ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > དཔྱད་རྩོམ།

གཏེར་ལམ་ནས་ཐོན་པའི་བཙན་པོའི་སྐབས་ཀྱི་སོག་རུས་ཡིག་རྙིང་ལ་དཔྱད་པ།

སྤེལ་དུས། 2020-02-16 15:09:45  རྩོམ་ཁུངས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ  རྩོམ་པ་པོ། ཨ་ལྡོང་དཔལ་རྡོ་ཐར།  ཀློག་གྲངས།

[ ནང་དོན་གནད་བཤུས ] སོག་རུས་ཡིག་རྙིང་འདི་ནི་གཏེར་ལམ་རྫོང་ཆུ་ཁོལ་ལུང་བའི་བང་སོM23པ་ནས་ཐོན་ཡོད། འདིའི་སྟེང་གི་གནའ་ཡིག་གི་འབྲི་སྟངས་དང་ཡིག་གཟུགས། ད་དུང་དབུ་ཁྱུད་དང་ཚེག་ཤད་ལ་སོགས་པའི་ཁྱད་ཆོས་ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་སྐབས་ཀྱི་ཡིག་ཚགས་དང་ཆ་འདྲ་བར་འདུག ཡིག་རྙིང་འདིའི་མདུན་ངོས་སུ་རྟའི་སྐྱིན་ཚབ་འཇལ་བའི་གན་རྒྱའི་ནང་དོན་གསལ་བོར་བཀོད་ཡོད་ལ།བོད་ཀྱི་གནའ་བོའི་ཡིག་ཚང་དང་ཁུངས་ཐུག་སའང་མི་ཉུང་བ་མཆིས། དེས་བོད་བཙན་པོའི་སྐབས་ཀྱི་མདོ་སྨད་དམ་གཏེར་ལམ་ས་ཆའི་ཆབ་སྲིད་དང་སྤྱི་ཚོགས་དཔལ་འབྱོར་རིག་གནས་བཅས་རྒྱུས་ལོན་བྱེད་པར་རིན་ཐང་ཆེན་པོ་འདུག །

[ ཐ་སྙད་གཙོ་བོ ] གཏེར་ལམ་བང་སོ། བཙན་པོའི་རྒྱལ་རབས། ཡིག་རྙིང་། སོག་རུས། ལོ་རྒྱུས།
 

  2014ལོའི་ཟླ4པ་ནས་ཟླ9པའི་བར། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་ཧྲའན་ཞི་ཞིང་ཆེན་གནས་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གཉིས་ཀྱིས་མཉམ་གཅིག་ཏུ་གཏེར་ལམ་རྫོང་ཆུ་ཁོལ་ལུང་བའི་བ་ཡན་ཆུ་མཛོད་མངའ་ཁོངས་ཀྱི་བང་སོ25དང་རྟ་དུར་ཁང5ལ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས། བང་སོ་དེ་དག་ལ་རྐུས་སྔོག་གི་གནོད་པ་ཚབས་ཆེན་ཐེབས་ཡོད་ཀྱང་ས་འོག་ནས་ཐོན་པའི་རིག་དངོས་ནི་སྔར་བཞིན་མོད་པོ་མཆིས། དེ་ལས་ཐོན་པའི་རིག་དངོས་དག་གིས་བོད་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་དང་ལྷག་པར་དུ་སྐབས་དེའི་གཏེར་ལམ་ས་ཁུལ་ཁོངས་སུ་གཏོགས་པའི་མདོ་སྨད་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ཀྱི་ཞིབ་འཇུག་ཐད་ལ་དངོས་ཡོད་ཀྱི་རྒྱུ་ཆ་གལ་ཆེན་ཞིག་མཁོ་སྤྲོད་བྱས་ཡོད་སྙམ། །

  མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་ཧྲའན་ཞི་ཞིང་ཆེན་གནས་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གཉིས་ཀྱིས་བཏོན་པའི་སྔོག་འདོན་སྙན་སྒྲོན་ལྟར་ན། ཐེངས་དེར་སྔོག་འདོན་བྱས་པའི་བང་སོའི་ཁྲོད།བང་སོM23གྱི་ཚད་གཞི་ཆེས་མཐོ་བར་སྣང་སྟེ། དེའི་སྒྲིག་གཞི་ཧྲིལ་བོ་ནི་རྡོ་ར་གོར་མོ་དང་དུར་ཁུང་།རྨང་བཅགས་ས་སྟེགས།གདུང་ཁང་བཅས་ཆ་ཤས་བཞི་ཡིས་གྲུབ་ཡོད། རྡོ་ར་གོར་མོ་དེ་ས་ངོས་སུ་བུད་ཡོད་ལ། ཕྱི་ནང་རིམ་པ་གཉིས་སུ་ཆུ་རྡོ་རིལ་མོར་བསྒྲིགས་ཡོད་ཅིང་། ཚངས་ཐིག་ལ་རྨིད8.05—9.49ཡོད། དུར་ཁུང་དེའི་ངོས་མཉམ་དབྱིབས་གོར་མོ་ཡིན་ཞིང་གཤགས་ངོས་དེ་སྐས་དབྱིབས་སུ་མངོན་ལ་སྟོད་ཀྱི་ཆའི་ཚངས་ཐིག་ལ་རྨིད7.08དང་ཞབས་ཀྱི་ཚངས་ཐིག་ལ་རྨིད4.08། ཟབ་ཚད་ལ་རྨིད7.67ཡོད། བང་སོའི་དུར་ཁུང་ལྡེབས་ངོས་ཀྱི་སྟོད་ཀྱི་ཆ་དེ་ས་ངོས་དང་བར་ཐག་རྨིད0.67གྱི་མཚམས་སུ་ཡོད་ལ། ལྷོ་བྱང་ཕྱོགས་གཉིས་སོ་སོར་ཤུག་སྡོང་གཉིས་གྱང་ལྡེབས་ལས་ནང་དུ་བསྲིངས་འདུག ལྷོ་ཕྱོགས་ཀྱི་ཤུག་སྡོང་རྐང་གཅིག་བརྐུ་སྔོག་མཁན་གྱིས་བླངས་ཟིན། གདུང་ཁང་དེ་བང་སོའི་ཆེས་དམའ་སའི་དཀྱིལ་དབུས་སུ་ཡོད་ལ། ངོས་མཉམ་གྱི་ཆ་ནི་གྲུ་བཞི་མ་སྟེ་ཤར་ནུབ་ཀྱི་རིང་ཚད་ལ་རྨིད3.42 དང་ལྷོ་བྱང་གི་ཞེང་ཚད་ལ་རྨིད3.33། མཐོ་ཚད་ལ་རྨིད3.25། རྩེ་མོ་ནས་ས་ངོས་ཀྱི་བར་ལ་རྨིད4.75ཡོད། ལྡེབས་ངོས་བཞི་དང་བང་སོའི་མཐིལ་ལ་ཆ་སྙོམས་སུ་ལས་སྣོན་བྱས་པའི་ཤུག་སྡོང་གྲུ་བཞི་ནར་མོ་ཅན་བཏིངས་ཡོད། ཤུག་སྡོང་གི་རིང་ཚད་ལ་རྨིད3.4དང་དེའི་བཅད་ངོས་ཀྱི་མཐའི་རིང་ཚད་ནི་རྨིད0.2ཅན་གྱི་གྲུ་བཞི་མ་ཅན་ཡིན། གདུང་ཁང་གི་སྟོད་ཀྱི་ཆ་དེ་ནང་ལ་ཅུང་ཙམ་བཀུག་འདུག ཤར་ལྡེབས་ཀྱི་ཁ་ཕྱོགས་ནི0°ཡིན། ཤུལ་ལུས་དེ་དག་ལས་ཤུག་སྡོང་རྐང་གཉིས་མ་ཉམས་སོར་ཆུད་དུ་ཡོད་པ་ལས། གཞན་ཚང་མར་གནོད་སྐྱོན་ཐེབས་ནས་ཆག་འདུག གདུང་ཁང་གི་ལྡེབས་བཞིར་བརྐུ་སྔོག་ཁུང་བུ་ཡོད། གདུང་ཁང་དང་རྨང་བཅགས་ས་སྟེགས་ཀྱི་ལྡེབས་རིས་བར་དུ་རྡོ་ལེབ་བཏིངས་འདུག་ལ།མཐོ་ཚད་ནི་གདུང་ཁང་དང་མཉམ་པས་དེར་སྲུང་སྐྱོབ་བྱས་ཡོད།རྡོ་ལེབ་ཀྱི་སྟེང་ངོས་རྨང་བཅགས་ས་སྟེགས་སུ་གྲུབ་ཡོད་ལ། ས་ངོས་ནས་རྨིད3.3—3.42དང0.67—1.75།མཐོ་ཚད་ལ་རྨིད1.4ཡོད། རྨང་བཅགས་ས་སྟེགས་སྟེང་ཧྲིལ་བོར་ཤུག་སྡོང་གི་ཡལ་འདབ་སོགས་ཆ་སྙོམས་སྒོས་བཏིངས་ཤིང་དེའི་སྟེང་དུ་རྡོ་ཧྲལ་བཏིངས་ཡོད། བང་སོའི་ནང་གི་དུར་འཇུག་ཡོ་བྱད་དང་བང་སོའི་བདག་པོའི་ཀེང་རུས་མ་མཐོང་པས། དུར་འཇུག་བྱེད་སྟངས་་དང་དུར་འཇུག་ཡོ་བྱད་ལ་སོགས་པའི་བྱེ་བྲག་གནས་ཚུལ་གསལ་པོར་རྟོགས་དཀའ། བང་སོ་དེ་ལའང་བརྐུ་སྔོག་ཚབས་ཆེ་ཐེབས་ཡོད་མོད། དགའ་འོས་པ་ནི་ཤུལ་ལུས་དངོས་པོ་མོད་ཕྱིར།ཁྱོན་བསྡོམས་དངོས་པོ564 རྙེད་ཡོད། དེའི་ཁོངས་སུ་རྫ་ཆག་ལེབ་མོ475དང་ཐལ་མདོག་རྫ་མ1། རྫ་རྒྱུ་ཇ་ཕོར1། རྫ་རྒྱུ་འཕང་ལོ15། རྫ་རྒྱུ་ལྒང་བཞུ14། རྫ་རྒྱུ་དཀར་ཡོལ2། རྫ་ཆས་ལེབ་སྒོར10། ཤིང་གི་སྐྲ་འཛེར1། ཤིང་ཆས་ལྷག་རོ1། ཡིག་རྙིང་ཁྲམ་ཤིང3། རུས་བཟོས་གྲི་ཆུང1།མོ་རུས15། ཁུང་བུ་བརྟོལ་བའི་རུས་པ4། རུས་ལེབ1 རུས་བརྐོས1 རྭ་ཅོའི་ཡོ་བྱད2། རྡོ་ཆས་གྲུ་བཞི་ནར་མོ2། ཚོས་དམར་རྡོ་ལེབ4། ཀོ་བའི་ལྷག་རོ10། བསེ་ཀོ1བཅས་ཡོད་ལ། དེའི་ཁྲོད་འགོ་རྔ་ཁ་ཚང་ཞིང་མདུན་རྒྱབ་སྒང་གསུམ་ཏུ་བོད་ཀྱི་གནའ་ཡིག་བྲིས་ཡོད་པའི་སོག་རུས་དེ་ནི་མོ་རུས15ནང་གི་ཨང་12པ་དེ་ཡིན་ནོ། །

  དེ་ཡང་སྲོག་ཆགས་ནོར་ལུག་དང་ཤྭ་བའི་སོག་རུས་ནི་གནའ་རབས་བོད་ཀྱི་ཡི་གེ་དགོད་པའི་རྒྱུ་ཆ་དང་ཡོ་བྱད་གལ་ཆེ་ཞིག་ཡིན་ལ། སོག་རུས་སྤྱད་དེ་ཡིག་ཆ་རྒྱུད་བསྒྲགས་བྱས་པ་དང་སོག་རུས་སུ་མོ་ངོའི་ཕབ་པའི་ལུགས་སྲོལ་གནའ་སྔ་མོ་ནས་ཆགས་ཡོད། བོད་བཙན་པོའི་དུས་རབས་སྐབས་སུ་སོག་མོ་འདེབས་པའི་ཡི་གེའི་གཞུང་ལུགས་ཆ་ཚང་གྲུབ་ཡོད་དེ།ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གཏེར་ཡིག་ཨངPT1047དང་ཨངITJ763འདི་གཉིས་ལས་གསལ་བོ་ཤེས་ཐུབ། དེ་དག་ལ་རྗེས་སུ་དཔྱད་ཚེ། དེ་ནི་བོད་བཙན་པོའི་རྒྱལ་གཞུང་ནས་གཏན་ལ་ཕབ་པའི་བཀའ་ཡིག་ཅིག་ཡིན་པ་གོར་མ་ཆག འདི་དང་འདྲ་བའི་སོག་རུས་ཡིག་རྙིང་ད་དུང་ཞིན་ཅང་ཡི་གུར་རང་སྐྱོང་ཁུལ་ནོབ་ཆུང་རྫོང ( 若 羌 县 ) དང་མཚོ་སྔོན་ཞིང་ཆེན་གཏེར་ལམ་རྫོང་མཁར་ཤུལ་ཐང ( 都兰县科肖图 ) དུའང་ཐོན་ཡོད། ནོབ་ཆུང་རྫོང་ནས་ཐོན་པའི་སོག་རུས་དེ་ནི་བཙན་པོའི་སྐབས་ཀྱི་སོ་མཁར་ཞིག་ཏུ་བུད་ལ། དེའི་ཐོག་གི་བོད་ཡིག་ནི་སོག་མོ་བཏབ་པའི་མོ་ངོ་ཞིག་ཏུ་སྣང་། སོག་རུས་དེ་ད་སྔ་ཞིན་ཅང་ཡུ་གུར་རང་སྐྱོང་ཁུལ་གནའ་རྫས་བརྟག་དཔྱད་ཁང་དུ་ཉར་ཡོད། བུའུ་ལམ་རྫོང་ནས་ཐོན་པའི་སོག་རུས་དེ་སུའུ་ཝེ་ཏན་རྒྱལ་ཁབ་ཀྱི་བོད་རིག་པའི་མཁས་པ་འ་མུའུ་ཧའེ་ལིས་བརྩམས་པའི《མཚོ་སྔོན་གཏེར་ལམ་ས་ཁུལ་གྱི་བོད་བཙན་པོའི་སྐབས་ཀྱི་བང་སོ》 (霍川译,《青海民族学院学报》2003 年第三期) ཞེས་པའི་དཔྱད་རྩོམ་ལས་རི་མོ་དང་བཅས་བཀོད་ཡོད་ལ། དེའི་ཐོག་གི་བོད་ཡིག་ནི་ཧ་ཅང་འགྲེལ་དཀའ་བའི་སྔགས་ཡིག་ཅིག་རེད་ཅེས་བརྗོད་འདུག །

  དང་པོ། སོག་རུས་ཡིག་རྙིང་གི་རྣམ་པ་དང་ཁྱད་ཆོས།

  གཏེར་ལམ་རྫོང་ཆུ་ཁོལ་ལུང་བའི་བང་སོM23ནས་ཐོན་པའི་སོག་རུས་འདིའི་རིང་ལ་ལི་རྨིད15.6དང་ཞེང་ལ་ལི་རྨིད3.3ནས10.3བར་ཡོད་ལ། ཐོག་ཏུ་བསྲེགས་ཁུང་ལྔ་ཡོད། གཞན་དང་མི་མཚུངས་པ་ཞིག་འདུག་པ་ནི་སོག་རུས་དེའི་མདུན་རྒྱབ་ངོས་གཉིས་དང་སོག་སྒང་ལོགས་གཉིས་ཁ་ཚང་ལ་ཡི་གེ་བཀོད་ཡོད་པ་དང་། ངོས་སུ་མོ་བཏབས་པའི་མེས་བསྲེགས་ཁུང་བུ་དང་ཤུལ་འགའ་འདུག་པ་ལས་ཆག་གྲུམ་དུ་སོང་མེད་པར་ཕལ་ཆེར་ཧྲིལ་བོར་སྣང་། སོག་རུས་མདུན་ངོས( སོག་སྒང་ཡོད་སའི་ངོས ) ཀྱི་བོད་ཡིག་གི་ནང་དོན་ནི་མོ་ཡིག་གཏན་ནས་མ་ཡིན་པར་གན་རྒྱའི་ཡིག་ཆ་ཞིག་ཡིན་པར་འདུག སོག་རུས་རྒྱབ་ངོས་ཀྱི་ཡིག་འབྲུ་ཁ་ཁེར་གྱི་ནང་དོན་དང་མོ་བཏབ་ཤུལ་གྱི་སྲེག་ཁུང་མཆིས་པར་གཞིགས་ན། དེ་ནི་མོ་ངོའི་སྨོན་ཚིག་ཅིག་ཡིན་པར་སྙམ་པས། ཕྲན་གྱིས་ངོས་གཉིས་ཀྱི་ཡིག་ངོ་ལ་བརྟག་དཔྱད་ཙམ་བྱས་ཏེ་མིང་ལ《ཤྭ་ཁྲ་སྣས་ངོམ་ལྷ་སྐྱེས་ལ་སྐྱིན་འཇལ་བའི་གན་རྒྱ》དང《ཏོང་བུའི་མོ་ངོའི་སྨོན་ཚིག》ཅེས་བཏགས་པ་ཡིན། སོག་རུས་དེའི་མདུན་ངོས་ཀྱི་ཡི་གེ་ཕལ་ཆེར་གསལ་བོ་ཡིན་པས་ཡིག་ངོ་ཡང་ཚེགས་མེད་པར་ཆོད་སླ་བར་འདུག རྒྱབ་ངོས་ཀྱི་ཡི་གེ་དེ་ཟད་དྲགས་པས་ཡིག་འབྲུ་མང་ཆེ་ཤོས་ངོ་ཆོད་དཀའ་བར་གྱུར་ཡོད། དབུ་ཁྱུད་དང་ཚེག་ཤད་བཅས་ཀྱི་འབྲི་སྟངས་ལ་གཞིགས་ན《ཤྭ་ཁྲ་སྣས་ངོམ་ལྷ་སྐྱེས་ལ་སྐྱིན་འཇལ་བའི་གན་རྒྱ》དེ་ནི་མདུན་ངོས་ཀྱི་སོག་གཡབ་ཀྱི་གཡོན་ཕྱོགས་སུ་བསྟར་ནས་བྲིས་ཡོད། སྡོམ་པས་ཚིག་ཕྲེང་བཅུ་བདུན་ཡོད་ལ་མགོ་མཇུག་གསལ་བའི་ཡིག་ཆ་ཁ་ཚང་ཅན་ཞིག་ཏུ་སྣང་། སོག་རུས་རྒྱབ་ལོགས་ཀྱི་ཡི་གེ《ཏོང་བུའི་མོ་ངོའི་སྨོན་ཚིག》དེ་རྒྱབ་ངོས་ཀྱི་སོག་མགོའི་གཡོན་ཕྱོགས་སུ་བསྟར་ནས་བྲིས་ཡོད་ལ། དེའི་སྟེང་གི་ཡི་གེ་ཅུང་མི་གསལ་བར་སྣང་སྟེ་ཁ་ཚང་དུ་ངོས་ཟིན་པ་ཁག་པོ་ཡིན། སོག་རུས་དེའི་གཡས་གཡོན་གྱི་ཟུར་གཉིས་དང་སོག་ཡོ་ཟད་དྲགས་པས་ལོ་མང་པོར་སྤྱད་མྱོང་བའི་ཤུལ་སྣང་ཞིང་། སྣག་ཚྭའི་ཡིག་འབྲུ་ལ་བལྟས་ན་སྔོན་གྱི་ཡི་གེ་ཟད་སོང་བས་རྗེས་སུ་གསབ་འབྲི་བྱས་པའི་རྟགས་ཀྱང་འདུག སྟེང་གི་ཡི་གེའི་འབྲི་སྟངས་ནི་དབུ་ཅན་དང་དབུ་མེད་ཀྱི་ཚུགས་འདྲེས་མ་ཅན་ཞིག་སྟེ། གནས་དེའི་བང་སོ་ཨང༤བ་དང་ཨང༡༠། ཤེའུ་བང་སོ་དང་པོ་བཅས་ནས་ཐོན་པའི་ཤིང་ཁྲམ་ཡི་གེ་དང་རྡོ་རྐོས་ཡི་གེ་སོགས་ཀྱི་འབྲི་སྟངས་དང་རྣམ་པ་གཅིག་ཏུ་སྣང་ཞིང་། ཏུན་ཧོང་གཏེར་ཡིག་དང་གཉིས་སུ་མ་མཆིས། མདུན་ངོས་ཀྱི་ཚིག་དོན་ཕལ་ཆེར་ཀློག་ཐུབ་པ་དང་། གོ་དོན་རྣམས་ཀྱང་ཕལ་ཆེར་ངོས་འཛིན་ཐུབ། རྒྱབ་ངོས་ཀྱི་ཚིག་སྦྱོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་ཚིག་འབྲུ་མང་ཆེ་ཤོས་མི་གསལ་བའི་ཁར། ཐད་ཀར་ཀློག་མི་ཐུབ་པ་དང་ཚིག་དོན་རྟོགས་དཀའ་བར་འདུག བདག་གིས་མཚོ་སྔོན་ཞིང་ཆེན་གནའ་རྫས་བརྟག་དཔྱད་ཁང་གི་རེ་བཅོལ་དང་དུ་བླངས་ཏེ་གནའ་རྫས་དངོས་ལ་ཡང་ཡང་བརྟག་དཔྱད་བྱས་པའི་འབྲས་བུ་ཕྲན་ཚེགས་དང་རང་གི་བློ་རིག་ཉག་ཕྲ་བར་བརྟེན་ནས་འདྲ་བཤུས་ངོས་འཛིན་དང་འགྲེལ་ཁུལ་ཙམ་བྱས་ཡོད་པ་དེར་མ་ངེས་པའི་དོགས་པའང་མི་ཉུང་བ་ཡོད་སྲིད།གཙོ་བོ་གསར་དུ་རྙེད་པའི་རྒྱུ་ཆ་ཞིག་ངོ་སྤྲོད་ཀྱི་ཚུལ་དུ་བཏོན་པ་ཡིན་པས། ནོར་འཛོལ་ཡོད་པ་ལ་ཆེད་མཁས་རྣམས་ཀྱིས་ཁ་གསབ་ཏུ་ཞིབ་འཇུག་བྱེད་རྒྱུ་མཁྱེན། །

  གཉིས་པ། ཡིག་རྙིང་འདྲ་བཤུས་དང་དེའི་མཆན་འགྲེལ།

  གཅིག མདུན་ངོས་རུས་ཡིག་གི་མ་ཕྱི།

  1.༇ཕྱི་བའི་(ལོའི)དཕྱྀད་སླ་ར་བ་ཚེས་གསུཾ་གྱིས་ག(དུགས་ལ)།

  2.ཤྭ་ཁྲ་སྣ་གྱིས་རྟ་ཅིག་ངོམ་ལྷ་སྐྱེས་གྱི་མ×

  3.ཇལ་ཏེ་རྟའི་སྤུར་རྟགས་དང་མདོ་རུས

  4. ×ཁྲ་བོ་ལ་རྐང་པ་གཡས་ལྔག་སྐ་མན

  5.ར་དཀར་པ་ལྔག་གཡས་ལ་ཚལ་ཟའི་ཞྭ་ཅན×

  6. ×ིས་ཀཅིག་ཏེ་རིན་དམར་སྲང་བཅུ་ལོ་འདི་

  7.དཕྱིད་ཟླ་འབྲིང་བོ་ཉ་ལ་ཁྲ་སྣ་གྱིས་སྒོར

  8.འབུལ་བ་གཅིག་ས་དུས་དེར་མ་ཕུལ་བ

  9.ལ་གཉིས་བསྒྱུར་རྒྱ་འདི་རིང་ལུགས་བགྱི་སེ××

  10.ཁོ་ན་འཕར་ཕྱིུ་གིས་གས× དང་×དོན་ལས

  11.དྲོགས་གྱི་ས་ཡུལ་མྱི་ལས་ཇ་ག་མྱིས××

  12.དཕང་ལ་ཅོག་རོ་སྤ་བརྩན་རས×

  13.དང་ཁུ་ནམ་གཟིགས་དང་འ×མ(ངོམ)

  14. ×( ལྷ)་སྐྱེས་དང་ཤྭ་ཁྲ(སྣ)་གཆིག×

  15.ལ་སོ་སྤའི་དཕང་རྒྱས་པ

  16.ཁོ་ནའི་སུག་རྒྱས་བཏབ་

  17.པ

  གཉིས། མདུན་ངོས་རུས་ཡིག་འགྲེལ་བ།

  བྱི་བའི་ལོའི་དཔྱིད་ཟླ་དང་པོའི་ཚེས་པ་གསུམ་གྱི་ཉིན་ལ། ཤྭ་ཁྲ་སྣ་གྱིས་རྟ་ཅིག་ངོམ་ལྷ་སྐྱེས་ལ་འཇལ་ཏེ། རྟ་དེའི་སྤུ་ཁའི་རྟགས་དང་མདོ་རུས་ཁྲ་བོ་ཅན་དང་། རྐང་པ་གཡས་པའི་སུག་པ་མདོག་དཀར་པོ་དང་ལག་གཡས་པ་མཚེར་སའི་རྩྭ་མདོག་ཅན་ཞིག་ཡིན་ཏེ། འཇལ་རིན་ནི་དམར་སྲང་བཅུ་ཡིན། ལོ་འདིའི་དཔྱིད་ཟླ་འབྲིང་བའི་ཚེས་བཅོ་ལྔ་ལ་ཁྲ་སྣ་ལ་རིན་སྤྲོད་དགོས་མོད། ས་དང་དུས་ཀྱི་བཅད་མཚམས་ལྟར་མ་སྤྲད་པས་ཆད་པ་དང་བཅས་རིན་ནི་ལྡབ་གཉིས་སུ་བསྒྱུར་འདུག གན་རྒྱ་འདི་རང་སྡེའི་མགོ་དཔོན་གྱིས་དངོས་སུ་དོ་ཁུར་བྱེད་པ་དང་། དོན་གྱི་ལས་རོགས་ཀྱིས་དེའི་ཡུལ་མི་རྣམས་ཀྱི་དཔང་བོ་ཅོག་རོ་སྤ་བརྩན་རས་དང་ཁུ་ནམ་གཟིགས་དང་ངོམ་ལྷ་སྐྱེས་དང་ཤྭ་ཁྲུ་གཆིག×ལ་སོགས་པའི་དཔང་འདུག་པས་དངོས་སུ་མཛུབ་ཐེལ་བརྒྱབ། །

  གསུམ། རྒྱབ་ངོས་རུས་ཡིག་གི་མ་ཕྱི།

  1.༇ཁ་བོ་ཀར་སང་ཡང་ཐང་ཀར་ལྗོངས་གྱི་××

  2.×་གིས་ནྀ་གཅིག་སྨར་ན་ཡང་མེ་ཏོག་ལླ×

  3.རེའུ་ལུག་ནི་ཆོངས་གྱི་ས་གཅྀགིས་ནི་ག××

  4. ×སྡུར་ན་ཏོང་བུ་ནྀ་ན་གུ་ཡང་ཐུགས××

  5.རྡུལ་གོ དཀར་གཅིག་སྨར་ན ×

  6. ×ངས་སྤྱིང་དག་རུ་ཡང་སྙར་གྱི ××

  7. ×ཆོམ་གཅག་ཀཅིག་ ××

  8. ××ཀཅིག་པ་པིར་ན་འགྱ×

  9. ××ཞི་ནི་སམ་སོན་ན་སཾ××

  10. ×འགོ་རེ་རྡུལ××

  11. ×སཾ་གྱིས་ནི་འགྱུ ×

  12. ×སྙར་ན་འགྱུར×

  13.×ནི་ས××

  14.××་ཤྲའི་×

  15.སྤྱན་

  གསལ་བཤད། རྒྱབ་ངོས་རུས་ཡིག་ལ་ཧྲུལ་སྐྱོན་ཆད་སྟོང་ཐལ་ཆེ་བས། རེ་ཞིག་གྱ་ཚོམས་སུ་འགྲེལ་བ་བསྐྱོན་དུ་མ་བཏུབ་བོ།

  གསུམ་པ། སོག་རུས་ཡིག་རྙིང་གི་ལོ་རྒྱུས་དབྱེ་ཞིབ།

  སོག་རུས་དེའི་མདུན་ངོས་ཀྱི་རུས་ཡིག་ཏུ། “ཕྱི་བའི་×་དཕྱྀད་སླ་ར་བ” ༼སྤུར་རྟགས”། “མདོ་རུས”། “དམར་སྲང”།“རིང་ལུགས”། “དཕང་རྒྱས་པ”།“སུག་རྒྱས་བཏབ་པ”ལ་སོགས་པའི་མིང་བརྡ་དག་ནི་ཏུན་ཧོང་ནས་ཐོན་པའི་གཏེར་ཡིག་ཨང P.T1297པ《རྟ་ཉོ་བའི་གན་རྒྱ》ཞེས་པའི་ནང་དུ་ཇི་མ་ཇི་བཞིན་དུ་བཀོད་འདུག་ལ། ཡི་གེའི་འབྲི་སྟངས་དང་ཡིག་གཟུགས། ཚིག་གི་སྦྱོར་བ་སོགས་ཀྱང་དེ་དང་གཉིས་སུ་མ་མཆིས་པར་གཞུང་ཡིག་གི་རྣམ་པ་ལྡན། དེ་མིན་སོག་རུས་འདིར་སྡོམ་པས་མི་སྣ་དྲུག་གི་མིང་བྱུང་ཡོད་ལ། དེའི་ནང་མདུན་ངོས་སུ“ཤྭ་ཁྲ་སྣ”། “ངོམ་ལྷ་སྐྱེས”། “ཅོག་རོ་སྤ་བརྩན་རས”། “ཁུ་ནམ་གཟིགས” བཅས་བྱུང་ལ། རྒྱབ་ངོས་སུ“ཏོང་བུ”ཞེས་པ་འདི་བྱུང་འདུགརུས་མིང་འདི་དག་ཀྱང་ཏུན་ཧོང་གཏེར་ཡིག་ཏུ་ཇི་བཞིན་རྙེད་ཐུབ་པ་རེད།དེའི་ཕྱིར་གཏེར་ལམ་རྫོང་ནས་ཐོན་པའི་སོག་རུས་དེ་ནི་བོད་བཙན་པོའི་མངའ་ཐང་ཤིན་ཏུ་རྒྱས་ཤིང་གཞུང་ཡིག་དང་བཅའ་ཁྲིམས་ཧ་ཅང་འཐུས་ཚང་དུ་གྲུབ་ཡོད་པའི་དུས་རབས་བརྒྱད་པ་ཡས་མས་སུ་བྱུང་བར་བཞེད་ན་ལུང་རིགས་གང་ལའང་མི་འགལ་སྙམ། །

  གཅིག ཁྲ་སྣ་ཞེས་པའི་མིང་དེ་ཏུན་ཧོང་གཏེར་ཡིག་ནང་གི《དོན་ཆེན་གནད་བསྡུས》ལས་མཐོང་ཐུབ་སྟེ།“ཡོས་བུའི་ལོ་ལ་བབ་སྟེ( སྤྱི་ལོ691 )། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། དབྱར་འདུན་སྲེ་འུ་གཞུག་དུ་འདུས་པ་ལས། ལྷ་གཤེགས་ནས། ཁྲ་སྣར་འཕོསྟེ། ཕྱིང་རིལད་དང། རབས་ཆད་གྱྀ་རྩིས་བགྱྀས། དགུན་སྐྱྀ་བྲ་མ་ཏང་དུ་འདུསྟེ། ཞུགས་ལོང་དམར་པོ་རྐང་ཏོན་བགྱྀས་པར་ལོ་གཆིག” [1] ཞེས་བཀོད་ཡོད།འདིའི་ནང་ཁྲ་སྣ་ཞེས་པ་དེ་ས་མིང་ངམ་ཡང་ན་ཚོ་མིང་ཞིག་གི་ཚུལ་དུ་མངོན་ཡོད་མོད། དཔེར་ན་མགར་དང་མྱང་ལྟ་བུ་སྟེ། ས་མིང་དང་ཚོ་མིང་ནི་བོད་གནའ་བོའི་རུས་དང་མིང་ཐོགས་པའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པས།སོག་རུས་འདིའི་སྟེང་གི་ཁྲ་སྣ་ཞེས་པ་འདིའང་ཁྲ་སྣ་ཞེས་པའི་ས་མིང་ངམ་ཚོ་མིང་ལས་བྱུང་བ་ཡིན་ཤས་ཆེ།དེ་བས་ན་སོག་རུས་དེའི་སྟེང་གི་ཤྭ་ཁྲ་སྣའམ་ཁྲ་སྣ་ཞེས་པ་དེའང《དོན་ཆེན་གནད་བསྡུས》ནང་གི་ཁྲ་སྣ་ཞེས་པ་དང་འབྲེལ་བ་ཆེན་པོ་ཡོད་སྙམ། །

  གཉིས། ངོམ་ལྷ་སྐྱེས་ཞེས་པའི་མི་སྣ་དེའི་རུས་ངོམ་ཡིན་ལ།དེ་དང་རུས་གཅིག་པ་ཏུན་ཧོང་གཏེར་ཡིག་ཨངP.T1101《དཔྱ་ཆད་པའི་མིང་ཐོ》རུ། “ངོམ་ཏོ་ཏོ” [2] ཞེས་བཀོད་ཡོད་པ་དང་། ཡིག་ཆ་དེའི་ནང་ངོམ་ཏོ་ཏོ་ནི་གཞུང་ལ་དཔྱ་ཁྲལ་ཆད་པའི་མི་སྣ་ཞིག་ཏུ་སྣང་། ངོམ་ལྷ་སྐྱེས་དང་ངོམ་ཏོ་ཏོ་ནི་རུས་ཁུངས་སམ་ཚོ་ཁུངས་གཅིག་ཏུ་གཏོགས་པའང་རྗེས་སུ་དཔོག་ཐུབ་བོ།།

  གསུམ། ཅོག་རོ་སྤ་བརྩན་རས་ཞེས་པའི་མི་སྣ་དེ་གན་རྒྱ་དེའི་དཔང་བོ་དང་པོ་ཡིན་པར་མངོན་ཡོད། ང་ཚོས་ཤེས་གསལ་ལྟར་ཅོག་རོ་ནི་བོད་བཙན་པོའི་སྐབས་ཀྱི་རུས་ཆེན་པོ་ཞིག་ཡིན་ལ། བཙན་པོའི་རྒྱལ་རབས་སྐབས་སུ་སྤུ་རྒྱལ་སྲིད་གཞུང་གི་བྱ་བ་འགངས་ཆེན་དུ་མ་བཞེས་མྱོང་བའི་རུས་རྒྱུད་ཅིག་སྟེ།དཔེར་ན་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་དབང་བསྒྱུར་པའི་སྐབས་ཀྱི་ཅོག་རོ་བློན་ལྷོ་གོང་དང་ཅོག་རོ་བློན་གོང་ཀེ ཅོག་རོ་བརྟན་གོང། ཅོག་རོ་ཁྱི་བཙན་ལ་སོགས་དང་། [3]བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱིས་དབང་བྱེད་པའི་སྐབས་ཀྱི་སྐ་ཅོག་ཞང་གསུམ་ཁྲོད་ཀྱི་ཅོག་རོ་ཀླུའི་རྒྱལ་མཚན།བཙན་པོ་ཨུ་དམ་བཙན་པོའི་སྐབས་ཀྱི་ཅོག་རོ་ལྷ་ལོད་སོགས་སོ།། [4]
  བཞི། ཁུ་ནམ་གཟིགས་ཞེས་པ་དེ་གན་རྒྱ་དེའི་དཔང་བོ་གཉིས་པའི་ཚུལ་དུ་སྣང་འདུག་སྟེ། ཁུ་ཞེས་པའི་རུས་འདིའང་བཙན་པོའི་རྒྱལ་རབས་སྐབས་སུ་སྤུ་རྒྱལ་སྲིད་གཞུང་གི་ཀ་བ་དང་གདུང་མ་ལྟ་བུའི་རུས་རྒྱུད་ཅིག་སྟེ། དཔེར་ན་བཙན་པོ་ཁྲི་འདུས་སྲོང་གིས་དབང་བྱེད་པའི་སྐབས་ཀྱི་ཁུ་འདུས་བཙན་དང་། [5] ཁྲི་སྲོང་ལྡེ་བཙན་གྱིས་དབང་བསྒྱུར་པའི་སྐབས་ཀྱི་ནང་བློན་ཁུ་རྒྱ་བརྩན་དང་ཁུ་གཡུ་བརྩན། སྣམ་ཕྱི་པ་ཁུ་སྟག་ཚབ། [6] བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་དབང་བསྒྱུར་པའི་སྐབས་ཀྱི་སྣམ་ཕྱི་པ་ཁུ་མྱེ་གཟིགས། ཕྱི་བློན་ཁུ་ཐོག་བཙན་བཅས་སོ།། [7]

  ལྔ། ཏོང་བུ་ཞེས་པའི་མི་སྣ་དེ་ནི་སོག་རུས་རྒྱབ་ལོགས་ཀྱི་མོ་ཚིག་ཏུ་བཀོད་ཡོད། ཏོང་ཞེས་པའི་རུས་དེའང་བཙན་པོ་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱིས་དབང་བྱེད་པའི་སྐབས་ཀྱི་ནང་བློན་གྱི་གྲས་སུ་འདུག་ལ། མིང་ལ་ཏོང་བློན་སྟག་སླེབས་ཞེས་པ་དང་། བློན་པོ་དེས“བློན་འབངས་ཀུན་ལ་དམ་ཆོས་མི་གཞིག་ཅིང་། དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས”པ་ལ་སོགས《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་གསལ།[8]དེ་མིན་ཏུན་ཧོང་གཏེར་ཡིག་ཨང P.T1079《དགེ་སློང་བམ་ཀིམ་ཀེང་ཟེར་བའི་བྲན་མོའི་གྱོད་དོན་མཆིད་གསོལ་བའི་གཏུག་བཤེར་གྱི་ཡེ་གེ》ལས་ཀྱང“བན་དེ་ཏོང་བྱྀ” ཞེས་མི་སྣ་ཞིག་བཀོད་ཡོད།། [9]ལར་གོང་ལྟར་ཕྱོགས་ཟུར་ལྔ་ནས་སོག་རུས་ཀྱི་རུས་ཡིག་ལ་མཐའ་དཔྱོད་བཏང་ཚེ། སོག་རུས་ཡིག་རྙིང་འདི་བོད་བཙན་པོའི་སྐབས་སུ་བྱུང་བ་དང་། བོད་བཙན་པོའི་རྒྱལ་རབས་ཀྱི་ཤུལ་བཞག་ཅིག་ཡིན་པ་བརྡར་ཤ་གཅོད་ཐུབ།དེའི་བྱེ་བྲག་གི་ལོ་ཚིགས་གང་ལ་ངོས་འཛིན་པར་མུ་ནས་དཔྱད་པ་གཏོང་ན། སོག་རུས་ཡིག་རྙིང་དེའི་ནང་གི“ཁུ་ནམ་གཟིགས”ཞེས་པའི་མི་སྣ་དེ་འཚོལ་སྣེ་གལ་ཆེན་ཞིག་ཏུ་འཛིན་དགོས་འདུག་སྙམ། གོང་དུ་དྲངས་པ་ལྟར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་ཀྱི་བློན་ཆེན་ཁྲོད་དུ་བློན་པོ་ཁུ་མྱེ་གཟིགས་ཞེས་པ་ཞིག་བཀོད་འདུག་ལ། དེ་དང་སོག་རུས་འདིའི་སྟེང་ག“ཁུ་ནམ་གཟིགས” ཞེས་པའི་མི་སྣའི་རུས་མིང་གཉིས་ཧ་ཅང་འདྲ་ཆེ་བར་མངོན་ཡོད་ནའང་།ང་ཚོས་ཤེས་གསལ་ལྟར་བོད་ཀྱི་གནའ་བོའི་མི་སྣ་གང་མང་ཞིག་གི་རུས་མིང་དེ་ཡིག་ཚགས་མི་འདྲ་བའི་ནང་དུ་ཡི་གེར་འགོད་སྟངས་ཐད་ཁྱད་པར་ཅུང་ཙམ་འདུག་སྟེ།དཔེར་ན“མུན་ཆང་ཀོང་ཅོ” དང“འུན་ཤིང་ཀོང་ཇོ”། “སྟག་སྒྲ་ཀླུ་ཁོང” དང“ཏ་ར་ཁོང་ལོད”། “ད་རྒྱལ་མང་པོ་རྗེ” དང“དར་རྒྱལ་མང་པོ་རྗེ”། “བཙན་སྙ་ལྡོམ་བུ” དང“བཙན་སྙ་ལྡོང་བུ།” ལྟ་བུ་སོགས་ཀྱང་། དོན་དམ་པས་མི་སྣ་གཅིག་གི་མིང་གི་རྣམ་གྲངས་སུ་གྱུར་འདུག དེ་བས་ཁུ་མྱེ་གཟིགས་དང་ཁུ་ནམ་གཟིགས་གཉིས་ཀྱང་དོན་དུ་མི་སྣ་གཅིག་ཡིན་ཤོས་ཆེ་སྙམ། དེ་ལྟར་ཁུ་མྱེ་གཟིགས་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་སྣམ་ཕྱི་པ་ཞིག་ཡིན་པ་གཅིག་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྤྱི་ལོ755ནས797བར་ལ་དབང་བསྒྱུར་བ་བཞིན། སོག་རུས་ཡིག་རྙིང་དུ་བཀོད་པའི“བྱི་བའི་ལོ” ཞེས་པ་དེ་ནི་སྤྱི་ལོ760དང་སྤྱི་ལོ772། སྤྱི་ལོ784། སྤྱི་ལོ796 བཞིའི་ཁྲོད་ཀྱི་གཅིག་ལ་ངོས་བཟུང་ན་འོལ་ཚོད་བྱུང་རྒྱལ་ཙམ་མ་ཡིན་པར་སྒྲུབ་ཐུབ་སྙམ། །

  ཟུར་ལྟའི་དཔྱད་ཡིག

  [1][2][5][9] དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྲིགས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] མི་རིགས་པར་སྐྲུན་ཁང་། 1992ལོ། ཤོག་ངོས17དང90དང16དང72ཏུ་གསལ།

  [3][4][6][7][8] དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།ཆོས་འབྱུང་མཁས་པའི་དགའ་སྟོན།[M] མི་རིགས་པར་སྐྲུན་ཁང་། 2005ལོ། ཤོག་

  ངོས216དང220དང196དང216དང216ཏུ་གསལ།  

  (ཡོང་ཁུངས། 《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》༢༠༡༩ལོའི་འདོན་ཐེངས་དང་པོ།)

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།