ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > དཔྱད་རྩོམ།

༄༅།།མཚོ་སྔོན་པོའི་མིང་ལ་ཕྲན་གྱི་འདོད་ཚུལ།

སྤེལ་དུས། 2017-06-15 11:59:43  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། བོང་སྟག་ཕུན་ཚོགས།  ཀློག་གྲངས།

        དེ་ཡང་མཚོ་སྔོན་པོ་ནི་ཀྲུང་གོའི་སྐམ་སའི་ཚྭ་མཚོ་ཆེན་པོ་ཞིག་ཡིན་ལ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་དུ་དགུང་སྔོན་ཐང་ལ་ལྷུང་བ་བཞིན་ཡོད་ཅིང་། དུས་རྒྱུན་ཏུ་མཚོ་སྔོན་པོ་ཞེས་འབོད་ཀྱིན་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས།    དེར་མ་ཟད་ཡོན་ཏན་ཅན་མང་བོས་མཚོ་སྔོན་པོའི་མིང་ལ་ཞིབ་དཔྱོད་གནང་བཞིན་ཡོད་མོད། འོན་ཀྱང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་མཚོ་སྔོན་པོར་མིང་གཅིག་ལ་རྣམ་གྲངས་མང་པོ་ཡོད་པས། མཚོ་འདིའི་མིང་ལ་ཁ་ཤས་ཀྱིས་དོན་སྙིང་མ་རྟོགས་པར་ལ་ཁའི་དར་ལྕོག་ཇི་བཞིན་རང་ཚུགས་མི་ཐུབ་པ་དང་ཁ་ཤས་ཀྱིས་མིང་ལ་གོ་ལོག་བྱུང་ནས་རྨོངས་དད་ཀྱི་བྲན་དུ་འཆོར་གྱིན་ཡོད། དེའི་ཕྱིར་ཕྲན་གྱིས་འབྲེལ་ཡོད་ཀྱི་བོད་རྒྱའི་གནའ་གཞུང་འགའ་བཀླགས་རྗེས་སྤོབས་པ་ཆེན་བསྐྱེད་དང་མ་བསྐུལ་དང་ལེན་སྒོས་མཚོ་སྔོན་པོའི་མིང་ལ་འདོད་ཚུལ་ཞིག་བརྗོད་པར་མོས། ནོར་བ་ཡོད་སྲིད་པས་གཟིགས་མཁན་རྣམ་པས་མཛུབ་སྟོན་གནང་བར་འཚལ།།

        ཕྲན་གྱིས་འདོད་ཚུལ་བརྗོད་པ་ལ་ཕྱོགས་གསུམ་ཡོད་དེ་མཚོ་སྔོན་པོའི་མིང་གི་འབྲི་ཚུལ་ལ་བོད་རྒྱ་གནའ་གཞུང་ལས་ལུང་འདྲེན་བྱེད་པ་དང་། མཚོ་སྔོན་པོའི་མིང་གི་བྱུང་ཚུལ་ལ་ངག་རྒྱུན་གྱིས་བཤད་ཚུལ། མཚོ་སྔོན་པོའི་མིང་གི་འབྲི་ཚུལ་ལ་རང་ལུགས་བརྗོད་པ་བཅས་ཡིན།

དང་པོ། མཚོ་སྔོན་པོའི་མིང་གི་འབྲི་ཚུལ་ལ་བོད་རྒྱའི་གནའ་གཞུང་ལས་ལུང་འདྲེན་བྱེད་པ།

        དེ་ལ་ཡང་གསུམ་ཡོད་དེ་བོད་ཀྱི་གནའ་གཞུང་གིས་འབྲི་ཚུལ་དང་རྒྱ་ནག་དཔེ་ཆ་ལས་འབྲི་ཚུལ། སོག་སྐད་ཀྱིས་འབོད་ཚུལ་བཅས་ཡོད་དེ། 《བཀའ་ཐང་སྡེ་ལྔ》་ལས། བོད་ཀྱི་ཁྲི་ཤོད་རྒྱལ་མོའི་མཚོ་ཆེན་དེ། །བྱང་ཕྱོགས་ཁམས་ཀྱི་གཡེར་མོ་ཐང་ན་ཡོད། །བསྐོར་ན་ཞག་བདུན་རྟ་ཡིས་འཁོར་བ་ཡིན། །ཞེས་བྲིས་ཡོད་པ་དང་།《བཀའ་ཆེམས་ཀ་ཁོལ་མ》་ལས། ཁྲི་བཤོས་རྒྱ་མཚོ་ཀླུ་བློན་བྱང་ཆུབ་སེམས། །ཆུ་བོ་ཆེན་པོས་ཀུན་ལ་ཕན་པར་མཛད། ཅེས་བྲིས་ཡོད།《མདོ་སྨད་ཆོས་འབྱུང་།》ལས། ཁྲི་བཤོར་མཚོ་ལ་ཀླུ་བློན་བྱང་ཆུབ་སེམས། །ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད། ཅེས་བྲིས་ཡོད་པ་དང་།《མདོ་སྨད་ཆོས་འབྱུང་།》དུ་བཀོད་པའི་རིག་འཛིན་དཀོན་མཆོག་བསྟན་སྐྱོང་བཟང་པོས་ཀརྨའི་གསུང་རྒྱུན་བཞིན་བསྒྲིགས་པ་ཡིན་ཞེས་པའི་《བྲག་དཀར་སྤེལ་རྫོང་གི་དཀར་ཆག》་ལས། མ་འོངས་སྙིགས་མ་ལྔ་ཡི་དུས། །སློབ་དཔོན་པདྨ་འབྱུང་གནས་ཉིད། །ཁྲི་གཤོག་རྒྱལ་མོའི་མཚོ་ལ་ཕེབས། །མཚོ་མཐའ་གཡེར་མོ་ཐང་གི་དཀྱིལ། །དམ་སྲི་སྤུན་དགུ་དམ་ལ་བཏགས། ཞེས་བྲིས་ཡོད་པ་དང་།~《མཁན་ཆེན་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན》་ལས། ཁྲི་གཤོག་རྒྱལ་མོ་ཞེས་དཀར་ཕྱོགས་ལ་མངོན་པར་དགའ་བའི་མཚོ་སྨན་ཀླུ་རྒྱལ་མོའི་གནས་མཚོ་སྔོན་པོར་གྲགས་པ། ཞེས་བྲིས་ཡོད། 

        རྒྱ་ནག་གི་དཔེ་ཆ་ལས་མཚོ་སྔོན་པོའི་མིང་གི་འབྲི་ཚུལ་ལ་《མཚོ་སྔོན་ལོ་རྒྱུས་ཟིན་བྲིས་གནད་བསྡུས》ལྟར་ན། ཡིག་བཀོད་ལོ་རྒྱུས་མ་བྱུང་གོང་གི་དུས་སྐབས་ཤིག་ལ་ཡུལ་གྲུ་འདི་པེ་ཧོ་ཆང་ཟེར་བ་དེའི་བཟུང་བས་མཚོའི་མིང་ལ་ཡང་“པེ་ཧོ་ཆང་གི་མཚོ”(卑禾羌海)ཟེར། ཞེས་པ་དང་། ཧན་རྒྱལ་རབས་ནུབ་མའི་དུས་མཇུག་ལ་ལྤང་མང་གིས་ཡུལ་གྲུ་འདི་བཟུང་ནས་དེང་གི་ཧའེ་ཡན་རྫོང་ཁུངས་སུ་ཞི་ཧའེ་ཅུན་བཙུགས་པས་མཚོ་སྔོན་པོའི་མིང་ལ་ཞི་ཧའེ་(西海)ཟེར། རྒྱལ་རབས་ལྷོ་མ་དང་བྱང་མ་གཉིས་ལས་རྒྱལ་རབས་བྱང་མའི་ལྤེ་ཡི་སྐབས་སུ་མིང་ལ་མཚོ་སྔོན་པོ་བཏགས། དེ་ནས་བཟུང་སྟེ་ཆིང་རྒྱལ་རབས་སྐབས་མཚོ་སྔོན་ཞིང་ཆེན་བཙུགས་པའི་བར་དུ་མིང་ལ་མཚོ་སྔོན་པོ་(青海)ཟེར། ཞེས་གསལ།

        སོག་པོས་མཚོ་སྔོན་པོའི་མིང་གི་འབོད་ཚུལ་ལ《ཡོན་རྒྱལ་རབས་ཀྱི་ལོ་རྒྱུས》་དང་《མིང་རྒྱལ་རབས་ཀྱི་ལོ་རྒྱུས》སོགས་ལས། ཡོན་མིང་རྒྱལ་རབས་སྐབས་སུ་སོག་པོ་མཚོ་སྔོན་དུ་སླེབས་པས་མཚོ་སྔོན་པོའི་མིང་ལ་“ཁོ་ཁོ་ནོར”ཟེར་ལ་བོད་སྐད་དུ་བསྒྱུར་ན་མཚོ་སྔོན་པོ་ཞེས་འགྱུར། ཞེས་གསལ།

       གོང་གི་བོད་རྒྱ་གཉིས་ཀྱི་དཔེ་ཆ་ལས་མཚོ་སྔོན་པོའི་མིང་གི་འབྲི་ཚུལ་ལུང་དྲངས་པ་དེའི་ཤེས་རྟོགས་གསལ་བོ་ཞིག་བྱུང་བ་ནི་མཚོ་སྔོན་པོའི་མིང་གི་ལོ་རྒྱུས་ལ་དུས་ཡུན་ཧ་ཅང་རིང་པོ་ཞིག་ཡོད་པ་དེ་རེད། དཔེར་ན། སོག་སྐད་ཀྱིས་མཚོ་སྔོན་པོ་ཞེས་པའི་མིང་དེ་རྒྱ་ནག་གི་ཡོན་མིང་རྒྱལ་རབས་སྐབས་ཡིན་ཟེར་བས་ད་བར་དུ་ཆེས་ཉུང་ན་ཡང་ལོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་། བོད་ཀྱིས་མཚོ་སྔོན་པོའི་མིང་《བཀའ་ཐང་སྡེ་ལྔ》དང་《བཀའ་ཆེམས་ཀ་ཁོལ་མ་》གཉིས་ལྟར་ན་ད་བར་དུ་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ནས་སུམ་བརྒྱ་ལྷག་ཡོད། རྒྱ་དཔེ་ལས་མཚོ་སྔོན་པོའི་མིང་གི་ལོ་རྒྱུས་དེ་བས་ཀྱང་རིང་སྟེ་ད་བར་དུ་ལོ་ཉིས་སྟོང་ལྷག་ཡོད་པ་ལྟ་བུ་རེད།

གཉིས་པ། མཚོ་སྔོན་པོའི་མིང་གི་བྱུང་ཚུལ་ལ་ངག་རྒྱུན་གྱིས་བཤད་ཚུལ།

        བོད་དེ་ཨ་མདོ་བའི་ངག་རྒྱུན་ཏུ་མཚོ་སྔོན་པོའི་མིང་གི་བཤད་ཚུལ་མང་བོ་ཞིག་ཡོད་ན་ཡང་ཁྱབ་ཆེ་བ་ཞིག་ནི་འདི་ལྟ་སྟེ། སྔོན་མཚོ་སྔོན་པོའི་ཐང་ན་ཆུ་མིག་ཆུང་ངུ་ཞིག་ཡོད་པ་དེ་ཆུ་བླངས་རྗེས་ཤིང་ལེབ་ཀྱིས་ཁ་གཏན་དགོས་པ་ཞིག་ཡིན། ཉིན་ཞིག་ཆུ་ལེན་བུ་མོ་ཞིག་གིས་ཆུ་བླངས་རྗེས་ཆུ་མིག་གི་ཁ་གཏན་རྒྱུ་བརྗེད་པས་ཆུ་མིག་ལས་ཆུ་འཕྱུར་ནས་ཐང་དུ་ཁྱབ་པས། ཡུལ་དེར་ཡོད་པའི་མི་ཁྱིམ་ཁྲི་ཕྲག་ཆུ་འོག་ཏུ་ཤོར་བས་མཚོའི་མིང་ལ་“ཁྲི་ཤོར་རྒྱལ་མོ་”ཐོགས་ཟེར། ཞེས་པ་དེ་རེད། འོ་ན་ངག་རྒྱུན་གྱི་བཤད་ཚུལ་དེ་བདེན་ནམ་ཟེར་ན། ཐོག་མར་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ཉིད་ཀྱིས་བརྩམས་པའི་《མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན》གྱི་ནང་དུ་ལུང་རིགས་གཉིས་ཀྱི་སྒོ་ནས་བསྒྲུབས་ཏེ་ངག་རྒྱུན་གྱི་བཤད་ཚུལ་དེའི་བདེན་རྫུན་གྱི་མདུད་པ་གསལ་བོར་བཀྲོལ་་ཡོད་པས། ཁོང་གི་གསུངས་དེ་ཇི་མ་བཞིན་འདི་རུ་བཀོད་པ་ཡིན་པས་ཞིབ་དུ་གཟིགས་རོགས་ཞུ། ཁོང་གིས་གསུངས་དོན། མཚོ་སྔོན་པོའི་མིང་གི་འུར་གཏམ་རྙིང་བ་ལས། ད་ལྟའི་མཚོ་སྙིང་རི་བོའི་འོག་ཐང་དུ་སྔར་ཁྲོན་པའམ་ཆུ་མིག་ཆུང་ངུ་འཁྱིལ་བ་ཆུ་རྒྱུན་མི་འགྲོ་བ་ཞིག་གི་སྟེང་དུ་ཤིང་གི་སྒོ་ཆུང་ལྟ་བུ་བཙུགས་ནས་ཆུ་ལེན་དུས་མིན་པར་གཏན་པ་ཞིག་ཡོད་པ། ཉིན་གཅིག་ཆུ་ལེན་མོ་ཞིག་གིས་བརྗེད་ནས་སྒོ་ལྒིགས་མ་གཏན་པས་ཆུ་མིག་ལས་ཆུ་ཆེན་འཕྱུར་ནས་ཐང་དེ་ཉིད་ཁྱབ་པས་མི་ཁྱིམ་ཁྲི་ཕྲག་ཆུར་ཤོར་བས་མཚོ་ཁྲི་བཤོས་རྒྱལ་མོར་གྲགས། དེའི་ཚེ་སློབ་དཔོན་པདྨ་སཾ་བྷ་བ་བྱོན་ནས་རི་ཆུང་ཞིག་གིས་ཆུ་མིག་མནན་པའི་རི་དེ་མཚོ་སྙིང་མ་ཧཱ་དེ་བ་འདི་ཡིན་ཟེར་རོ། །དེ་ཡང་བདེན་མི་བདེན་དཔྱད་དགོས་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་སངས་རྒྱས་རང་ཉིད་ཀྱི་གསུང་ཡང་དཔྱད་དེ་བདེན་ན་ཉམས་སུ་ལེན་པ་དང་མི་འཐད་ན་དོར་གསུངས་ན་གཞན་ལ་ལྟ་ཅི། །དེས་ན་ལོ་རྒྱུས་དེ་བདེན་རྫུན་གང་ཡིན་ལུང་དང་རིགས་པས་བརྟགས་ན་ཤེས་སླ་བས། དང་པོ་རིགས་པས་དཔྱད་ན། དེ་ཡང་སྤྱིར་གླིང་འདིའི་ཆུ་མིག་ཆེན་པོ་རྒྱ་མཚོའི་རྒྱུན་ལས་བྱུང་བ་རྣམས་ནི། ཉི་མ་ལྷོ་བགྲོད་ཀྱི་དགུན་དུས་སུ་ཉི་མའི་ཚ་ཟེར་གྱིས་ལྷོའི་བ་ཚྭ་ཅན་གྱི་རྒྱ་མཚོ་ཆེན་པོ་དྲོས་པས་གླིང་འདིའི་ཆུ་མིག་ཆེ་བ་རྣམས་ཀྱང་དྲོ་ཞིང་རླངས་པ་ཐོན་པ་དང་། ཉི་མ་བྱང་བགྲོད་ཀྱི་དབྱར་དུས་སུ་རྒྱ་མཚོ་གྲང་བས་ཆུ་མིག་ཆེན་པོའི་ཆུ་ཡང་གྲང་བ་མངོན་སུམ་གྱི་ཡུལ་ཡིན་ནོ། །དེས་ན་གཅིག་ན་གནའ་སྔོན་ནས་གངས་ཏེ་སེ་དང་ཉེ་བའི་མཚོ་མ་དྲོས་པ་དང་། ལྷ་སའི་ནུབ་ཀྱི་ཡར་འབྲོག་གཡུ་མཚོ་དང་། བྱང་དྲེས་བ་ནག་ཚང་གི་གནམ་མཚོ་ཕྱུག་མོ་སོགས་དང་དུས་མཚུངས་སུ་མཚོ་འདི་ཡང་ཆགས་པ་ལས་འོས་མེད་དམ་སྙམ། གཉིས་སུ་ན་གླིང་འདིའི་ཆུ་མིག་གང་ལས་ཀྱང་རྒྱ་མཚོའི་ཆུ་ཆེན་འཕྱུར་བའི་གཏམ་མ་ཐོས་པར་ཆུ་མིག་དེ་ཁོ་ན་ལས་ཅི་ལ་འཕྱུར། ཡང་གལ་ཏེ་ཤིང་ལེབ་ཅིག་གིས་ཁ་གཅོད་ཐུབ་པའི་ཆུ་མིག་ཆུང་ངུ་ཞིག་འཕྱུར་ཀྱང་ལོ་དུ་མའི་བར་དུ་མཚོ་སྔོན་གྱི་ཐང་དེ་འགིང་མི་ནུས་པ་སུས་མི་ཤེས། གསུམ་དུ་ན་དེ་དུས་སུ་སློབ་དཔོན་པདྨ་བྱོན་ཞེས་པ་ལའང་ཡིད་རྟོན་མ་མཆིས་ཏེ། སྔར་བོད་དབུས་སུ་ཐུགས་རྗེ་ཆེན་པོའི་སྤྲུལ་བ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་ནས་ཇོ་བོ་ཆེ་ཆུང་རྣམ་གཉིས་རྒྱ་བལ་ནས་གདན་དྲངས་ཏེ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པ་ནས་སྐྱིད་ཤོད་མཐིལ་ལ་ལྷ་སར་གྲགས། ཡང་སྒམ་པོའི་སྲས་བརྒྱད་རིམ་པར་གུང་བཙན་དང་། མང་སྲོང་དང་། འདུས་སྲོང་དང་། མེས་ཨག་ཚོམ་དང་། འདིའི་སྲས་ཁྲི་སྲོང་ལྡེའུ་བཙན་དང་དྲུག་བྱུང་ལ། ཕྱི་མ་འདིས་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་དུས་སུ་རྒྱ་གར་ནས་མཁན་པོ་ཞི་བ་འཚོ་དང་སློབ་དཔོན་ཨུ་རྒྱན་པདྨ་འབྱུང་གནས་གདན་དྲངས་ནས། སྔགས་ཀྱི་སློབ་དཔོན་དེས་བོད་དབུས་ཀྱི་ཡུལ་ལྷ་གཞི་བདག་དང་གཞན་ལྷ་འདྲེ་མ་རུང་བ་རྣམས་ཀྱང་དམ་ལ་བཏགས། སོ་ཐར་གྱི་མཁན་པོས་སད་མི་མི་བདུན་རབ་བྱུང་བསྒྲུབས་ཏེ། མཁན་སློབ་ཀྱིས་ལྷ་ཁང་རབ་གནས་མཛད་ནས་མདོ་སྔགས་ཀྱི་བསྟན་པའི་སྲོལ་གསར་དུ་བཙུགས། དེ་ནས་སློབ་དཔོན་པདྨ་མ་འགྱངས་པར་རྒྱ་གར་དུ་ཐེག་གོ །

        ལུང་གཉིས་པ་ནི། དེ་ལྟར་སློབ་དཔོན་བོད་དུ་བྱོན་པ་དེའི་སྔོན་དུ་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་ནས་ཀྱང་མཚོ་སྔོན་པོ་ཡོད་དེ། ཆོས་རྒྱལ་སྒམ་པོས་བོད་དབུས་་ཀྱི་ལྗོངས་དེ་ཁྱད་ཆོས་དུ་མ་དང་ལྡན་པར་བསྔགས་པའི་གསུང་ལས། ཙ་རི་ཙ་གོང་བདེ་མཆོག་རང་བྱུང་དང་། །རྡོ་ཆུ་རིན་པོ་ཆེ་ཡང་དེ་ན་ཡོད། །ཏེ་སེའི་གངས་ལ་དགྲ་བཅོམ་ལྔ་བརྒྱ་བཞུགས། །བདུད་རྩིའི་ཆུ་ཡང་རི་བོ་དེ་ན་ཡོད། །གྱེ་རིའི་བྲག་ལ་ཡིག་འབྲུ་རང་བྱུང་དང་། །མཁའ་འགྲོའི་ཕྱག་རྒྱ་རི་བོ་དེ་ན་ཡོད། །མ་པང་མཚོ་ལ་ཀླུ་རྒྱལ་བྱང་སེམས་གནས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཁྲི་བཤོས་རྒྱ་མཚོའི་ཀླུ་བློན་བྱང་ཆུབ་སེམས། །ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད། །གནམ་མཚོ་ཕྱུག་མོའི་ནང་ན་བྱང་ཆུབ་སེམས། །ཐང་ལྷའི་བྲག་ལ་དགྲ་བཅོམ་ལྔ་བརྒྱ་ཡོད། །སྤུབས་མཚོའི་གླིང་ན་ཀླུ་རྒྱལ་བྱང་ཆུབ་སེམས། །ཁའུའི་གངས་ལ་དགྲ་བཅོམ་མང་པོ་ཡོད། །རི་མཐོ་ས་གཙང་གངས་རི་གཉན་གྱིས་བསྐོར། །ཞེས་པའི་ཁྲི་བཤོས་ཞེས་པ་མཚོ་སྔོན་འདི་ཡིན་ལ། །དེ་ཉིད་དེ་དུས་ནས་ཡོད་པར་དེས་ངེས་ཤེས་འདྲོང་ནུས་པས། སྔོན་གྱི་ལོ་རྒྱུས་དེ་བྲག་ཅའི་སྤུན་དུ་གྱུར་ནས་འཇའ་ཚོན་ནམ་མཁར་ཡལ་ལྟར་མ་གྱུར་རམ། དེར་ཀླུ་བློན་བྱང་ཆུབ་སེམས་དཔའ་གནས་ཞེས་པ་དང་། གཞན་དུ་ཀླུ་སྨན་མཚོ་རྒྱལ་གནས་ཞེས་ཟེར་བ་དེ་གཉིས་མི་འགལ་ལམ་སྙམ། མཚར་མཚར་སྒྱུ་མས་ཀུན་བསླུའི་སྤུན། །འགྲིག་འགྲིག་བཅོས་མའི་རྫུན་ཚིག་ལ། །མང་མང་ཕལ་བས་བདེན་བཟུང་འཁྲུལ། །གསལ་གསལ་བློ་ངོར་འུག་རྫུན་འགྲན། ། ཞེས་གསུངས།~

        རེད་ལགས། བླ་མ་དམ་པ་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ཉིད་ཀྱིས་ལོ་ཉིས་བརྒྱ་བརྒྱད་ཅུ་ལྷག་གི་སྔོན་ལ་བརྩམས་པའི་《མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན》ནང་དུ་ལུང་རིགས་གཉིས་ཀྱིས་སྒྲུབ་སྟེ་“མཚོ་སྔོན་པོའི་འོག་ཏུ་མི་ཁྱིམ་ཁྲི་ཕྲག་ཤོར་བ་ཡིན”་ཞེས་པའི་ཁུངས་མེད་ངག་རྒྱུན་དེ་བཀག་ཡོད་ལ་བཀག་པ་ནི་ཇི་འདྲའི་གནས་ལུགས་དང་ལྡན་པ་ཞིག་དང་། ཇི་འདྲའི་དོན་ལ་འཁེལ་བ་ཞིག ཇི་འདྲའི་ཚན་རིགས་དང་མཐུན་པ་ཞིག་རེད་ཨང་། ཉིད་ཀྱི་གསུང་དེ་བདེན་པའི་གསུང་ཁོ་ན་ཡིན་པས་ལགས་སོ་ཟེར་བ་ལས་གཞན་ཅི །

གསུམ་པ། མཚོ་སྔོན་པོའི་མིང་གི་འབྲི་ཚུལ་ལ་རང་ལུགས་བརྗོད་པ།

            དེ་ལ་ཐོག་མར་གོང་དུ་དྲངས་པའི་ཚད་ལྡན་གནའ་གཞུང་རྣམས་ཀྱིས་མཚོ་སྔོན་པོའི་མིང་གི་འབྲི་ཚུལ་དེ་ཚོ་ཕྱོགས་གཅིག་ཏུ་བཀོད་པར་འདོད་དེ།《བཀའ་ཐང་སྡེ་ལྔ》ལས“ཁྲི་ཤོད་རྒྱལ་མོ”ཞེས་པ་དང་《བཀའ་འཆེམས་ཀ་ཁོལ་མ་》ལས“ཁྲི་བཤོས་རྒྱ་མཚོ”།《མདོ་སྨད་ཆོས་འབྱུང་།》ལས་“ཁྲི་བཤོར་མཚོ”།《བྲག་དཀར་སྤེལ་རྫོང་གི་དཀར་ཆག་》དང་《མཁན་ཆེན་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་》གཉིས་ཀྱིས་“ཁྲི་གཤོག་རྒྱལ་མོ”ཞེས་བྲིས་ཡོད། གནའ་གཞུང་འདི་ལྔ་ལས་འབྲི་སྲོལ་བཞི་བྱུང་སྟེ་“ཁྲི་ཤོད་རྒྱལ་མོ”དང་“ཁྲི་བཤོས་རྒྱ་མཚོ”།“ཁྲི་བཤོར་མཚོ”།“ཁྲི་གཤོག་རྒྱལ་མོ”ཞེས་པ་སོགས་རེད། དེ་ལ་《བོད་རྒྱ་ཚིག་མཛོད་ཆེན་མོ》་ལས།“མཚོ་ཁྲི་བཤོས་”དང་“མཚོ་ཁྲི་བཤོར་”ཞེས་པ་ནི་དཔེ་རྙིང་བ་ལ་ལར་འདོད་རྒྱལ་གྱི་མིང་ཡིན་ཞེས་གསུངས་ཡོད་ཅེས་གསལ་བས། ཕྲན་ཡང་དེའི་རྗེས་སུ་འབྲིང་བ་ཡིན་ཞིང་“ཁྲི་ཤོད་རྒྱལ་མོ”ཞེས་པའང་འདོད་རྒྱལ་གྱི་མིང་ཡིན་པར་སྙམ་མོ། །

            ད་ལྟ་“ཁྲི་གཤོག་རྒྱལ་མོ”ཞེས་པར་དཔྱོད་ཚེ། མཚོ་སྔོན་པོའི་ནང་ན་ཆུར་ཉལ་དེ་ཉ་མང་བོ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད། མཚོ་སྔོན་པོའི་ནང་གི་ཉའི་མིང་ལ་ཨ་མདོ་བ་ཚོས་གསེར་ཉ་ཟེར་ཞིང་གསེར་ཉ་དེར་གཤོག་པ་དྲུག་ཡོད་པས་མིང་ལ་གསེར་ཉ་གཤོག་དྲུག་ཀྱང་ཟེར། དཔེར་ན། ཨ་མདོའི་ཡུལ་གྱི་སྲིད་པའི་གླུ་རྒན་ནང་དུ། མཚོ་སྔོན་པོའི་གསེར་ཉ་གཤོག་དྲུག །ཁྱོའི་གསེར་མདོག་ཁ་མའི་ཨེ་འདུག །ཁྱོའི་གསེར་མདོག་ཁ་མའི་འདུག་ན། །གསེར་བྱེ་མའི་དོལ་གི་མི་བརྐོ །ཟེར་བ་ལྟ་བུའི་ཡང་མཚོན་ལ། ལོ་རེ་རེའི་དགུན་དུས་སུ་མཚོ་སྔོན་པོའི་ནབ་བཟའ་མནབས་རྗེས་གསེར་ཉ་གཤོག་དྲུག་མང་པོས་གྲང་ངར་གཡོལ་ཆེད་དུ་མཚོ་འོག་བརྒྱུད་ནས་འཚོ་བཞིན་ཡོད་པ་དང་། ལོ་རེ་རེའི་དབྱར་དུས་སུ་གཤོག་དྲུག་གསེར་ཉ་ཁྲི་མ་འབུམ་གྱིས་ཁྱུ་དང་ཁྱུ། ཚོ་དང་ཚོ་བྱས་ནས་རྟ་ནག་མའི་ཆུ་བོ་དང་བེའུ་ཧའི་ཆུ་བོ། འོམ་དཀར་ཆུ་བོ། ཧར་དགེ་ཆུ་བོ་སོགས་ཆུ་ཆེན་མང་པོའི་ནང་དུ་སོང་ནས་ཕྲུ་གུ་གསོ་བ་དང་། ཕྲུ་གུ་གསོས་རྗེས་ཕྱིར་མཚོ་ནང་དུ་འགྲོ་བཞིན་ཡོད་པ་མཚོ་སྔོན་པོའི་མཐའ་སྐོར་དུ་ཡོད་པའི་འབྲོག་པ་ཚོས་མཐོང་གིན་ཡོད་པས། མཚོ་སྔོན་པོ་ནི་གསེར་ཉ་གཤོག་དྲུག་ཁྲི་མ་འབུམ་གྱི་བང་མཛོད་ཆེན་པོ་ཞིག་རེད་ཅེས་བཤད་ཆོག་གོ །དེའི་རྐྱེན་གྱིས་ཕྲན་གྱིས་སྔོན་《བོང་སྟག་གཡུ་ལྗོངས་ཕྱུག་མོའི་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ་གྱི་གསེད་བཀྲོལ།》འབྲི་སྐབས་ཀྱང་དཔེ་རྙིང་ཁ་ཤས་ལས་ལུང་དྲངས་པ་དང་ས་ཁམས་རིག་པའི་ལྟ་བ། མཚོ་སྔོན་པོའི་ཁྱད་ཆོས་ཏེ་མཚོ་ནང་དུ་ཁྲི་མ་འབུམ་གྱི་གསེར་ཉ་གཤོག་དྲུག་གིས་ལོངས་སྤྱོད་བྱེད་བཞིན་ཡོད་པས་རྗེས་སྒྲུབ་ཀྱི་མིང་“ཁྲི་གཤོག་རྒྱལ་མོ་”ཞེས་བྲིས་པ་ཡིན་ལ། ད་ཐེངས་འདོད་ཚུལ་གྱི་རྩོམ་ཐུང་འདི་འབྲི་སྐབས་ཀྱང་དེ་ལྟར་དུ་འདོད་དེ། མཚོ་སྔོན་པོའི་ནང་ན་གསེར་ཉ་གཤོག་དྲུག་ཁྲི་ཕྲག་མང་པོ་ཡོད་པས་རྗེས་སྒྲུབ་ཀྱི་མིང་“མཚོ་ཁྲི་གཤོག་རྒྱལ་མོ་”ཞེས་པ་འདི་ཐོགས་པ་རེད་སྙམ། དཔེར་ན། སྔོན་བོད་ཀྱི་མེས་པོས་ཐོག་མར་བཟུང་བའི་ཡུལ་གྲུ་ཡར་ཀླུང་ཟོ་ཐང་དུ་ཡོད་སྐབས་སྤྲེལ་སྒོམ་གྱིས་ས་བོན་སྣ་ལྔ་བཏབས་པར་འབྲུ་སྙེ་མང་པོ་ཁྲི་ཁྲི་ཡོད་པས་ཡུལ་དེར་“ཡར་ཀླུང་ཁྲི་ཐང་”དུ་ཐོགས་པ་དང་། ཡུལ་དེ་ནས་སྤྲེའུ་མང་པོས་རྩེད་མོ་བརྩེས་པས་མིང་ལ་“ཡར་ཀླུང་རྩེད་ཐང་”དུ་ཐོགས་པ་བཞིན་ནོ། །དེའི་ཕྱིར་མཚོ་སྔོན་པོའི་མིང་གི་རྣམ་གྲངས་ལ་“མཚོ་ཁྲི་གཤོག་རྒྱལ་མོ་”ཞེས་བྲིས་ན་བཟང་། གང་ལྟར་ཡང་མི་ཁྱིམ་ཁྲི་ཚོ་མཚོ་འོག་ཏུ་ཤོར་པས་“ཁྲི་ཤོར་རྒྱལ་མོ”་ཐོགས་པ་ནི་མ་ཡིན་ནོ། །མ་ཡིན་བཞིན་དུ་དེ་ལྟར་བོས་ན་མཚོ་སྔོན་པོར་མ་ཉེས་ཁ་གཡོགས་ཐེབས་པ་བཤད་མ་དགོས་པ་ཡིན་ཞིང་། མཚོའི་མིང་ལ་གོ་ལོག་བྱུང་ནས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་འབྱུང་སླ་སྟེ། དེང་སྐབས་ཁ་ཤས་ཀྱིས་མཚོ་སྔོན་པོ་ནི་སྔོན་མི་ཁྱིམ་ཁྲི་ཕྲག་འོག་ཏུ་ཤོར་བ་ཡིན་པས་“མཚོ་སྡིག་ཅན་”ཞིག་ཏུ་སྙམ་པ་དང་། ཡུལ་གྲུ་གཞན་ནས་ཡོང་བའི་མི་ཁ་ཤས་ཀྱིས་ཡ་མཚན་ཅན་ཞིག་ཏུ་བརྩིས་ནས་རྨོངས་དད་བྱེད་བཞིན་ཡོད། མི་རིགས་གཞན་པའི་མི་ཁ་ཤས་ཀྱིས་དེ་ལྟར་བོས་པ་ནི་ལྒིན་རྟགས་རེད་ཅེས་བཤད་ནས་ཁྲེལ་དགོད་དང་ཟུར་ཟ་བྱེད་བཞིན་ཡོད། གང་ལྟར་ཡང་“ཁྲི་ཤོར་རྒྱལ་མོ”ཟེར་བ་ན་བསམ་མནོ་ནན་གྱིས་ཐོང་དང་ཨ་མདོ་བའམ་ཡང་ན་བོད་ཡོངས་ཀྱི་ལ་རྒྱ་ལ་གནོད་ཀྱིན་ཡོད་པ་མ་རེད་དམ། ཡོད་པ་རེད་ལགས།

            དེ་བས་ཕྲན་གྱི་རེ་སྨོན་ནི་ཨ་མདོ་བ་ཡོངས་དང་ཤེས་ལྡན་ཅན་རྣམ་གྱིས་དོན་དེ་དེ་ལྟར་དུ་མ་གཞག་པར་ཐུགས་ཁུར་ཆེན་པོ་གནང་སྟེ་བྱ་ཐབས་འོས་འཚམས་སྒོས་མཚོ་སྔོན་པོར་ཐེབས་པའི“ཁྲི་ཤོར་རྒྱལ་མོ”ཞེས་པའི་མ་ཉེས་ཁ་གཡོགས་དེ་དཀར་འདོན་བྱས་ཏེ། མཚོ་མོ་རང་གི་ཁྱད་ཆོས་དང་ལྡན་པའི་མིང་དངོས་མ་དེ་ཐོབ་པའི་སྟེང་དུ་ཕྲན་གྱི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གྲོགས། དེང་རབས་ཀྱི་རིག་པའི་དཔའ་བོ། གཅན་ཚའི་དོན་གྲུབ་རྒྱལ་གྱིས་བརྩམས་ཤིང་རྡོ་རྗེ་ཚེ་བརྟན་གྱིས་བླངས་པའི་《ཨེ་མ་མཚོ་སྔོན་པོ་》ཞེས་པའི་མཚོ་སྔོན་པོའི་བསྟོད་གླུ་དེ་ནམ་ཡིན་ཡང་ཀུན་གྱི་སྒྲ་འཛིན་ཀྱིས་ངོམས་པ་མེད་པར་ཐོས་ཐུབ་པ་འབྱུང་རྒྱུ་དང་བཅས་སོ། །

ཞེས་བོང་སྟག་ཕུན་ཚོགས་ཀྱིས་སྤྱི་ལོ་ལོའི་ཟླབའི་ཚེས་ཉིན་གནའ་མཁར་ཟི་ལིང་ནས་བྲིས་པ་དགེ་གྱུར་ཅིག །


ཉེ་བའི་གསར་བསྒྱུར།