ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > དཔྱད་རྩོམ།

དམར་ལྡན་སྐོར་གྱི་ཤེས་བྱ་དྭངས་གསལ།

སྤེལ་དུས། 2015-09-24 09:32:36  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། ཊྲ་གུ།  ཀློག་གྲངས།

རྩོམ་ཡིག་འདིའི་འབྱུང་ཁུངས་ནི་《མཚོ་སྔོན་བོད་རིགས》དུས་དེབ 2015ལོའི་དེབ་དང་པོ་ཡིན།

བོད་རིགས་འདུས་སྡོད་ཀྱི་ཡུལ་ལྗོངས་འདི་མཛེས་སྡུག་ལྡན་ལ་ཡིད་དུ་འོང་བ་ཞིག་ཡིན་པ་མ་ཟད་རིག་གནས་སྒྱུ་རྩལ་ཡང་ཕུན་སུམ་ཚོགས་པ་ཞིག་ཡིན་པས་བདག་ཅག་ཨ་མདོ་བའི་རིག་གནས་སྒྱུ་རྩལ་ཡང་དེ་བཞིན་རེད། དཔེར་ན་མཚོ་སྔོན་པོའི་གཡས་རུ་གཡོན་རུར་ཡོད་པའི་འབྲོག་པའི་བུད་མེད་ཚོའི་དམར་ལྡན་གྱི་རིག་གནས་སྒྱུ་རྩལ་ཡང་དེའི་ནང་གསེས་ཤིག་ཡིན་ལ་གནའ་སྔ་མོ་ཞིག་ནས་དར་མོད། འོན་ཀྱང་། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་མཇུག་ཏུ་མེད་པར་དུ་བཏང་བས་དམར་ལྡན་སྐོར་གྱི་ཤེས་བྱའི་རྒྱུན་ཡང་ཆད་ལ་ཉེ། འདི་དག་ཉམས་པ་སོར་ཆུད་དང་མ་ཉམས་པ་གོང་འཕེལ་དུ་གཏོང་བར་ནུས་པ་ཅུང་ཙམ་འདོན་ཆེད་རྒན་ངས་དམར་ལྡན་གྱི་ཤེས་བྱ་ཕྱི་འདང་བརྒྱབས་པ་དང་འཚོལ་སྡུད་བྱས་པ་དེ་ཅུང་ཙམ་གླེང་ན་འདི་ལྟར་ལགས།


རྒན་གྱི་ལྟ་ཚུལ་ལ་དམར་ལྡན་གྱི་ཤེས་བྱ་རྟོགས་དགོས་ན་ངེས་པར་དུ་གཤམ་གྱི་དོན་དག་དྲུག་ཤེས་དགོས་སྙམ། དེ་ཚོ་ནི་དམར་ལྡན་ནི་ཅི་ཞིག་ཡིན་པ་དང་དམར་ལྡན་གྱི་གྲུབ་ཚུལ། དམར་ལྡན་གྱི་རྒྱུ་ཆ། དམར་ལྡན་གྱི་བཟོ་སྲོལ། དམར་ལྡན་ཐོག་ཏུ་རྒྱན་ཆ་སྒྲིག་སྲོལ། དམར་ལྡན་གྱི་དགོས་མཁོ་བཅས་རེད།

ཐོག་མར་དམར་ལྡན་ནི་ཅི་ཞིག་ཡིན་ཟེར་ན། དེ་ཚིག་གཅིག་གིས་བཤད་ན་དམར་ལྡན་ནི་བོད་རིགས་འབྲོག་པའི་བུད་མེད་ཚོའི་རྒྱབ་ལ་འདོགས་པའི་དངུལ་དུང་དང་གཡུ་བྱུར་སོགས་ལས་གྲུབ་པའི་རྒྱན་ཆ་གཙོ་བོ་ཞིག་དང་ཁོ་མོ་ཚོའི་གཉེན་སྒྲིག་བྱས་ཡོད་མེད་དང་འཚོ་བའི་སྐྱིད་སྡུག་མཚོན་པའི་ཡུལ་སྲོལ་གོམས་གཤིས་ཀྱི་རིག་གནས་སྒྱུ་རྩལ་ཕུན་སུམ་ཚོགས་པ་མེད་དུ་མི་རུང་བའི་དངོས་རྫས་གལ་ཆེན་ཞིག་རེད། ཁ་ཤས་ཀྱིས་དམར་ལྡན་གྱི་མིང་ལ་དུང་དྲ་ཡང་ཟེར།

འོན་ཀྱང་གོང་དུ་བཤད་པ་ལྟར་དུས་ཡུན་རིང་པོ་ཞིག་ལ་དམར་ལྡན་འདོགས་མཁན་ཕར་ཞོག་དམར་ལྡན་གྱི་མིང་གི་འཛིན་མཁན་ཡང་མེད་པས་དམར་ལྡན་སྐོར་གྱི་ཤེས་བྱ་ཉམས་ཀྱིན་ཡོད། དེའི་རྐྱེན་གྱིས་དེང་སྐབས་དམར་ལྡན་གྱི་མིང་ལ་དམངས་ཁྲོད་དུ་དམར་ལྡན་དང་དམར་གདན། དམར་སྡེམ། དམར་སྡུན་སོགས་ཟེར་བཞིན་ཡོད། རྒན་གྱིས་མཐོང་བའིォབོད་རྒྱ་ཚིག་མཛོད་ཆེན་མོ། サདངォདགེ་བཤེས་ཆོས་གྲགས།サསོགས་བོད་ཀྱི་ཚིག་མཛོད་ལས་དམར་ལྡན་གྱི་འབྲི་སྲོལ་མ་རྙེད་པ་དང་། ォལི་ཤིའི་གུར་ཁང་། サལྟ་བུ་གཞན་པའི་ཚིག་མཛོད་ལ་མཇལ་བའི་སྐལ་བ་མ་ལྡན། ཨ་མདོའི་བོད་ཀྱི་ལོ་རྒྱུས་དཔེ་དེབ་ཁ་ཤས་སུ་དམར་ལྡན་ཞེས་བྲིས་ཡོད་ན་ཡང་རྒྱུ་མཚན་བསྟན་མེད། རྒན་གྱི་བསམ་ཚུལ་ནི་དམར་ལྡན་གྱི་རྨང་གཞི་དམར་པོ་ཡིན་པ་དང་སྟེང་དུ་རྒྱན་ཆ་སྣ་ཚོགས་ལྡན་ལ་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ལྡན་པར་མཚོན་པས་དམར་ལྡན་ཞེས་ཐོག་པ་ཡིན་ནམ། ཡང་ན་དམར་ལྡན་གྱི་རྨང་གཞི་དམར་པོ་ཡིན་པ་དང་སྟེང་གི་དངུལ་དུང་དང་གཡུ་བྱུར་སོགས་ཀྱི་མ་གདན་ཡིན་པས་དམར་གདན་ཞེས་ཐོག་པ་ཡིན་ནམ། ཡང་ན་དམར་ལྡན་གྱི་རྨང་གཞི་དམར་པོ་ཡིན་པ་དང་སྐྲ་རྔའི་གྲ་ལ་དམར་པོ་དེ་དམར་ལྡེམ་ལྡེམ་དུ་གཡོ་བས་དམར་ལྡེམ་ཞེས་ཐོག་པ་ཡིན་ནམ། གང་ལྟར་ཡང་རྒྱུ་མཚན་ལ་བརྟེན་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་དང་། དམར་སྡུན་ཞེས་པ་ནི་དམར་ལྡན་དང་དམར་གདན་གྱི་སྒྲ་ཟུར་ཆག་པའི་སྐད་རེད་སྙམ། དེའི་ཕྱིར་རྒན་གྱིས་དམར་ལྡན་ཞེས་བྲིས་པ་ཡིན། ཡང་སྙིང་གང་ལྟར་བྲིས་ན་འགྲིག་པ་མཁས་པ་རྣམ་པས་དཔྱོད་པར་འཚལ།

ཉེ་བའི་གསར་བསྒྱུར།