ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > དཔྱད་རྩོམ།

ངང་ཚུལ་འདི་ལ་ལྟས་ན་རང་རེ་རྣམས་རེ་བ་ཡོད་དཀའ།

སྤེལ་དུས། 2013-07-11 08:20:28  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། རྔུལ་ཆུའི་དཔའ་བོ།  ཀློག་གྲངས།

         ལས་དབང་གཅིག་པའི་དོ་ར་རུ།   བདེ་སྡུག་གི་འགྱུར་བ་དུ་མའི་ཁྲོད།   རང་རེ་བོད་མི་རིགས་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་རིག་གནས་ཀྱི་རྩ་བ་མཐུག་པའི་མི་རིགས་ཡིན་ལ།  མ་ཟད་ས་ཆེན་གོ་ལའི་ཡང་རྩེ། དྭངས་གཙང་གི་མཁའ་དབུགས་ལྡན་ལ་ས་གཙང་ཆུ་གཙང་དྲི་བཟང་གི་ངེད་པ་ཐུལ་བའི་འཛམ་གླིང་གི་ཐ་མའི་ཞིང་ཁམས་ཞེས་གྲགས་པ་འདིར།   དེང་རབས་ཀྱི་ཚན་དཔལ་རིག་གསུམ་གྱི་ཆ་ནས་སྔོན་དུ་མ་ཐོན་ཀྱང་སྔོན་བྱོན་གྱི་ཆོས་རྒྱལ་ལོ་པན་དག་གི་ཚད་མེད་པའི་ཐུགས་རྗེ་ལ་བརྟེན་ནས་རང་ལ་སྔར་ཡོད་ཀྱི་རིག་གནས་དང་། མ་ཟད་མི་རིགས་དང་རྒྱལ་ཁབ་གཞན་པའི་རིག་གནས་ལེགས་པ་དག་བསྡུ་ལེན་བྱས་པའི་སྟོབས་ཀྱིས་མི་རིགས་གཞན་གྱིས་བསྒྲུན་པར་དཀའ་བའི་ནང་བསམ་པའི་རིག་གནས་ཆོག་ཤེས་དང་འདོད་ཆུང་། བརྩེ་བ་དང་སྙིང་རྗེ་གཞན་ལས་འཕགས་པའི་མི་རིགས་ཤིག་བྱུང་མྱོང་བ་ནི་གཞན་གང་གིས་མ་ཡིན་ཡང་རང་རེ་ལ་ཁྱད་དུ་འཕགས་པའི་རིག་གནས་ཞིག་ཡོད་པའི་དབང་གིས་ཡིན་པར་གོར་མ་ཆགས།  དེ་ལྟ་ན་ཡང་དེང་དུས་ནི་རང་རེའི་གསར་བུ་དག་གིས་མི་རིགས་གཞན་པའི་རིག་གནས་བཟང་ངན་ཀུན་ལ་འགྲམ་ཆུ་གདང་རྐྱང་དང་།   རང་གི་སེམས་ཁམས་ཀྱི་བང་མཛོད་དུ་ཡོད་པའི་རིག་གནས་དག་འདོར་རྐྱང་དུ་བྱས་པའི་དབང་གིས་ད་ནི་རང་རེ་རྣམས་ལོ་རེ་ནས་ལོ་རེ་བཞིན་མི་བུའི་བརྩེ་གདུང་ཇེ་ཞེན་ནས་ཇེ་ཞེན་དུ་འགྲོ་ཡི་འདུག་ལ་དེས་རྐྱེན་པས་ཕན་སེམས་དང་ལྷག་བསམ།  སྤྱོད་བཟང་དང་།  མི་གཞི་དག་ཇེ་ཞེན་དུ་འགྲོ་ཡི་འདུག   དེ་དང་མཉམ་དུ་མཆོག་གསུམ་ལ་དད་པ་བྱེད་མི་ཤེས་པ་དང་།   དམ་པའི་ཆོས་ཀྱི་རིན་ཐང་ཤེས་མཁན་དཀོན་པ་དང་།  དམ་ཆོས་དངོས་དང་མཐུན་པའི་ཉམས་ལེན་མཁན་དཀོན་པའི་དབང་བཅས་ཀྱིས་རང་རེའི་མི་རིགས་ནི་དོན་དངོས་ལ་ལོ་རེ་ནས་ལོ་རེ་བཞིན་འདོད་རྔམ་ཇེ་ཆེ་དང་ཀུན་སྤྱོད་ཇེ་ངན།  ཁྲེལ་དང་ངོ་ཚ་ཇེ་ཆུང་དུ་སོང་ནས།  ཡོད་པ་ཁོ་ན་གཡམ་རྒྱུགས་དང་།   དམ་པ་དང་དམ་ཆོས་ལ་བསྐུར་འདེབས་ཀྱི་ཁ་ཕྲུ་གཏོར་རྐྱང་།    ཁ་གཡང་འདྲ་མིན།   གདོང་འཕྲད་ངོ་འཛུམ་རྐྱང་རྐྱང་ལ་གོམས་པའི་དབང་གི་ཚད་ངེས་པའི་ཐོག་ནས་བརྗོད་ན་ན་ནིང་ནས་ད་ལོར་བསྡུར་ན་འདབས་ལྔ་ཡིས་དབྱར་རྩ་དགུན་འབུའི་དོན་དུ་སྡེ་ཤོག་ནས་སྡེ་ཤོག་བྱས་ཏེ་ཤོག་འཛིང་དང་འུར་འདེབས། ཐོག་རྫིས།   ཕྱི་ལ་སྡར་མ་ཝ་རྔ་བསྟན་བཞིན་ནང་དམེ་བྱེད་པར་ཕོ་ལས་མོ་རྒོད་པའི་རྣམ་པས་ལག་ཏུ་གྲི་རིང་ཐོག་པ།    བོའུ་ཁ་ཕྱོགས་ནང་དུ་བསྟན་ནས་མི་རིགས་ལ་རྒྱ་ཆེ་བར་གྲགས་པའི་ཨ་མདོ་རེབ་ཀོང་དང་མགོ་ལོག   ཁམས་འབྲི་རུ་དང་ཆབ་མདོ་སོགས་སུ་མི་བུའི་ཚེ་སྲོག་མི་ཉུང་བ་ས་ལ་གཏོར་བའི་གཏུམ་སྦྱོད་ལ་ལྟོས་དང་ལ་རྒྱ་འཇའ་ལྟར་ཡར་སོང་ལ་མ་འོངས་རེ་འདུན་ཆུ་ལ་གཡུག་སོང་།   སྤྱིར་ནི་མི་དེ་དག     སྤྱོད་འཇུག་ལས།   བྱིས་པ་རང་དོན་ཁོ་ན་དང་།   །ཐུབ་དབང་གཞན་དོན་ཁོ་ན་སྟེ།  །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།   །གསུངས་པ་ཙམ་ལ་གོ་མྱོང་མེད་པར་།  རང་ཁོ་ན་བདེ་ཐབས་དང་སྐྱིད་ཐབས།   རང་ཙམ་ཁེ་ཐབས་དང་རྒྱལ་ཐབས་སེམས་ལ་བཅང་མཁན་དག་ནི་དོན་ངོ་མར་ཁྱོད་ལ་བདེ་སྐྱིད་ཡང་དག་ཞིག་ཐོབ་མི་སྲིད་པ་དངོས་པོའི་གཤིས་ཀྱིས་གྲུབ་ཡོད་པ་ལ་རྒྱུས་ལོང་མེད་པ་དག་ནི་ཅི་འདྲའི་སྙིང་རྗེ་བ་ལ།     གལ་ཏེ་ཁྱོད་རང་ཉིད་ལ་བདེ་སྐྱིད་ཞིག་ཐོབ་དགོས་ན་གཞན་དང་འབྲེལ་ནས་ཐོབ་དགོས་པ་མ་ཟད།  དེ་ལས་ཀྱང་གཞན་དོན་གཙོ་བོ་བྱས་ན་རང་དོན་ཞོར་དུ་འགྲུབ་ངེས་པའི་དཔེ་གསོན་པོ་ནི།   སྟོན་པ་དོན་ཀུན་གྲུབ་པ་དང་མ་ཧཱ་གྷནྡི།   ཅམ་ཨང་སན་སོན་སོགས་ལ་ལྟོས་དང་ཤེས་ཡོང་།      

ཉེ་བའི་གསར་བསྒྱུར།