ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > དཔྱད་རྩོམ།

སྙན་ངག་གྲུབ་གྲོལ་ཁྲོད་ཀྱི་བསམ་བློའི་གནས་སྟངས།

སྤེལ་དུས། 2017-11-24 15:29:14  རྩོམ་ཁུངས། རླུང་འཕྲིན་དྲ་བ།  རྩོམ་པ་པོ། ངལ་རྫི།  ཀློག་གྲངས།

---ཞི་བདེ་ཉི་མའི་སྙན་ངག«ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས»ཅེས་པའི་དོན་འགྲེལ།

རྩོམ་པ་པོ། ངལ་རྫི (ལན་གྲུ)

________________________________________
ཞར་བཀོད། 

ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱ་དགོས། 
རྩོམ་མཁན། ཞི་བདེ་ཉི་མ།

སྤྱང་ཀི་ནི་ཧ་ཅང་རྩ་དོན་ཅན་ཞིག་རེད།
མཚན་མོར་སྐྱི་གཡའ་བའི་ཀུ་ཅོ་འདོན་ཞིང་།
ཉིན་མོར སྨྲ་བ་མེད་པར་རི་ལུང་དུ་ཉུལ།
སྤྱང་ཀིའི་ཡར་སྔོན་དུ། ཀུ་ཅོ་འདོན་མཁན་ཤིན་ཏུ་མང་།
ཡིན་ཡང་། རྩ་དོན་གྱི་རང་བཞིན་ལྡན་པ་ཉུང་ཉུང་ཡིན།

སྤྱང་ཀི་ནི་ཤ་ཟ་རྒྱུར་དགའ་བོ་ཡོད།
ཁོས་ཤ་ཟ་དུས ཧ་ཅང་གོ་རིམ་ལྡན།
ཐོག་མར་ཁྲག་ཡིད་ཚིམས་པ་ཞིག་འཇིབས་ལ།
རྗེས་སུ་བྱང་ཆ་ལྡན་པའི་ངང་།
མགོ་སུག་གི་རྩེད་འཇོ་སྣ་ཚོགས་བྱེད།

སྤྱང་ཀི་ནི། སྤྱང་གྲུང་ཅན་གྱི་མགྲོན་པོ་རེད།
ཀུ་རེ་དང་རྩེད་འཇོ་ཅི་ཡང་མེད།
ཁོའི་ནགས་ཚལ་འདིའི་གསོལ་སྟོན་ཁུ་སིམ་མེར་ཟོས་རྗེས།
ཡིད་ཚིམ་པའི་བཟོ་ལྟ་ཅི་ཡང་མེད་པར།
ད་དུང་། ཧ་ཅང་བག་ཡོད་ངང་། སོ་ལྟའི་ཚུལ་གྱིས་འགྲོ

སྤྱང་ཀི་ལོ་ན་ཆུང་དུས། འོ་མ་འཐུང་མྱོང་།
འོ་མ་འཐུང་བའི་གོ་རིམ་ཧྲིལ་བོ་ནི་ཧ་ཅང་སྙིང་ཉེ་བ་ཞིག་རེད།
ཡིན་ཡང་། འོ་མ་འཐུང་མཁན་ཐམས་ཅད།
དཀར་བོ་ཡིན་པ། སུ་ཞིག་གིས་ཀྱང་ཁ་ཚོན་གཅོད་མི་ཐུབ།

སྤྱང་ཀི་གྲགས་དུས། རླུང་ལྡང་མཚམས་རེ་ཞིག་འཇོག་སྲིད།
རྔོན་པ་ཁ་ཤས་ཀྱང་། མཚན་མོ་ཞིག་གི་མགོ་བརྩམས་པ་རྟོགས་ཤིང་།
རང་རང་གི་མདའ་གཞུ་ཁུར་ཏེ།
རི་སྒང་ནས་ཕྱིར་རང་ཁྱིམ་དུ་ལོག
དེ་དུས ང་ཚོས་རང་ཁྱིམ་དུ་ཤ་ཟ་ཞིང་།
ད་དུང་། ཉིན་མོ་དག་གི་འཆར་གཞི་གང་མང་བཟོ

སྤྱང་ཀི་གྲགས་དུས། ཁྱོད་ཀྱིས་ཀྱང་གླུ་ལོངས།
གླུ་ཚིག་ག་འདྲ་ཞིག་ཡིན་ཡང་། 
མཚན་མོ་འདི་དང་། ཐང་ཆེན་འདི།
ད་དུང་དུས་ཚོད་འདིའི་དགོས་མཁོ་ཤ་སྟག་ཡིན་ལ།
སྤྱང་ཀི་ལ་སློབ་སྦྱོང་བྱེད་པའི་ཐབས་ལམ་ཉག་གཅིག་རེད།

སྤྱང་ཀི་དགོད་དུས ཡུལ་མི་ཚོ་ཟང་ཟིང་གིས་འཚོ་ལ།
རང་ཉིད་ཀྱི་བུ་ཕྲུག་བྲང་ཁར་སྦྱོར།
མེ་ཕུང་གི་ཁ་གཏད་དུ། གཟབ་ནན་གྱིས་བསྡད་དེ།
མཚན་མོ་དེ་ནི། ཅི་འདྲའི་གཏིང་ཟབ་པར་བསམ་བློ་གཏོང་།
སྤྱང་ཀི་ནི། ཧ་ཅང་འཇོན་ཐང་ཅན་ཞིག་ཡིན།
ཕྲུ་གུ་རེ་རེ་འཚར་ལོངས་འབྱུང་བར་འཁང་ར་ཅི་ཡང་མེད།
བཟའ་བཏུང་གི་ཆེད་དུ། ཡུལ་མི་ཚོར་ཕོག་ཐུག་ཁ་ཤས་བཏང་ནའང་།
ང་ཚོས། ཡུལ་འདིར་བསམ་བློ་རྒྱང་རིང་གཏོང་དགོས།

སྤྱང་ཀི་ལ་བཀུར་བསྟི་བྱེད་མཁན། ནགས་ཚལ་འདིའི་ཁྲོད་མང་པོ་མེད།
ཆོམ་རྐུན་དང་གཡོ་སྒྱུའི་ཐ་སྙད་གང་མང་ཞིག་བཏགས་ཀྱང་།
ཡུལ་ལྗོངས་འདིར། དགོས་མཁོ་མེད་པའི་མགྲོན་པོ་དག
འཛེམ་དོགས་མེད་པར་འཚར་ལོངས་འབྱུང་བཞིན་པ་སུས་རྟོགས།

སྤྱང་ཀི་མེད་ཚེ། མཚན་མོ་མེད།
རི་དྭགས་དག་གི་རྔམས་ཟིལ་མེད་ལ།
ཡུལ་མི་ཚོ་དང་མེ་ཕུང་གི་དྭངས་གཙང་མེད།
སྤྱང་ཀི་ནི། ཡུལ་ལྗོངས་འདིའི་དྭངས་གཙང་གི་ཁ་དོག་ཉག་གཅིག་ཡིན་པས།
ང་ཚོས་སྤྱང་ཀི་ལ་དོ་ཁུར་བྱེད་དགོས་ལ།
ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་པའང་རྒྱུན་འཁྱོངས་བྱེད་དགོས།

སྤྱང་ཀི་ལ་སློབ་སྦྱོང་བྱེད་ན། མཚན་མོ་ལ་བསམ་བློ་གཏོང་དགོས།

1998-5-14
________________________________________


དང་པོ། གླེང་གཞི།

སྙན་ངག་ནི་ཐོག་མར་སྐད་ཆའི་སྒྱུ་རྩལ་གྱི་ཆར་གཏོགས་ནའང་དེ་དང་མི་གཉིས་ཀྱི་བར་ལ་ཐུན་མུན་གྱི་འབྲེལ་བ་ཞིག་ལྡན་ཏེ། དེ་ལ་མི་---སྙན་ངག་---མི་ཞེས་པའི་འབྲེལ་བ་ཆགས་ཡོད། འདི་ཡང་རྩོམ་རིག་གི་ཁྱབ་ཁོངས་ཆེན་པོའི་བསྟར་ཕྲེང་ནང་གི་ཟུར་ཙམ་ལ་ངོས་འཛིན་གྱི་ཡིན་ནོ།

མི་དང་སྙན་ངག་གི་འབྲེལ་བའི་གོ་རིམ་དང་པོའི་ནང་དུ། ང་ཚོའི་མི་ཡི་སེམས་འགྱུ་དང་སྙན་ངག་མ་བྱུང་སྔོན་གྱི་སྐད་ཆའི་གདོད་མའི་རང་བཞིན་ལ་གདེང་འཇོག་རེ་བྱས་ན། ཉེར་ལེན་རྒྱུའམ་དེ་ཉིད་ཀྱི་འབྲེལ་བ་ཞིག་ཡོད་པ་རྟོགས་ཐུབ། མིའི་སེམས་ཁམས་ན་འཕྲོ་འདུ་བྱེད་པའི་དགའ་སྐྱོ་ཆགས་སྡང་ཅི་རིགས་ཡོད་པ་དེས། མིའི་ཕྱིའི་རྣམ་འགྱུར་ལ་ཤུགས་རྐྱེན་འདོན་པ་ལས་མིའི་སྐད་ཆ་ལའང་ཐད་ཀར་གྱི་ནུས་བ་འདོན་གྱི་ཡོད། སྙན་ངག་ནི་དེ་དག་ཕན་ཚུན་འབྲེལ་འདྲིས་བྱས་པའི་རྒྱུ་དག་ལས་བྱུང་བའི་སྒྱུ་རྩལ་གྱི་འབྲས་བུ་ཡིན། ལོ་ཐྲི་མན་གྱིས་སྙན་ངག་གི་ཁྲོད་དུ་སྐད་ཆའི་རྒྱུ་ཡོད་ཚད་ དོན་སྙིང་ལྡན་པར་འགྱུར་ཞིང་དེ་ཚོའི་བར་གྱི་བལྟོས་བཅས་དང་རམ་འདེགས་ཀྱི་འབྲེལ་བ་ནི་སྙན་ངག་གྲུབ་ཚུལ་གྱི་སྤྱི་ལུགས་ཤིག་ཡིན་ཞེས་བཤད་པ་ལྟར་རོ།

སྙན་ངག་ཞིག་ཐོག་མར་མིའི་བློ་ངོས་ནས་གྲུབ་དུས། སྙན་ངག་ལ་རྣམ་པ་དང་ངོ་བོ་གཉིས་ཀྱི་ཆ་ནས་མིའི་བློ་བཀོད་དང་བརྒལ་བའི་སྒྲིག་གཞི་ཞིག་རང་ངོས་ནས་ཡོད་ལ། དེ་ཡིག་ངོ་ལ་ཕབ་དུས་སྙན་ངག་པའི་ཕྱིས་ཀྱི་བསམ་བློ་དང་ལྟ་བ། མྱོང་ཚོར་སོགས་ཕྱི་རྐྱེན་མང་པོའི་བཀོད་འདོམས་འོག་བཟོས་པ་ཡིན་པས་ན། སྙན་ངག་པའི་གཉུག་མའི་ཤེས་པ་དང་རིང་དུ་གྱེས་ཤིང་སྙན་ངག་ལ་རང་ཚུགས་ཤོར་བ་ཡིན། དེའི་རྐྱེན་གྱིས་སྙན་ངག་པས་རང་ཉིད་ཀྱི་བརྩམས་ཆོས་རྩོམ་དུས་ངེས་པར་དུ་འོས་འགན་དང་ལེན་བྱེད་དགོས། འདི་ནི་སྒེར་གྱི་མི་ནས་སྤྱི་ཚོགས་ཀྱི་མི་ལ་འཕོ་འགྱུར་བྱེད་པའི་ལམ་མོ།

སྙན་ངག་གི་སྐད་ཆས་སྙན་ངག་པ་སྤྱི་ཚོགས་ཁྲོད་དུ་ཁྲིད་པའམ་ཡང་ན་ཁོ་ལ་རང་ཉིད་ཀྱི་མེ་ལོང་ཞིག་བཟོ་བཞིན་ཡོད་ཅིང་། མེ་ལོང་དེ་རུ་མི་དང་མིའི་བར། མི་དང་སྤྱི་ཚོགས་ཀྱི་བར་ལ་གླེང་མོལ་བྱེད་སའི་རྩོམ་རིག་གི་སྟེགས་བུ་ཞིག་ཝ་ལེར་མངོན་ཏེ་ཡོད། དེ་བས་སྙན་ངག་ཀློག་འགྲེལ་བྱེད་པ་ལའང་ཐོག་མའི་གྲུབ་བྱེད་ཀྱི་རིག་གནས་ཀྱི་འཁོར་མོ་ཡུག་དེ་ལ་བརྟེན་དགོས་སོ་སྙམ།

གཉིས་པ། སྙན་ངག་དང་མི།

ཞི་བདེ་ཉི་མའི་སྙན་ངག«ང་ཚོས་སྤྱང་གི་ལ་སློབ་སྦྱོང་བྱེད་དགོས»ནང་དུ་ཕྲ་བ་རང་ཉིད་དང་རགས་པ་སྤྱི་ཚོགས་གཉིས་གཞི་གཅིག་ཏུ་བཞག་ནས་རིམ་གྱིས་གླེང་མོལ་ལམ་འཆད་བརྗོད་ཀྱི་འགོ་བརྩམས་པ་ཡིན། སྤྱང་ཀི་ཡིས་རྩོམ་པ་པོ་རང་ཉིད་དམ་རང་དང་མཚུངས་པའི་མི་ཐམས་ཅད་དཔེ་མཚོན་བྱས་ཤིང་། དེའི་སྤྱི་ཚོགས་ནི་ཉིན་མཚན་གཉིས་ཀྱི་རི་ལུང་། གསོལ་སྟོན་བཤམས་པའི་ནགས་ཚལ། རང་ཁྱིམ་མིན་པའི་རི་སྒང་། མཚན་མོའི་ཐང་ཆེན། ཁ་དོག་ཡལ་བའི་ཡུལ་ལྗོངས་བཅས་ཡིན། འདིའི་རང་ཉིད(སྤྱང་ཀི)ཞེས་པ་དེ་སྤྱི་ཚོགས་ཀྱི་འཁོར་ཡུག་དང་ཁ་ཁར་མ་སོང་བར་འཇིག་རྟེན་འདི་དང་གཞི་གཅིག་དུ་འདྲེས་ཡོད། འཇིག་རྟེན་འདི་ནི་འགལ་འདུའི་རྙོག་འཛིང་དང་རྩོད་འགྲན་གྱི་ཆོས་ཉིད་ཀྱིས་འཚང་བའི་མཚན་མོ་ཞིག་སྟེ། སྤྱང་ཀི་ཁོ་ནས་རང་གི་སྐད་ཆ་སྟེ། སྐྱི་གཡའ་བའི་ཀུ་ཅོ་འདོན་ཐུབ་ལ་རྩ་དོན་ཡོད་པའི་སྒོ་ནས་རང་ཉིད་ཀྱི་འོས་འགན་སྒྲུབ་ཀྱིན་གདའ། རྩ་དོན་ཞེས་པའང་མ་གཞི་ནས་རང་གི་རང་བཞིན་ལས་མ་འདས།

ཉིན་མོར་སྨྲ་བ་མེད་པར་རི་ལུང་ཉུལ།
སྤྱང་ཀིའི་ཡར་སྔོན་ཏུ།
ཀུ་ཅོ་འདོན་མཁན་ཤིན་ཏུ་མང་།

རི་ལུང་དུ་ཁོ་ནི་སོ་ཉུལ་བ་ཞིག་ལྟར་སྤྱི་ཚོགས་དང་རྒྱང་བཅད་ནས་འགྲོ། འོན་ཀྱང་རི་ལུང་གི་ཕྱི་རོལ་ཏུ་མིས་བཟོས་པའི་འཇིག་རྟེན་ན་མི་རྣམས་ཅི་ལྟར་འཚོའམ། དག་དག་ལ་ཉིན་མོ་ཡིན་སྟབས་ཁོ་ཚོས་ཡང་བསྐྱར་འཚོ་བའི་སྒྲིག་གཞི་དང་ཡུལ་སྲོལ་གོམས་གཤིས་ཁྲོད་ནས་འཁྱོག་བརྗོད་ཀྱི་རང་ཉིད་མི་ཚོགས་ཀྱི་གར་སྟེགས་སུ་ཕུད་ནས་རྩེད་མོ་སྣ་ཚོགས་སྟོན། མི་ནི་མིའི་རང་བཞིན་དང་ཡོངས་སུ་གྱེས་ནས་གདུང་བ་ཁོ་ན་ལྷུར་ལེན་བྱེད་ཅིང་མཆིས།

སྲོག་ཆགས་སྐོར་གཞན་ཞིག་གིས་ནུས་ཚོད་ཀྱིས་ཀུ་ཅོ་རེ་བཏོན་མོད། ཡིན་ཡང་། རྩ་དོན་གྱི་རང་བཞིན་ལྡན་པ་ཤིན་ཏུ་ཉུང་སྟེ། གཞན་རྣམས་རིམ་གྱིས་ཡལ་རྗེས། ཁོ་གཅིག་པུ་ལྷག་ལ་གཅིག་པུ་ཡིན་རྐྱེན་སྐྱོ་གར་སྐྱོང་བའི་རྒྱལ་སྲས་ཞིག་ལྟར་རྒྱང་རིང་གི་རི་ལུང་དག་དུ་ཉུལ་དགོས་བྱུང་སོང་།

སྙན་ངག་པ་མ་གཞི་ནས་སྙན་ངག་ལ་དབང་བ་བཞིན་སྤྱང་ཀི་ཡང་གདོད་ནས་ཀུ་ཅོ་ལ་གོམས་པ་མ་ཡིན་ནམ། རེད་དེ་འདི་ནི་ཁོའི་རང་གཤིས་ཡིན། ཤ་ཟ་བ་སྤྱང་ཀིའི་ཆོས་ཉིད་ལྟ་བུར་བརྩི།(མི་ཡིས)དེ་མ་ཟད་ཁོ་ནི་ཧ་ཅང་རྩ་དོན་ཅན་ཞིག་ཡིན།

སྤྱང་ཀི་ནི་ཤ་ཟ་རྒྱུར་དགའ་པོ་ཡོད།
ཁོས་ཤ་ཟ་དུས། ཧ་ཅང་གོ་རིམ་ལྡན།
ཐོག་མར་ཁྲག་ཡིད་ཚིམ་པ་ཞིག་འཇིབས་ལ།
རྗེས་སུ་བྱང་ཆ་ལྡན་པའི་ངང་།
མགོ་སུག་གི་རྩེད་འཇོ་སྣ་ཚོགས་བྱེད།

ཅེས་སྤྱང་ཀིའི་སྣང་བརྙན་གསོན་པོ་ཞིག་ཡང་བསྐྱར་གཏིང་ཇེ་ཟབ་ཏུ་བཏང་ནས་མིའི་སེམས་ལ་བཞག ཁོ་རང་ཕྱི་ཚུལ་གྱི་སྐྱི་གཡའ་བའི་ཀུ་ཅོ་འདོན་མཁན་ཞིག་ནས་ཤ་ཟ་ཁྲག་འཐུང་གིས་ཚིམ་རྗེས་མགོ་སུག་གི་རྩེད་འཇོ་བྱེད་པའི་གཏུམ་དྲག་དང་ང་རྒྱལ་གྱིས་ཁེངས་པའི་སྲོགས་ཆགས་ཤིག་ཡིན་པར་མངོན་སུམ་ཏུ་བརྡ་སྤྲད་ནས། ཀློག་པ་པོའི་"སྤྱང་ཀི་-སྙན་ངག་འབྲི་མཁན་"ཞེས་མཐུན་ཆ་འཛིན་པའི་སེམས་ཁམས་དང་རིང་དུ་སོང་གཤིས། སྤྱང་ཀིའི་སྣང་བརྙན་ལྟར་སྣང་ཞིག་དང་མིའི་མཛེས་དཔྱོད་བར་ལ་ཧྲག་བར་ཕྱེས་པ་ཡིན། སྒྱུ་རྩལ་གྱི་ཐབས་འདི་ལ་བརྟེན་ནས་སྤྱང་ཀི་དངོས་སུ་ཇི་ལྟ་བུ་ཞིག་ཡིན་པ་དང་། ཁོ་དང་སྙན་ངག་པའི་བར་ལ་འབྲེལ་བ་ཅི་བྱུང་བ་སོགས་ཀྱི་དྲི་བ་རྩག་རྩིག་ཅིག་ཐོལ་གྱིས་བྱུང་ཞིང་། མཛེས་དཔྱོད་ཀྱི་ཁ་ཕྱོགས་ཡང་རང་ས་ནས་གཞན་སར་འཁོར་བ་ཡིན།

རྩོམ་པ་པོར་མཚོན་ན། འཇིག་རྟེན་གྱི་གཞི་རྩའི་ངོ་བོ་འམ་ཆོས་ཉིད་དང་ཉེ་བར་བྱེད་འདོད་ཀྱི་གོ་རྟོགས་ཤིག་ཡོད་པས། མི་གཤིས་ཀྱི་ཟབ་ས་ན་སྐོང་བའི་གདོད་མའི་རྣམ་པ་བསྔོག་པའི་ཀུན་སློང་དང་སྙིང་སྟོབས་ཤིག་གིས། སྤྱི་ཚོགས་ཀྱི་ང་ནས་རང་བྱུང་གི་ང་ལ་ཐོལ་བརྒལ་བྱས་ཤིང་། སྤྱི་ཚོགས་ནས་རང་ཉིད། དེ་ནས་བདག་འཛིན་གྱི་ང་འཚོལ་བའི་གོ་རིམ་ཞིག་བརྒྱུད་མཐར། རྩ་བའི་བདག་དང་རང་ཉིད་ཀྱི་བདག མི་སྤྱི་ལ་ཡོད་པའི་བདག་བཅས་ཀྱི་ངོ་བོ་ལ་གཏུགས་ཡོད་པ་རེད།

རྩ་བའི་བདག་སྤྱང་ཀིའི་གཤིས་ཀ་དང་ཆབས་ཅིག་མངོན་བྱུང་། དེ་ནི་རང་བྱུང་གི་བརྡ་རྟགས་ཤིག་ཡིན་པ་མ་ཟད། རྩོམ་པ་པོས་རང་ཉིད་ལ་དམིགས་པའི་བླ་གནས་སམ་ཐོ་ཐུན་ཡང་ཡིན། རྩ་བའི་བདག་གི་རྨང་གཞི་སྟེང་ནས་གྲུབ་པའི་རང་ཉིད་ཀྱི་བདག་ནི། ང་ཚོའི་མིག་ལམ་ཏུ་སྣང་ལ་ཡང་ཡང་ཀུ་ཅོ་(གླེང་མོལ)འདོན་པའི་སྤྱང་ཀི་ཞིག་རེད།

ང་ཚོའི་འཁོར་ཡུག་འདི་ནས། སྤྱང་ཀི་ནི་སྤྱང་གྲུང་ཅན་གྱི་མགྲོན་པོ་རེད སྤྱང་གྲུང་ཞེས་པས་རྩ་བའི་བདག་ལས་ཐོལ་བརྒལ་བྱས་ཏེ་རང་ཉིད་ཀྱི་མི་གཞི་འམ་རྩ་དོན་ འཚོལ་བའི་བདག་ཏུ་གྲུབ་པ་མཚོན། བསམ་མནོ་དེས་རང་ཉིད་ནི་ནམ་ཡང་མགྲོན་པོ་སྟེ་ནམ་ཡང་འགྲོ་བཞུད་ལ་སྟ་གོན་དང་བཅས།

ཀུ་རེ་དང་རྩེད་འཇོ་ཅི་ཡང་མེད་པར།
ཁོས་ནགས་ཚལ་འདིའི་གསོལ་སྟོན་ཁུ་སིམ་མེར་ཟོས་རྗེས།
ཡིད་ཚིམ་པའི་བཟོ་ལྟ་ཅི་ཡང་མེད་པར།
ད་དུང་། ཧ་ཅང་བག་ཡོད་ངང་། སོ་ལྟའི་ཚུལ་གྱིས་འགྲོ

རང་ཉིད་ཀྱི་བདག་མངོན་ཏུ་འགྱུར་དགོས་ན་རང་གི་འདོད་འདུན་གྱི་དགོས་མཁོ་བསམ་དགོས། སྤྱི་ཚོགས་ཀྱི་ཚོད་འཛིན་དང་དེའི་བཀག་སྡོམ་ཡང་ཤེས་དགོས། དེ་གཉིས་ཀྱི་བར་ནས་འགལ་འདུའི་ཕུང་བོར་སོང་བའི་རང་ཉིད་མཚོན་པ་ནི་དེང་རབས་བོད་ཀྱི་སྙན་ངག་པའི་ཁྱད་ཆོས་ཤིག་ཡིན། དེ་བས་རྩོམ་པ་པོ་ནི་རང་ཉིད་དང་སྤྱི་ཚོགས་ཀྱི་མགྲོན་པོར་གྱུར་སོང་བ་ཡིན།

གསོལ་སྟོན་ལ་ནང་དོན་བརྩེགས་མ་ལྡན་ཏེ། གཅིག་ནི་སྤྱི་ཚོགས་ཞེས་པའི་ནགས་ཚལ་འདིའི་གསོལ་སྟོན་དང་ཅིག་ཤོས་ནི་རྩ་བའི་བདག་ཉིད་དང་ཉེ་བའི་རང་བྱུང་ཁམས་ཀྱི་གསོལ་སྟོན་ཡིན།གཞི་གཅིག་གི་ཕུང་བོར་གྲུབ་པའི་འགལ་བ་དེ་དང་དུ་བླངས་རྗེས། ཁོ་རང་ད་དུང་ཡིད་ཚིམ་པ་མེད་པར་བག་ཡོད་ངང་སོ་ལྟའི་ཚུལ་གྱིས་འགྲོ་ཞིང་། སྤྱང་ཀི་ཁེར་རྐྱང་དང་ཁེངས་དྲག་གི་ངང་ནས་རང་གི་ལམ་བུ་སྙེགས།

གོང་གི་ཤོ་ལོ་ཀ་དེ་གསུམ་ནི་སྙན་ངག་འདིའི་བརྗོད་བྱའི་གོ་རིམ་དང་པོའམ་སྔོན་འགྲོ་ཡིན། དེར་སྤྱང་ཀིའི་ཁྱད་ཆོས་དང་འཚོ་བ་རོལ་སྟངས་བཀོད་ཅིང་། མིའི་སྤྱོད་པ་དང་བསྡུར་བའི་སྤྱང་ཀིའི་གཟུགས་བརྙན་གྱིས་ལྡོག་པའི་ཟུར་ཟའི་(反讽)ལམ་ནས་སྟོན་པ་(所指)དང་བསྟན་པ་(能指)གཉིས་ཀྱི་བར་ཁྱད་དེ་ཀློག་པ་པོའི་རོལ་མྱོང་གི་ཡིད་ལ་གཏད།

གསུམ། མི་དང་སྙན་ངག

ཤོ་ལོ་ཀ་བར་མ་གསུམ་ལ་མི་ནི་ཇི་ལྟར་སྤྱང་ཀིར་འགྱུར་བའི་གོ་རིམ་བརྗོད་འདུག་སྟེ། གལ་ཏེ་སྔ་མ་གསུམ་པོར་སྤྱང་ཀི་བསྟན་ནས་སྟོན་པ་མི་རང་ཉིད་ཕག་ཏུ་གབ་ཡོད་ན། སྐབས་འདིར་མི་དང་སྤྱང་ཀིའི་འབྲེལ་བ་གཏིང་ཇེ་ཟབ་ཏུ་བཏང་ཡོད། ཤོ་ལོ་ཀ་བར་མ་གསུམ་ནི་དཔེ་དང་དཔེ་ཅན་ནམ་ཡང་ན་མི་དང་སྤྱང་ཀི་གཉིས་ཀྱི་འབྲེལ་བའི་ཟམ་པ་ལྟ་བུ་ཡིན། འབྲེལ་བ་དེ་ཇི་ལྟར་ཆགས་པ་ཡིན་ཞེ་ན་དེ་གཉིས་སོ་སོར་གྲོལ་བའི་ཕུག་ལ་གཏུགས་དགོས་ཀྱི་ཡོད།

སྤྱང་ཀི་དང་མི་གཉིས་ལ་ལོ་རྒྱུས་ཀྱི་འབྲེལ་བ་དམ་པོ་ཞིག་ཐོག་མ་ནས་ཡོད་འདུག གནའ་མི་རང་བྱུང་གི་འཇིགས་པ་ལས་ཐར་དུས་མིའི་ཁ་གཏད་དུ་སྤྱང་ཀི་ལ་སོགས་པའི་རི་དྭགས་ཡོད། རང་བྱུང་དང་རིག་གནས་ཀྱི་འགལ་བའི་ཁྲོད་ནས་མིའི་ཤེས་བྱའི་ཁྱབ་ཁོངས་ཀྱི་ཆེས་སྔ་བའི་ཐ་སྙད་དག་གྲུབ་ཡོད། མིའི་སེམས་ཁམས་ཀྱི་གཞི་རྩའི་རྣམ་པ་དེ་ནས་བྱུང་། མིའི་འདུ་ཤེས་ཀྱི་གཏིང་ཟབ་ས་ན་རི་དྭགས་དང་མི་གཉིས་རྒྱུད་གཅིག་ལས་གྲོལ་ཞིང་། རི་དྭགས་ལ་མིའི་བླ་གནས་ཤིག་ཏུ་བརྩིས་ནས་མོས་གུས་བྱེད་ཀྱི་ཡོད། སྤྱང་ཀིའི་གཟུགས་བརྙན་ནི་ཤེས་རིག་དེའི་ཁྲོད་ཀྱི་བརྡ་རྟགས་གལ་ཆེན་གྱི་གྲས་ཡིན། ཐུན་མོང་འདུ་ཤེས་ཀྱི་ཀུན་གཞིའི་རྣམ་ཤེས་(集体无意识)སྟེང་ལ་གྲུབ་པའི་གདོད་མའི་ཡིད་བརྙན་(原始意象)འདི་ནི། སྙན་ངག་པས་སྤྱི་ཚོགས་ཀྱི་ཉམ་ཐག་པའི་གནས་བབས་ལ་སུན་འབྱིན་ བྱེད་དུས་རང་དབང་མེད་པར་ཐོན་པའི་ཡིད་ཤེས་ཀྱི་རིགས་ཤིག་ཡིན། དེ་ལ་རིག་གནས་དང་དཔྱོད་ཤེས་ཀྱི་ཚད་བཀག་མེད་པར་མིའི་བླ་སྲོག་དང་ཉེ་བའི་འཆད་བརྗོད་དུ་གྱུར་ཡོད།

སྤྱང་གི་ལོ་ན་ཆུང་དུས། འོ་མ་འཐུང་མྱོང་།
འོ་མ་འཐུང་བའི་གོ་རིམ་ཧྲིལ་བོ་ནི་ཧ་ཅང་སྙིང་ཉེ་བ་ཞིག་རེད།

རང་བྱུང་མཐའ་དག་ལ་རང་བྱུང་གི་ལྟ་བས་བལྟས་ན། ཡོད་ཚད་སྣང་ལུགས་ཙམ་མ་ཡིན་པར་གནས་ལུགས་ཤིག་གི་སྟེང་ནས་དེའི་རིན་ཐང་མངོན་པར་མཚོན་ཞིང་། མཐར་ཐུག་གི་རིན་ཐང་སྟེ་མིའི་ལྷན་སྐྱེས་ཀྱི་ལྷད་མ་འདྲེས་པའི་ཆ་དང་དབྱེ་མེད་དུ་ཡོད། མིའི་རང་བྱུང་གི་ཆ་དེ་སྤྱང་ཀིའི་ཕྲུ་གུའི་སྐབས་ཀྱི་དྲི་མ་མ་གོས་པ་འོ་མ་ལྟ་བུའི་གཤིས་ཀ་དང་གཤིབ་ནས་ལེགས་པོར་བྲིས་ནའང་། དུས་ནི་འགྱུར་ཞིང་མིའང་འགྱུར་བའི་འཇིག་རྟེན་ཆོས་ཉིད་ཀྱི་འགྲོས་ཀྱིས་ཐམས་ཅད་བཟུང་འདུག་པས། སྙན་ངག་པས་འདི་ལྟར་བྲིས།

ཡིན་ཡང་། འོ་མ་འཐུང་མཁན་ཐམས་ཅད།
དཀར་བོ་ཡིན་པ། སུ་ཞིག་གིས་ཀྱང་ཁ་ཚོན་གཅོད་མི་ཐུབ།

ཅེས་དགག་སྒྲ་སྦྱར་ཏེ་གཉིད་ལས་སད་པ་ལྟར་གྱིས་ངེས་པར་བྱུང་བའི་ཐ་ཚིག་བསྒྲགས། རང་བྱུང་ཁམས་ཀྱི་གདུག་རྩུབ་ཀྱི་མཚོན་བྱེད་དང་(དོན་ཏུ་མིའི་བློ་ངོར་ཤར་བའི་རྣམ་རྟོག་གིས་ཕར་བཏགས་པ་ཙམ་མོ་)། མིའི་རང་བཞིན་འཁྱོག་པར་གྱུར་ནས་མི་དགེ་བ་དང་ངན་གྱི་མཐའ་རུ་ལྷུང་བ་གཉིས། ལོ་རྒྱུས་ཀྱི་མཐུན་ཆོས་དང་དེང་གི་མཐུན་ཆོས་གཉིས་ལ་སྦྱར་ནས། མིའི་རིགས་ལ་ཐད་ཀར་ཏུ་མཛུབ་ཀེར་བྱས་ཏེ་དྲི་བ་གནད་དུ་ཁེལ་བ་ཞིག་བཏོན་ཡོད།

ལྷག་པར་ཏུ་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ། རིག་གནས་གསར་རྙིང་གི་འགལ་བ་ཆེན་པོ་ཞིག་ཐོད་གཏུགས་ཏེ་བྱུང་བས། མིའི་རིན་ཐང་དེ་གང་ནས་གླེང་དགོས་པ་དང་གང་གིས་མཚོན་པ་སོགས་ཀྱི་གནད་དོན་རབ་དང་རིམ་པར་དོགས་སློང་སྐྱེས་ཤིང་། རྗེས་སུ་ཚོང་རའི་ཤུགས་རྐྱེན་དྲག་རླབས་ཤིག་དང་འདྲ་བར་སྤྱི་ཚོགས་འཚོ་བའི་ངོས་ཡོངས་ལ་བརྡབ་སོང་པས། བོད་མི་ཀུན་གྱི་བསམ་བློའི་འཁྱེར་སོ་དང་རིན་ཐང་ལྟ་ཚུལ་ལ་འཕོ་འགྱུར་སྣ་ཚོགས་བྱུང་། འདི་དག་རྩོམ་མཁན་དང་ཀློག་མཁན་གྱི་ཐུན་མོང་གི་འགལ་བར་གྲུབ་ཡོད།

སྙན་ངག་པ་ལ་"མངོན་ཤེས་"ལྡན་ཞིང་། ད་ལྟའི་དུས་ལས་ཐོལ་བརྒལ་བྱེད་པའི་སྟོབས་ཤུགས་ཀྱིས་ཕྱུག་པས། རང་ཉིད་དང་སྤྱི་ཚོགས་ཀྱི་བར་ལ་འགལ་བ་བྱུང་ཚེ། རང་ཉིད་སྤྱི་ཚོགས་ཀྱི་ཁྲོད་དུ་ལྡིང་བའི་རྡུལ་ཕྲན་ཞིག་ལ་བརྩིའམ། ཡང་ན་སྤྱི་ཚོགས་ནི་རང་ཉིད་ཀྱི་རིན་ཐང་ངོམས་པའི་གཡུལ་ས་ཞིག་ལ་ལྟ། ད་དུང་མི་རྣམས་ཀྱིས་གདམས་གསེས་ག་འདྲ་བྱེད་པའི་ཕྱོགས་ལ་བསམ་གཞིག་གཏོང་ངེས། སྙན་ངག་པ་ནི་སྤྱི་ཚོགས་འདིའི་སྨན་པ་ལྟ་བུའི་འདུ་ཤེས་དང་སྙན་ངག་ནི་གང་ཞིག་གཤགས་བཅོས་བྱེད་པའི་གཤགས་གྲིར་ངོས་བཟུང་ན། ང་ཚོས་གོང་གི་ཚིག་རྐང་དེ་གཉིས་ཀྱི་གོ་དོན་གསལ་བོར་རྟོགས་ཡོང་། སྐད་ཆ་དེ་གཉིས་ཧ་ཅང་གོ་སླ་བ་འདྲ་ཡང། དེའི་ལྟག་རྒྱབ་ཀྱི་ལྐོག་ཏུ་གྱུར་བའི་སྦས་དོན་ནི་ཡིག་ངོ་ཙམ་གྱིས་མཚོན་ཐུབ་མིན་ལ་རག་མ་ལས་ཏེ། མི་རང་གི་ཤེས་རབ་ཀྱི་སྟོབས་ལ་བརྟེན་ནས་ཀློག་པ་པོ་རང་རང་གིས་མྱོང་ཚོར་བྱ་འོས། འོ་མ་དཀར་བོ་འཐུང་བས་དཀར་བོ་ཡིན་པའི་མ་ཁྱབ། དེ་བཞིན་དུ་ཁ་དོག་ནག་པོ་ཐམས་ཅད་ཡང་ནག་པོ་ཡིན་པའི་ངེས་པ་མེད་དོ། འདི་ལྟ་བུའི་བསམ་གཞིགས་ཀྱི་ནང་ནས་མི་དང་སྤྱང་གི་གཉིས་ལས་གང་ཞིག་གདུག་རྩུབ་ཆེ་བའང་རང་གི་གནས་བབས་དང་ཕྱི་ནང་གི་རྐྱེན་སྣ་ཚོགས་དང་འབྲེལ་བ་ཡོད་སྙམ།

སྤྱི་ཚོགས་ནི་ཡོངས་སུ་ཐོར་ལ་ཉེ་བའི་ཅ་ལག་ཅིག་ལྟར་ཉམ་ཐག ལོ་རྒྱུས་ནི་གདགས་གཞི་མེད་པར་བཏགས་པའི་མིང་ཞིག་ལྟར་གནས་ཡོད།

སྤྱང་ཀི་གྲགས་དུས། རླུང་ལྡིང་མཚམས་རེ་ཞིག་འཇོག་སྲིད།
རྔོན་པ་ཁ་ཤས་ཀྱང་། མཚན་མོ་ཞིག་གི་འགོ་བརྩམས་པ་རྟོགས་ཤིང་།
རང་རང་གི་མདའ་གཞུ་ཁུར་ཏེ།
རི་སྒང་ནས་ཕྱིར་རང་ཁྱིམ་ཏུ་ལོག

སྤྱང་ཀིའི་རྣར་གཟན་པའི་གྲགས་སྐད་ཀྱིས་མིའི་བློ་ལ་འཇིགས་སྐྲག་དང་སྡོངས་པའི་ན་ཟུག་ཆེན་པོ་ཞིག་སྟེར། མཐོ་སྒང་གི་རླུང་ངམ། དབུགས་ཀྱི་རྒྱུ་བ་ལྟར་འཚམས་མེད་པའི་རླུང་གི་ལྡིང་མཚམས་བཞག་པ་ཡང་། རླུང་གིས་སྤྱང་ཀི་ཡི་གྲགས་སྐད་འདེགས་མ་ནུས་པའམ་ཡང་ན། གཡོ་བའི་རླུང་དང་འཇགས་པའི་ཡུལ་གཉིས་སོ་སོར་ཕྱེས་ཏེ། ཚེ་སྲོག་གི་འབོད་སྒྲ་ཚོར་དུས། རང་བྱུང་གི་རྒྱུ་བ་ཡང་རང་སྟོབས་ཀྱིས་འགགས་ཏེ་ཕྱིར་བཤོལ་བྱས་འགྲོ་བ་སྟོན།

རྔོན་པ་-སྤྱང་ཀིའི་སྒྲིག་གཞི་འདི་ནི་རྩ་བའི་གྲུབ་ཚུལ་ཞིག་སྟེ། རྔོན་པ་དང་མཚོན་པ་ནི་མི་དང་སྤྱི་ཚོགས། དེ་ལས་བྱུང་བའི་རིག་གནས་ཐ་དག་ཡིན། སྤྱང་ཀི་དང་འབྲེལ་བ་ནི་རི་དྭགས་དང་རང་བྱུང་ཁམས། མིས་ཁ་ལོ་བསྒྱུར་མི་བཏུབ་པའི་འཇིག་རྟེན་ཆོས་ཉིད་རྣམས་ཡིན། སྒྲིག་གཞི་དེའི་རྨང་གཞི་སྟེང་ནས་འགལ་བ་དང་འདུ་བའི་ཕུང་བོ་གཉིས་གཅིག་ལ་གཅིག་བརྟེན་ཏུ་ཆགས་ཡོད། དེ་ནི་སྙན་ངག་འདིའི་རྩ་བའི་གཟུགས་རིས་ཏེ་ས་བོན་ལྟ་བུ་ཡིན་ནོ།

རྔོན་པ་དང་སྤྱང་ཀི་གཉིས་ཁ་གཏད་དུ་བཅུག་པས་སྙན་ངག་འདིའི་འཆད་རྗོད་རྩེ་ལ་སོན་པར་བྱས། སྤྱང་ཀི་གྲགས་དུས་ལ་དུས་ཀྱི་ནངས་དགོང་གི་དབྱེ་བས་མ་ཕྱེ་བར། རླུང་ལྡིང་མཚམས་ལ་བལྟོས་ནས་བཞག་ཡོད། རླུང་གི་བཞུར་རྒྱུན་གྱི་ངོགས་གཉིས་ན་འགྲེང་བའི་སྤྱང་ཀི་དང་རྔོན་པ་གཉིས་ཕན་ཚུན་རྟེན་ཅིང་འབྲེལ་ནས་གཅིག་ཁོངས་གཅིག་ལ་གཏོག་ས་ཤིང་། ཕ་རོལ་གྱི་འཆི་བས་ཚུར་རོལ་གྱི་སྐྱེ་སྟོབས་འཕེལ་བ་དང་། གལ་ཏེ་ལྡོག་ན་ཅིག་ཤོས་ཉམས་འགྲོ་བའི་གནས་ལུགས་ཤིག་བསྲུང་ནས། དེ་ལྟར་སྲིད་པ་མ་འཇིག་བར་ཏུ་གྲུབ་པའི་རྗོད་གཞི་ཞིག་ང་ཚོར་བསྟན་ཡོད། འོན་ཀྱང་དུས་ཀྱི་བཞུར་རྒྱུན་ལྟ་བུའི་རླུང་གི་རྒྱུ་བ་འགག་དུས། རྔོན་པས་སྤྱང་ཀི་(ཡང་ན་རང་ཉིད་)ལ་གཏད་པའི་མེ་མདའ་ཁུར་ནས་ཕྱིར་རང་ཁྱིམ་ཏུ་ལོག་འགྲོ

དེ་དུས་ང་ཚོས་རང་ཁྱིམ་ཏུ་ཤ་ཟ་ཞིང་།
ད་དུང་། ཉིན་མོ་དག་གི་འཆར་གཞི་གང་མང་བཟོ།

འདི་ལྟར་སྙན་ངག་པས་སྨྱུག་རྩེ་བསྐོར་བ་ཙམ་གྱིས་མིའི་རྒྱུད་ཀྱི་མི་སྡུག་པའི་ཆའང་རིམ་གྱིས་མངོན་བཞིན་ཡོང་། སྐབས་འདིར། གོང་གི་འོ་མ་འཐུང་མཁན་ཐམས་ཅད་དཀར་བོ་ཡིན་པ་སུ་ཞིག་གིས་ཀྱང་ཁ་ཚོན་གཅོད་མི་ཐུབ་ཅེས་པའི་ཚིག་དེའི་ཕྱི་མ་རྙེད་ཡོང་། རྫ་ལུང་རི་ལུང་སྙེག་པའི་སྤྱང་ཀི་ཞིག་དང་ཁྱིམ་ན་ཤ་ཟ་བཞིན་པའི་མིའི་གཟུགས་བརྙན་གཉིས། ཡུལ་དུས་སོ་སོར་སོང་ཡང་ཁྱད་ཆོས་མཚུངས་པའི་ཆ་ནས་འཆད་སྟངས་གཅིག་ལ་སྦྱར་ཡོད། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གཏིང་ཟབ་ལ་མཐར་གཏུགས་ཐག་ཆོད་པ་ཡིན་ཏེ། ཁ་གསབ་བྱེད་པ་ལ་རྟིང་མར་གྱུར་ཡོད། དེས་མིའི་སེམས་ཀྱི་རྟོག་པ་ཐམས་ཅད་ཡིག་འབྲུ་རེ་རེའི་རླབས་ཕྲེང་དང་ཆབས་ཅིག་འཕྲོ་ཞིང་གཡོ་བར་བྱེད། དེ་ལྟར་རང་བྱུང་དང་རིག་གནས་གཉིས་ཁ་ཁ་དང་སོ་སོ་ཡིན་ལ། གཅིག་ལ་གཅིག་བརྟེན་ཞིང་འདྲེས་པ་ཡང་ཡིན་པས་གོ་བརྗེ་རུང་ཡིན། རྔོན་པས་མུ་མཐུད་ནས་ཉིན་མོའི་འཆར་གཞི་(སྤྱི་ཚོགས་སམ་རིག་གནས་ཀྱི་)བཟོ་ཞིང་གདའ།

སྤྱང་ཀི་གྲགས་དུས་ཁྱོད་ཀྱིས་ཀྱང་གླུ་ལོངས།

སྤྱང་ཀི་གྲགས་པའི་ཚིག་བསྐྱར་ཟློས་བྱས་ཏེ། འདིའི་བསམས་གཞིགས་ཀྱི་སྣེ་མོར་ཐོགས་པ་ནི་འབོད་པ། གྱེར་བ། བཟློ་བ། བཤད་པ། གླུ་ལེན་པ། འབྲི་བ་ལ་སོགས་བརྡ་སྤྲོད་བྱེད་ཀྱི་ཐ་སྙད་རེ་རེ་ཡིན། སྙན་ངག་པ་དང་རྔོན་པ་དང་རླུང་དང་ནགས་ཚལ་དང་མཚན་མོ་སོགས་ལ་མཚོན་ན། སྤྱང་ཀི་རང་གྲགས་དུས་ད་གཟོད་འཚོ་ཞིང་གནས་ལ། གྲགས་པ་ནི་ཁོའི་འཚོ་ཐབས་གཞན་དག་ལས་འབུར་དུ་བཏོད་པའི་རྟགས་མཚན་ཡིན། ཕ་རོལ་བའི་སྣང་ངོར་སྣང་བཞིནང་རྗོད་གཞི་དེ་བརྗོད་བྱེད་ཁྱད་ཆོས་ཀྱི་སྟེང་ན་གནས་བཅོས་ཡོད། དེ་ནི་ཧེ་རྡིར་ཀིར་གྱིས་ཐ་སྙད་དམ་སྐད་ཆའི་གཞི་ས་རུ་ཚེ་སྲོག་གི་གནས་བཅོས་ཡོད་ཟེར་བ་དང་ཅིས་མི་མཐུན། རྒྱུ་རྐྱེན་དེའི་ཕྱིར་ན། ཁྱོད་ཀྱིས་ཀྱང་གླུ་ལོངས་ཞེས་སྐུལ་དོན་ནི་བརྗོད་བྱ་སྤྱང་ཀི་ལས་ཚུར་འཕོས་ཏེ། གླུ་སྐད་ཀྱིས་འཚོ་བའི་ང་ཚོ་ལ་རང་ཉིད་ཀྱི་རྒྱུད་ན་གཏན་ཆགས་སུ་ཡོད་པའི་འགྱུར་ཁུག་ཅིག་གིས་གང་ཞིག་ལེན་འདོད་པ་དེ་གླུ་ངག་ཏུ་དྲོངས་ཞེས་བཤད་པ་ཡིན།

གླུ་ཚིག་ག་འདྲ་ཡིན་ཡང་།
མཚན་མོ་འདི་དང་། ཐང་ཆེན་འདི།
ད་དུང་དུས་ཚོད་འདིའི་དགོས་མཁོ་ཤ་སྟག་ཡིན།

གླུ་བ་དང་སྤྱང་ཀི་ནི་རང་རྟོགས་ཀྱིས་འཚོ་ཞིང་མི་ཆོས་ཀྱི་སྙིང་སྟོབས་ཀྱིས་ཕྱུག་པའི་མིའམ་དེའི་གཟུགས་བརྙན་ཡིན། ཁོ་ཚོ་སྤྱི་ཚོགས་ཀྱི་གནས་བབས་དང་མི་གཤིས་ཀྱི་སྡིག་ལྟུང་ལ་ཡིད་བྱུང་ནས་དོགས་འདྲི་བྱེད་ཅིང་། སྲ་ཆགས་པའི་སྣང་ལུགས་དག་ལ་དགག་བཞག་དང་ཕས་རྒོལ་བྱེད་བཞིན་རང་གི་འཚོ་གནས་ཀྱི་རྩ་བར་གྱུར་བའི་གནས་ལུགས་ངོ་མ་བསྐྲུན་པར་གཞོལ་མཁན་དག་ཡིན། དེའི་ཕྱིར་གླུ་ཚིག་གང་འདྲ་ཡིན་ཡང་རང་ཉིད་འཚོ་ཞིང་གནས་པའི་ཡུལ་སྟེ། མཚན་མོ་(སྤྱང་ཀིའི་ཡུལ་)དང་ཐང་ཆེན་(མིའི་ཡུལ་)ནི་སྟོང་བ་མྱ་ངམ་ཐང་ལྟ་བུ་ཞིག་མིན་པར། དེ་རུ་གནས་བཅོས་པའི་མི་རྣམས་ཀྱིས་འཁྲུག་རྩོད་དང་ཞི་འཇགས་རབ་དང་རིམ་པའི་ཁྲོད་ནས་རང་ཉིད་ཀྱི་མེ་ལྕེས་མཚན་མོ་ལ་འོད་སྣང་དང་ཐང་ཆེན་ལ་དྲོད་སྟེར། འདི་དག་ནི་གླུ་ཚིག་གང་རུང་གི་ནང་སྙིང་ཁོ་ན་ཡིན་ནོ།

ནང་སྙིང་མེད་པའི་ཕྱི་ཤུན་གྱིས་འཇིག་རྟེན་གྱི་ཕྱི་ནང་བར་གསུམ་འཚང་དུས། མི་ཡུལ་གྱི་བདེན་རྫུན་དང་ཆགས་སྡང་ལའང་ཡོ་གཟུར་ཆེན་པོ་བྱུང་། དེང་གི་དུས་ཀྱི་རིན་ཐང་ཡོད་ཚད་དེ་ལ་དམིགས་ནས་འབྱུང་གི་ཡོད། དེ་དང་ལྡོག་ནས་བྱུང་བའི་བསམས་གཞིགས་ནི་སྤྱང་ཀི་དང་གླུ་བ་དག་གི་སྐད་ཡིན་ཏེ་གླུ་ཚིག་གི་ཕ་རོལ་ན་ཡོད་པའི་བདེན་ཐུབ་གྱི་སྙིང་བོ་ཡིན། དེ་ལྟར་དུས་ཚོད་འདིའི་དགོས་མཁོ་ཤ་སྟག་ཏུ་གྱུར་ཡོད། གླུ་བས་གླུ་ལེན་པའི་གོ་རིམ་ཡང་། སྤྱང་ཀི་ལ་སློབ་སྦྱོང་བྱེད་པའི་ཐབས་ལམ་ཉག་གཅིག་རེད།

བཞི་བ། མི་དང་མི།

དུམ་མཚམས་སྔ་མ་བཞི་བོར་སྤྱང་ཀིའི་རང་བཞིན་གཙོར་བཟུང་ནས་ཞིབ་རྗོད་བྱེད་པའི་ཁྲོད་དུ། སྤྱང་ཀི་དང་ཁ་གཏད་དུ་ཡོད་པའི་རང་བྱུང་ཁམས་དང་སྤྱི་ཚོགས། སྤྱི་ཚོགས་རིག་གནས་དེར་འཚོ་བའི་མི་བཅས་དང་འབྲེལ་ནས། སྙན་ངག་པའི་སེམས་ན་ཡོད་པའི་རང་རྐྱ་བའི་འགལ་བ་དང་རང་གཞན་གྱི་འགལ་བ་རྣམས་བྲིས་ཡོད། ཤོ་ལོ་ཀ་ལྔ་བ་དྲུག་པ་བདུན་པའི་ནང་དུ་གཙོ་བོ་སྤྱང་ཀིའི་བྱ་བ་བརྗོད་ཀྱི་ཡོད། སྐབས་འདིར་སྤྱང་ཀི་ནི་རང་བྱུང་དང་སྤྱི་ཚོགས་གཉིས་ཀ་བརྒལ་ནས་སྐྱེས་མཆོག་(超人)ལྟ་བུར་གྱུར་འདུག

"སྐྱེས་མཆོག་ནི་སྣང་བརྙན་ཡོངས་རྫོགས་ཀྱི་སྣང་བརྙན་ཡིན་"(ཉི་ཚེ་)སྐྱེས་མཆོག་གི་ཕ་རོལ་བོ་ནི་ཉམས་ཆུང་སྡར་མའི་རང་བཞིན། རང་གཤིས་མི་ལྡན་མི་ཀུན་བསམ་པ་གཅིག་ཅན། གསར་གཏོད་ཀྱི་ཕུགས་རེ་མེད་ཅིང་བྲན་གཤིས་ཀྱི་སྒྲོག་ལ་ཚུད་པ་དག་ཡིན། དེ་ཚོས་གཡོ་སྒྱུ་ཁྲམ་གསུམ་དང་ཁ་ཡག་ངོ་དགའ། རང་དོན་ཁོ་ན་གཞོལ་ནས་མི་ཚེ་མཐར་འཁྱོལ་བྱེད་ཀྱི་ཡོད། ཉི་ཚེ་ལྟར་ན་འདི་དག་ནི་མིའི་རིགས་ཀྱི་གནོད་འཚེ་ཁོ་ན་ཡིན་ལ་སྐྱེས་མཆོག་ནི་ང་ཚོའི་དཔེ་གཞི་གསར་བ་ཞིག་ཏུ་བསམ་ནས་འབད་འབུངས་བྱེད་དགོས་པར་གླེང་། སྙན་ངག་འདིར་སྤྱང་ཀི་ནི་ཁེར་རྐྱང་ཡིན་ཡང་ཁོ་ནི་རིགས་རྒྱུད་གཙང་ལ་མཐོ་བ། རང་ཚུགས་བརྟན་པོས་འཇིག་རྟེན་གྱི་བྱ་གཞག་ཀུན་མིག་གིས་འཚོ་ཞིང་སེམས་ཀྱིས་དམིགས་ནས་ཡོད་དེ། མི་ཡུལ་གྱི་"ཤ་ཟ་ཁྲག་འཐུང་"གི་ཉམས་ཞན་གྱི་ལས་དབང་སྐྱོང་བ་ལས། མཚན་མོར་རྒྱུ་ཞིང་ཀུ་ཅོ་འདོན་པའི་སྐྱེས་མཆོག་ཞིག་གི་ཚུལ་གྱིས་འཚོ་ཞིང་གནས་པ་ནི་རྩོམ་པ་པོའི་རེ་འདུན་ལ་བརྩི་ཆོག

སྤྱང་ཀི་དགོད་དུས། ཡུལ་མི་ཚོ་ཟང་ཟིང་གིས་འཚོ་ལ།
རང་ཉིད་ཀྱི་བུ་ཕྲུག་བྲང་ཁར་སྦྱོར།

ད་ལྟ་སྤྱང་ཀི་ཡང་མི་ཞིག་ལྟར་བགད་བྱུང་། ཁོའི་རང་གི་མིག་མདུན་ན་སྣང་བའི་སྤྱི་ཚོགས་ཀྱི་རྣམ་པ་དེ་དག་མཐོང་བས་དགོད་ཁ་ཤོར། འོན་ཀྱང་ཡུལ་མི་ཚོ་ཟང་ཟིང་དུ་གྱུར། དགོད་བྲོ་བའི་སྐོར་གླེང་དུས་ང་ཚོས་ཞི་བདེ་ཉི་མ་ཁོ་རང་ཉིད་ཀྱི་བཞད་གར་ཁྲོད་ཀྱི་པར་རྒྱག་པའི་རྒན་པོ་དེ་དྲན་སྲིད། དེའི་ལུས་སྟེང་ནས་བོད་མིའི་རྣམ་པའམ་གནས་བབས་དང་། དེ་འབྲེལ་གྱི་རིག་གནས་ཤིག་གི་རྨ་ཁ་ཟབ་མོ་དག་མཐོང་ཐུབ། རིག་གནས་མི་འདྲ་བ་མང་པོའི་འགལ་བ་དང་ལྷན་དུ་བྱུང་བའི་ཆགས་འཇིག་སྣ་ཚོགས་ལས། བོད་མིའི་སེམས་ཁམས་བློ་བུར་དུ་ཚ་འཕྲུལ་ཆེན་པོ་ཞིག་བྱུང་བ་ལྟར་གློང་གློང་བོར་གྱུར་ལ་ཁ་ཕྱོགས་ངེས་མེད་ཀྱིས་འཚོ། མི་རྣམས་བློ་བུར་གྱིས་གས་ཆད་བྱུང་བའི་སྲོལ་རྒྱུན་གྱི་ ཚུར་རོལ་ནས། ཐོལ་གྱིས་བྱུང་བའི་དེང་རབས་ཅན་གྱི་ཕ་རོལ་ལ་མཆོངས་ཤིང་། དེའི་བར་ན་དཔྱངས་པའི་མུན་ནག་ཁྲོད་ཀྱི་སྡོམ་ཐག་ལྟ་བུའི་ལས་ཀྱི་དྲ་བ་རལ་བོར་ཐོགས་ཏེ་གནས་འདུག སྙན་ངག་པས་སེམས་ཁྲལ་ཡང་དེ་ནས་མཚོན།

མི་རྣམས་གོད་ཆགས་གསར་བ་ཞིག་གི་མདུན་དུ་ལངས་འདུག སྔར་ཡོད་ཀྱི་འདུ་ཤེས་འཛིན་སྟངས་དང་བསམ་བློའི་ཁྱེར་སོ། རིན་ཐང་ལྟ་ཚུལ་བཅས་ལ་གཡོམ་འགུལ་ཆེན་མོ་བྱུང་རྗེས། རང་ཉིད་གར་འགྲོ་འདིར་ཡོང་གི་ཁ་ཕྱོགས་ལ་ངེས་པ་མ་རྙེད་པས། རིག་གནས་གཉིས་སམ་མང་པོའི་བཞི་མདོ་ན་སྐྱོ་གར་ནང་གི་མི་སྣ་ཞིག་དང་འདྲ་བར་གནས་སྐབས་ཀྱི་ལས་དབང་མི་སྐྱོང་ཐབས་མེད་དུ་གྱུར་ནས་གདའ། འོན་ཀྱང་སྙན་ངག་པ་དང་ཡོན་ཏན་པ་ཁ་ཤས་ཀྱིས་ཧ་ཅང་ཡ་མ་ཟུང་གི་སྤྱི་ཚོགས་ངོ་བོ་མཐོང་ནས"གད་མོ་ཤོར"། ཁོ་བོ་ཅག་དང་མཉམ་དུ་འཚོ་ཡང་རྟོགས་པ་བཅུམ་པའི་སྐྱེ་བོ་གཞན་རྣམས་མི་རྟག་འཇིག་རྟེན་གྱི་ཆོས་ཉིད་ཟབ་མོའི་མདུན་ནས་རང་ཉིད་ཀྱི་བུ་ཕྲུག་བྲང་ལ་སྦྱོར། ཁོ་ཚོ་སྤྱང་ཀིའི་དགོད་སྒྲ་ལ་ཧ་ལས་ཤིང་ཧང་སངས། དགོད་སྒྲ་དེའི་ཕ་རོལ་ན་མི་མངོན་པར་ཡོད་པའི་མུན་པ་སྟུག་པོ་ཞིག་ལ་དངངས་སྐྲག་ཚད་མེད་སྐྱེས་ཏེ་ཡོད།

མིའི་རིགས་ལ་ཕྱི་ནང་གཉིས་ཀ་ནས་འཇིག་ཉེན་འབྱུང་དུས། ངང་ཤུགས་གང་རུང་གིས་ནང་སེམས་ཀྱི་གཏིང་ན་ཡིབ་པའི་གདོད་མའི་སྟོབས་ཤུགས་ཞིག་འཚོལ་ལ། དེ་ནི་མིའི་རིགས་ཀྱི་མེས་པོ་དང་འབྲེལ་ཞིང་ཤེས་རབ་དང་སྙིང་སྟོབས་ཡོད་ཚད་ཀྱི་ཁུངས་ཡིན་པས། སྙན་ངག་པས་དེ་ལ་བརྟེན་ནས་མི་ཡིས་རང་བྱུང་ཁམས་ཁ་ལོ་བསྒྱུར་བྱེད་ཀྱི་ཆེས་ཐོག་མའི་ལག་ཆ་སྟེ། མེ་ཡི་དྲོད་དང་འོད་སྣང་བེད་དུ་སྤྱད་པ་ཡིན།

མེ་ཕུང་གི་ཁ་གཏད་དུ། གཟབ་ནན་གྱིས་བསྡད་དེ།
མཚན་མོ་དེ་ནི་ཇི་འདྲའི་གཏིང་ཟབ་པར་བསམ་བློ་གཏོང་།
མཚན་མོ་ནི་ང་ཚོའི་འཁོར་ཡུག་ཡིན། མེ་ཕུང་ནི་ང་ཚོའི་ནང་སེམས་ཡིན།

མཚན་མོ་ནི་རང་བྱུང་གི་ཚབ་ཡིན། དེ་ནི་འཇིག་རྟེན་མ་ཆགས་ཡར་སྔོན་གྱི་གནས་སྟངས་དང་། མིའི་རིགས་ལ་ཤེས་རིག་མ་དར་བའི་སྔོན་གྱི་རྨོངས་འཐོམས། འཇིག་པ་དང་མེད་པས་མངའ་བསྒྱུར་བའི་ཕྱི་རོལ་ཡུལ་གྱི་ཡོད་ཚད་དོ། དེ་ལས་མཆེད་ཅིང་གྱེས་པས་མི་རྣམས་དེ་དང་ཁ་གཏད་ཏུ་སོང་ལ། ཤེས་རིག་ལོ་རྒྱུས་ཀྱི་ལམ་ཆེན་ཁད་ཀྱིས་བཏོད་དེ། རང་གི་ལས་དབང་དང་ཐོབ་ཐང་ལ་གདེང་འཇོག་གནང་གིན་མི་ཚེའི་རིན་ཐང་མངོན་གྱུར་བྱེད་པའི་འཇིག་རྟེན་གྱི་བྱ་བཞག་ཀུན་ལྷུར་ལེན་བགྱིས་པ་ཡིན།

འདི་ནས་མི་དང་མེ་གཉིས་ཕན་ཚུན་ཁ་གཏད་ཏུ་ཡོད་ནའང་། ངེས་པ་དོན་གྱི་འགལ་བར་སོང་མེད་དེ། བཀར་མི་རུང་བའི་ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ་དམ་དུ་གྲུབ་ཡོད། ཡུལ་མི་ཚོས་འདི་ལྟར་ཕྱི་མ་བྲང་ལ་སྦྱོར་ཞིང་། མེ་ལྕེ་དང་ལྷན་ཏུ་མཚན་མོའི་གཏིང་ཚད་ལ་བསམ་བཞིན་གཏིང་དེ་ལ་ཟུག་པའི་སྤྱང་ཀིའི་ཀུ་ཅོ་ལ་བསམ་མནོ་གཏོང་།

མི་དང་མེ་ལྕེ། མེ་དང་མཚན་མོ། མཚན་མོ་དང་སྤྱང་ཀི སྤྱང་ཀི་དང་མི་དག་ནི་མིའི་སེམས་ཁམས་ཀྱི་མི་མངོན་ས་ན་ཁ་གཏད་དུ་ཡོད་པའི་མིའི་རིགས་ལོ་རྒྱུས་ཀྱི་ཐོག་མའི་གྲུབ་ཆའམ་གདོད་མའི་ཡིད་བརྙན་(原始意象)ཡིན། སྙན་ངག་པས་རང་ཉིད་ཀྱི་བརྩེ་བ་དང་ཤེས་པ། འཇིགས་སྣང་དང་རྨི་ལྟས། མངོན་ཤེས་དང་བདེན་ཐུབ་ཀྱི་སྙིང་སྟོབས་ལ་བརྟེན་ཏེ། དེང་དུས་ཀྱི་མཁོ་གལ་ལ་དམིགས་ནས་གཞི་རྣམ་(原型)དེ་དག་སྙན་ངག་གི་ལམ་ནས་ཚུར་མངོན་བྱས་ཡོད།

སྙན་ངག་འདིར་ད་དུང་། རྩོམ་པ་པོའི་བསམ་བློ་དེ་སྙན་ངག་རང་སྟེང་ན་འབབ་པའི་སེམས་བྱུང་གི་རྒྱུན་དང་འགྲོགས་ནས། ཡུལ་དུས་ཀྱི་སྔ་ཕྱི་སྟེང་འོག་ཐམས་ཅད་ཡར་བརྗེ་མར་སྤོ་བྱས་ཡོད་ལ། སྙན་ངག་གི་རྣམ་པར་རྟོག་བྱའི་ཁྱབ་ཁོངས་ལྡབ་འགྱུར་གྱིས་ཆེ་ཆེར་བཏང་ཡོད།

སྙན་ངག་འདི་ལ་ལོ་རྒྱུས་ཆུ་ཚོད་ཀྱི་སྔ་ཕྱིའི་ཚད་བཀག་མེད་པར། གནའ་བོའི་ཡིད་བརྙན་དང་ལྷན་ཏུ་ད་ལྟའི་རྟོག་བཟོ་དང་སེམས་འགྱུ་ཡོད་ཅིང་། དེང་གི་གླེང་མོལ་གྱི་སེམས་ཁམས་ལ་གདོད་མའི་ཉམས་མྱོང་ཞིག་གིས་གཡོགས་ཏེ་མཆིས། དེ་ནི་རྒྱུན་རིང་བ་དང་ཁོང་ཟབ་པའི་བསམ་བློའི་ངོས་ན་ཆགས་པའི་གནས་སྣང་གི་ཡིད་བརྙན་མང་པོ་རྟོག་བཟོའི་ཐབས་ཅི་རིགས་ལ་བརྟེན་ནས་བྱུང་བ་ཡིན།

སྤྱང་ཀི་ནི་ཧ་ཅང་འཇོན་ཐང་ཅན་ཞིག་ཡིན།
ཕྲུ་གུ་རེ་རེ་འཚར་ལོངས་འབྱུང་བར་འཁང་ར་ཅི་ཡང་མེད།
བཟའ་བཏུང་གི་ཆེད་དུ །ཡུལ་མི་ཚོར་ཕོག་ཐུག་ཁ་ཤས་བཏང་ནའང་།
ང་ཚོས་ཡུལ་འདིར་བསམ་བློ་རྒྱང་རིང་གཏོང་དགོས།

བཟའ་བཏུང་ནི་རང་བྱུང་གི་རི་དྭགས་དང་སྤྱི་ཚོགས་ཀྱི་མི་གཉིས་བར་གྱི་ཐུན་མོང་གི་དགོས་མཁོ་ཡིན་ལ། མཚུངས་པར་བརྗོད་བྱེད་ཀྱི་ཁྱད་ཆོས་ཤིག་ཏུ་བརྩིས་ཀྱང་ཆོག ཡིན་ཡང་བཟའ་བཏུང་གི་ཆེད་དུ་ཡུལ་མི་ཚོ་ལ་ཕོག་ཐུག་བཏང་བས། སྙན་ངག་པ་སྤྱང་ཀི་ཞིག་གི་བརྟུལ་ཞུགས་མ་བཟུང་ཐབས་མེད་གྱུར་ནས་བདག་ཉིད་ཀྱི་རྫ་སྟོང་ལུང་སྟོང་ལ་གྱར་བ་ཡིན། བཟའ་བཏུང་ཞེས་པ་ཁ་རྒྱབ་ཙམ་ལ་གོ་བ་མིན་པར་བསམ་བློའི་རྒྱགས་ཕྱེ་ལ་འཇོག་དགོས། མིའི་གཉུག་མའི་སེམས་སུ་བཟའ་བཏུང་ནི་ཡོད་ཚད་ཀྱི་རྟེན་ལྟ་བུར་ངོས་འཛིན་ཡང་། ཕྱིས་སུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་སྨྲ་ཤེས་ཤིང་དོན་གོ་བའི་མི་ཡི་མཚན་གཞིར་རིག་གནས་འགོད་པ་ཡིན་པས། སྙན་ངག་འདིར་བཟའ་བཏུང་ནི་གབ་དོན་ཀྱི་ཐ་སྙད་དེ"ཡུལ་འདིར་བསམ་བློ་རྒྱང་རིང་གཏོང་དགོས"ན་ཡུལ་འདིའི་ད་ཡོད་ཀྱི་གོམས་ལུགས་ཁ་ཤས་དང་འགལ་བའི་སྐབས་ཡང་སྲིད་དོ།

སྙན་ངག་པས་(སྤྱང་ཀི་)ཡུལ་མི་ལ་ཕོག་ཐུག་བཏང་སོང་། སྙན་ངག་པས་འཚོལ་འདོད་པའི་བཟའ་བཏུང་ནི། ཡུལ་མི་ལ་མཁོ་གལ་ཆེ་བའི་དངོས་པའི་འཇིག་རྟེན་དང་དེ་ལ་བརྟེན་པའི་རིག་གནས་དང་། བསམ་བློ། ཆོས་ལུགས། རང་དབང་ལ་སོགས་མིའི་རིན་ཐང་དངོས་གྲུབ་བྱེད་ཀྱི་ཆ་ཤས་རྣམས་ཡིན། དེའི་རྐྱེན་གྱིས་སྤྱང་ཀི་ལ་འཇོན་ཐང་ལྡན་ཞིང་འཁང་ར་མེད་པར་རང་གི་རྗེས་འཇུག་གི་ཕྲུ་གུ་སྐྱོང་བ་རེད།

སྙན་ངག་པ་སྤྱང་ཀིར་གྱུར་བ་ནས་མིའི་རྒྱུན་ལྡན་གྱི་འཚོ་བ་དང་རིང་དུ་གྱེས་ཤིང་། ཡང་དང་བསྐྱར་གྱིས་སྲ་མཁྲེགས་སུ་གྱུར་བའི་མངོན་སུམ་ཞིག་ལ་ཕོག་ཐུག་དང་ཅོ་འདྲི་བྱས། ཁོའི་འཁོར་ཡུག་ཏུ་ཁོ་ལ་བཀུར་བསྟི་བྱེད་མཁན་ཉུང་བར་འགྲོ་ཞིང་། ཁོ་ལ་མ་རུངས་པའི་ཆོམ་རྐུན་དང་གཡོ་སྒྱུའི་ཐ་སྙད་ཀྱི་མིང་གདགས་པ་རེད་ལ། བཟའ་བཏུང་རྩོད་པའི་རང་བྱུང་ཁམས་དང་མིའི་སྤྱི་ཚོགས་གང་ རུང་གིས"སྤྱང་ཀིའི་"ཐོབ་ཐང་རྒྱུན་པར་དགྲ་ཕྱོགས་སུ་སྐུར་ཏེ། འདྲ་མཉམ་དང་གུ་ཡངས་ཀྱི་གོ་སྐབས་ཉག་ཙམ་སྤྲད་མ་སོང་།

སྤྱང་ཀི་ལ་བཀུར་བསྟི་བྱེད་མཁན། ནགས་ཚལ་འདིའི་ཁྲོད་མང་པོ་མེད།
ཆོམ་རྐུན་དང་གཡོ་སྒྱུའི་ཐ་སྙད་གང་མང་ཞིག་བཏགས་ཀྱང་། ཡུལ་ལྗོངས་འདིར། དགོས་མཁོ་མེད་པའི་མགྲོན་པོ་དག འཛེམ་དོགས་མེད་པར་འཚར་ལོངས་འབྱུང་བཞིན་པ་སུས་རྟོགས།

འདི་ནས་སྟོན་པའི་མགྲོན་པོ་ནི་ཡུལ་མི་ཚོ་དང་སྤྱང་ཀིའི་ཕ་རོལ་ན་ཁ་གཏད་དུ་ཡོད་པའི་མི་སྐོར་ཞིག་ཡིན་ཏེ། ཁོ་ཚོ་ནི་སྙིགས་དུས་སུ་བྱུང་བའི་མིའི་སེམས་ཁམས་ཀྱི་ཉེས་ལྟུང་དང་ཕྱིའི་འཁོར་་ཡུག་གི་བཏང་སྙོམས་ཤོར་བའི་གནས་བབས་ཡིན་སྲིད། དེ་དག་ཐོན་པ་ནས་ལྷིང་འཇགས་ཀྱི་ཡུལ་གྲུ་ཟང་ཟིང་བོར་བཟོས་སོང་། འཇིག་རྟེན་གྱི་ཆོས་ཉིད་དང་ཁ་ཁར་སོང་བའི་བྱ་བྱེད་ཀྱིས་ཉམ་ཉེན་གྱི་བརྡ་འབའ་ཞིག་སྟོན་གྱི་ཡོད། སྙན་ངག་པས་བརྡ་དེ་ཚོར་གྱིན་དེའི་རྒྱབ་ན་འཇབ་འོང་བའི་འགལ་བ་དེ་མཐོང་ལ། མགྲོན་པོ་ནི་ངེས་པ་དོན་གྱི་མིའི་རིན་ཐང་གི་ཆོམ་རྐུན་དང་གཡོ་སྒྱུའི་ཐབས་ལ་བརྟེན་མཁན་ཡིན་པ་རྟོགས། ཁོ་ཚོ་ཡུལ་ལྗོངས་འདི་ནས་སྲིན་འབུ་བཞིན་སེམས་ཅན་གཞན་གྱི་ཤ་དང་ཁྲག་ལ་བརྟེན་ནས་འཚར་ལོངས་འབྱུང་གི་ཡོད། གཞུང་རྒྱུད་དྲང་བའི་ཡུལ་མིས་མགྲོན་པོ་འཛུམ་གྱིས་བསུས་ཤིང་རང་མིར་བརྩིས་ཀྱང་། རང་གི་ཁེ་ཕན་དང་སྒེར་སེམས་ཀྱི་འདོད་པ་ཁོ་ནར་གཞོལ་བའི་མགྲོན་པོ་རྣམས་འཛེམ་དོགས་མེད་པར་གནས་འདིའི་བདག་པོ་བཞིན་དུ་སྡོད། བླངས་དོར་ལ་མགོ་བོ་འཐོམས་པའི་ཡུལ་མི་ཚོས་རང་རིགས་ལ་དུང་ཞིང་ཞེན་པ་བློ་དཀར་བའི་མི་རྣམས་ཕྱིར་སྤྱུགས་མོད། སྐབས་འདིར་སྙན་ངག་པའི་སེམས་ཁོང་དུ་སྤྱང་ཀི་དང་ཁོའི་རིགས་རྣམས་རྟོགས་སད་ཐོབ་པའི་སྐྱེས་མཆོག་གི་ཁྲི་མཐོན་པོར་བཀོད་ཡོད། སྤྱང་ཀི་མེད་ཚེ། མཚན་མོ་མེད། རི་ཚོགས་དག་གི་རྔམ་ཟིལ་མེད་ལ ཡུལ་མི་ཚོ་དང་མེ་ཕུང་གི་དྭངས་གཙང་མེད།

མཚན་མོ་ནི་སེམས་ཅན་ཚོའི་ལྷིང་འཇགས་ཀྱི་ཁྱིམ་གཞིས་ཡིན་ལ། སྤྱང་ཀི་ནི་དེ་སྲུང་མཁན་གྱི་"གཞི་བདག་"གམ་"སྲུང་མ་"ལྟ་བུ་ཡིན། རི་ཚོགས་ནི་ལྷ་རྣམས་གནས་པའི་རྟེན་དང་ཡུལ་གྱི་མཐའ་འཁོར་སྲུང་བའི་ལྕགས་ར། རང་གི་དད་མོའི་བྱེད་ཡུལ་གྱི་ཟིལ་ཤུགས་མཚོན་པའི་ཚབ་རྟགས་ཡིན། སྙན་ངག་འདིའི་ནང་དུ་སྤྱང་ཀི་རང་བྱུང་གི་རི་དྭགས་ཤིག་ནས་རིམ་གྱིས་མིའི་རིག་གནས་དང་འབྲེལ་བའི་ཐོ་ཐུན་(图腾)ཞིག་དུ་གྲུབ་རུང་ལ། དེ་ལས་ཀྱང་རིག་གནས་ཀྱི་བརྡ་རྟགས་ཤིག་དུ་གྱུར་འོས། གལ་སྲིད་དེ་ལྟར་མིན་ན། ཡུལ་མི་རྣམས་ཟིང་ཟིང་གི་བསམ་སྦྱོར་དང་བྲལ་ཏེ། མཚན་མོའི་དུས་ལ་བདེ་བ་ཚིམ་པོས་ངང་གནས་ཐུབ་བམ།

ཕྱིའི་སྣང་ངོ་ཅོག་ལ་དཀར་ནག་གཉིས་ལས་མེད་དེ། རྒྱུ་གཉིས་ལས་གྲུབ་པའི་འཇིག་རྟེན་ན་ཡུལ་མི་དང་མེ་ཕུང་ཤིན་དུ་དྭངས་གཙང་གི་རྣམ་པས་གནས་ཡོད། འདི་ནི་ལྷ་སྒྲུང་གི་རིགས་ལམ་ལ་བརྟེན་པའི་བསམ་བློ་གཏོང་སྟངས་ཤིག་ཡིན། སྙན་ངག་པས་འདི་ལྟར་སྦྱར་བ་ཡང་སྙན་ངག་འདིའི་སྤྱིའི་སྒྲིག་གཞི་ཚགས་དམ་པ་དང་རོལ་མྱོང་གི་མཛེས་པ་གཉིས་ལྷན་དུ་སྐྱེ་ཞིང་འཕེལ་བའི་ནུས་པ་ལ་དམིགས་པ་ཡིན་རེད།

སྤྱང་ཀི་ནི། ཡུལ་ལྗོངས་འདིའི་ཁ་དོག་ཉག་གཅིག་ཡིན། ང་ཚོས་སྤྱང་ཀི་ལ་དོ་ཁུར་བྱེད་དགོས་ལ། ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་པའང་རྒྱུན་འཁྱོངས་བྱེད་དགོས།

སྤྱང་ཀི་ནི་གཏོར་བཤིག་གཏོང་མཁན་དང་འཛུགས་བསྐྲུན་བྱེད་མཁན་གཉིས་ཀྱི་ངོས་ནས་མཚོན་པའི་གཟུགས་བརྙན་ཡིན། ཁོའི་གཏོར་བཤིག་བྱ་ཡུལ་ནི་ད་ལྟ་བའམ་ད་ལྟའི་དུས་འདིར་བྱུང་བའི་མིའི་རིགས་ཀྱི་འཕེལ་རྒྱས་ལ་བཀག་སྡོམ་བྱེད་ཅིང་། གནས་ལུགས་དང་འགལ་བར་གྱུར་བའི་སྣང་ལུགས་སྣ་ཚོགས་ཡིན། ཁོའི་འཛུགས་སྐྲུན་གྱི་དམིགས་བྱ་ནི་མི་སོ་སོ་བ་རང་རང་ཐུན་མིན་གྱི་ རྟོགས་པ་དང་ལྟ་བས་འཚོ་ཞིང་གནས་ཐུབ་པ་དེ་ཡིན། སྤྱང་ཀིས་མཚོན་པའི་མིའི་རིགས་ཀྱི་གསར་གཏོད་རང་བཞིན་ནི་བླང་དོར་གྱི་བློ་གྲོས་དང་ཞུམ་པ་མེད་པའི་སྙིང་སྟོབས་ཡིན། དེའི་ཕྱིར་སྤྱང་ཀི་ནི་མྱ་ངན་ཐང་དེར་རྒྱུ་བའི་ཁ་དོག་གཅིག་པོ་ཡིན་པ་རེད།

ལྔ་བ། མཇུག་བསྡུ་བའི་གཏམ།

སྙན་ངག་གི་སྒྲིག་གཞི་འདི་ལྟར་གྲུབ་པ་རེད། གོ་རིམ་དང་པོ། སྤྱང་ཀིའི་རང་བཞིན་གླེང་། (མིའམ་སྙན་ངག་པའི་ནང་སེམས་ཀྱི་རིག་གནས་དང་རང་བྱུང་གི་འགལ་འདུ་སྟོན)

གོ་རིམ་གཉིས་པ། སྤྱང་ཀི་དང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་གཤིབ་བསྡུར། (མི་དང་སྤྱང་ཀིའི་འགལ་བའི་ཆ་གླེང་ནས་མཐུན་པའི་ཆ་བསྟན་ཡོད)

གོ་རིམ་གསུམ་པ། སྤྱང་ཀིའི་གཟུགས་འཛིན་པའི་རྟོགས་སད་པ་ཞིག་གི་སྣང་བརྙན་བཟོས་ཡོད། (མི་ནི་རང་གཤིས་དངོས་དང་བྲལ་ཏེ་ཚུལ་འཆོས་ཀྱིས་འཚོ་བ་སྟོན)

འདི་ལྟར་ཕུལ་བྱུང་གི་སྙན་ངག་འདི་མཇུག་སྒྲིལ་ལ་ཉེ་དུས། སྙན་ངག་པས་ཡང་སྙིང་མི་རྣམས་ལ་གཞེན་སྐུལ་གྱི་གཏམ་འདི་འདྲ་སྤེལ་བ་ཡིན། སྤྱང་ཀི་ལ་སློབ་སྦྱོང་བྱེད་ན། མཚན་མོ་ལ་བསམ་བློ་གཏོང་དགོས།

2006-10-19ལན་གྲུ།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།