ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > སྙན་རྩོམ།

ཁ་བྱང་མེད་པའི་སྙན་ངག

སྤེལ་དུས། 2015-05-25 10:19:11  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

  སྨག

མུ་མཐའ་བྲལ་བའི་ནམ་མཁའི་ཁྱོན་ཟད་པར་མི་ནུས་པས
ང་རང་ཕྱིར་ལྡོག་པར་བྱ
ཉི་ཟླ་དང་སྤྲིན་པའང་རྨས་ཕོག་པའི་བྱེའུ་བཞིན་ཚང་ན་ལུས

གཙང་བོ་བཞིན་མཐུད་པའི་ལས་དང་བག་ཆགས་རིང་མོ
མེ་ཏོག་དང་མཉམ་དུ་འཕུར་འོང་བའི་ཕྱེ་ལེབ་ཅིག་སྟེ
སྟོན་རླུང་དང་མཉམ་དུ་སྤུར་འགྲོ་བའི་སྡོང་ལོ་བགྲེས་པོ་ཞིག་སྟེ

ང་རང་བགྲོད་པར་མི་ནུས་པས་ཕྱིར་ལྡོག་པར་བྱ
མེ་ཏོག་ཉམ་ཆུང་ཞིག་གི་རྩི་ལ་ལོངས་སུ་སྤྱོད་འདོད


ཅི་ཙམ་ཕྱིན་ཡང་ས་སྲོས་ཀྱི་མུན་པ་དྲགས་ཀྱིས་ལྡང

2015. 4.20


འཆར་ཡན་གྱི་མིག

འོ་སྐོལ་རྨི་ལམ་དུ
ཟླ་བའི་འཆར་ནུབ་ཀྱི་ངོས་སུ་གཙང་བོ་ཞིག་བྲིས་ཤིང
ས་མ་རུབ་སྔོན་གཙང་བོ་ཡོངས་སུ་བཏུང


འཆི་ཁ་མའི་རྣམ་ཤེས་དེ་མེ་ཏོག་སྐྱ་བོ་ཞིག་ཏུ་འཁྲུལ་བས
བརྩེ་དུང་གི་རྨ་ཁས་འདབ་མ་རེ་རེ་བཞིན་གཏོར
མི་ཚེ་དང་དྲན་གདུང་བྱེ་ཐང་བཞིན་བྲིས
ས་རུབ་རྗེས་གཙང་པོ་འཐག་ཟིན།

ཆར་འབྲུ་རེ་རེས་བསགས་པའི་ཁྲོན་པ་དེར
བྱེའུ་གྲངས་མེད་ཅིག་འཕུར་འོང་ཞིང་སླར་ལོག་འགྲོ
ཉི་མ་སྔ་དྲོ་ཙམ་ལས་མིན
ཁྲོན་པ་ནི་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར
ཁྲུང་ཁྲུང་དང་ངང་ཁྱུས་ཡོངས་སུ་མཛེས་པར་བྱས
ཉི་མ་ཧ་ཅང་སྐོམ་པའི་དུས་སུ་རྒྱ་མཚོ་ནི་ཧུབ་གང་ལས་མེད

དེ་ནི་ནམ་མཁའ་ཆེན་པོར་ཁ་བ་བབས་ཚུལ་ཞིག་དང
རང་བྱུང་ཆེན་པོ་གྲུབ་ཚུལ་མཚར་བོ་ཞིག་སྟེ
ཡོད་ཚད་མེ་ཏོག་ཅིག་སྐྱེ་བ་ནས་རྙིད་པའི་གོ་རིམ་མཚུངས

2015.4.20.


ཁ་བ།

ཁ་བ་ནི་དལ་བུས་འཐོར་བའི་མེ་ཏོག་གི་རིགས་ཤིག་སྟེ
ཁ་བ་བབས་པ་ནི་སྐྱོ་སྣང་ཞིག་ལྷུང་བར་སྒོ་ཀུན་ནས་མཚུངས
ཁ་བ་ནི་ཡུན་གྱིས་མང་པོར་བབས་ཤིང
ཡུན་གྱིས་ཉུང་ངུ་བབས་པ་ཞིག་སྟེ

ས་གཞིའི་ཚ་དྲོད་རིམ་གྱིས་ཞི་བར་བྱས་རྗེས
དཀར་བོང་བོང་གི་ལུག་ཁྱུ་འདེད་པར་མཚུངས
ཁ་བའི་འདབ་མ་རེ་རེ མེ་ཏོག་གི་འདབ་མ་རེ་རེ
ཁ་བའི་འདབ་མ་རེ་རེ སྐྱོ་གདུང་གི་སྐྲ་ལོ་རེ་རེ
ཁ་བ ཁ་བ

2015.4.21ལ།

ཉེ་བའི་གསར་བསྒྱུར།