རིམ་ཞིག་ཀྱང་ཡིན་པ་རེད།
བདག་ཉིད་ཆེན་མོ་མ་ཧ་མ་གྷན་རྡི་ན་རེ”ཨ་མའི་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་ཤེས་རབ་ཀྱི་སྟེང་ན་བྱིས་པའི་སློབ་སྦྱོང་གི་སློབ་གསོ་སྒྲུབ་པའི་ནུས་རྩལ་ཁྱད་དུ་འཕགས་པ་མངའ”ཞེས་གསུངས་པ་ལྟར།བུད་མེད་ཀྱི་མདུན་ལམ་དང་འཚོ་གནས་གནད་དོན་ཐག་གཅོད་བྱ་ཐུབ་ཚེ།སྐྱེས་མ་ཚོས་བྱིས་པ་འཚོ་སྐྱོང་གང་ལེགས་མཛད་པར་མ་ཟད།བྱིས་པར་སློབ་གསོ་བསྒྲུབ་པའི་བྱ་གཞག་ལ་བླ་ལྷ ག་ངང་གཙིགས་འཛིན་བྱ་ངེས་རེད་སྙམ།
དེར་བརྟེན་རང་ཅག་གི་སྤྱི་ཚོགས་ཁོར་ཡུག་གི་ཕྱོགས་ཀུན་ནས་འཕོ་འགྱུར་གཏོང་དགོས་ཚེ།ཐོག་མར་བུད་མེད་ལ་སློབ་གསོ་མྱོང་པའི་ལས་སྒོ་ནས་འགོ་རྩོམ་དགོས་པར་འདོད་དོ།།

2/2/2013 ཉིན་སྦྱར།
༼ན་བུན་གྱིས་རྒྱ་གར་དུས་བབ་གསར་ཤོག་ལས་བསྒྱུར་ཅིང་བསྒྲིགས༽

ཉེ་བའི་གསར་བསྒྱུར།