ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > སྙན་རྩོམ།

མཛེས་པའི་གཙང་ཡུལ།

སྤེལ་དུས། 2015-05-29 08:31:04  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། ཚེ་དབང་དཔལ་འབྱོར།  ཀློག་གྲངས།

                     ༄༅།། མཛེས་པའི་གཙང་ཡུལ།


གངས་ལྗོངས་ས་མཐོའི་ལྷོ་ནུབ་ངོས་སུ་བརྗིད་ཆགས་ཤིང་།།
རྫོང་ཁག་བཅོ་བརྒྱད་འཁྲུངས་པའི་ཡུལ་ལུང་ཁྱད་འཕགས་ཅན།།
བོད་ཀྱི་གྲོང་ཁྱེར་གཉིས་པར་ཡོངས་སུ་གྲགས་ཆེ་བའི་།།
གནས་མཆོག་ང་ཡི་ཕ་ཡུལ་གཞིས་རྩེའི་རྒྱན་འགའ་གླེང་།།

པཎ་ཆེན་སྐུ་ཕྲེང་རིམ་བྱོན་བཞུགས་སའི་གནས་ཀྱི་གཙོ།།
དགེ་ལུགས་གྲུབ་མཐའི་དགོན་ཆེན་དྲུག་གི་ཡ་གྱལ་དང་།།
དད་ལྡན་བུང་བའི་ཚོགས་བཞིན་འཁོར་བའི་གནས་བྱིན་ཅན།།
གདན་ས་བཀྲ་ཤིས་ལྷུན་པོ་ངེད་ཚོ་གཙང་གི་རྒྱན།།

ནང་པའི་ཆོས་ལུགས་ས་སྐྱའི་གྲུབ་མཐའི་མ་དགོན་དང་།།
ས་པཎ་ལ་སོགས་གོང་མ་རྣམ་ལྔའི་བཞུགས་གནས་གཙོ།།
ཏུན་ཧོང་གཉིས་པར་གྲགས་པའི་རིག་དངོས་སྲུང་སྐྱོབ་ཁུལ།།
གནས་མཆོག་དཔལ་ལྡན་ས་སྐྱ་ངེད་ཚོ་གཙང་གི་རྒྱན།།

འཛམ་བུའི་གླིང་དུ་མཚན་སྙན་ཆེ་བའི་གནས་རིའི་ཕུད།།
མཐོ་ཚད་དགུང་གི་མཁའ་ལ་བསྙེགས་འདྲའི་ངོ་མཚར་ཅན།།
རྒྱལ་ཕྱིའི་ཡུལ་བསྐོར་མ་བོས་མགྲོན་བཞིན་འཁོར་བའི་གནས།།
རི་རྒྱལ་ཇོ་མོ་གླང་མ་ངེད་ཚོ་གཙང་གི་རྒྱན།།

ཞབས་བྲོའི་རྡོག་སྒྲས་འཁྲུག་པའི་སྟོད་གཞས་དར་བའི་ཡུལ།།
མི་རིགས་ལག་ཤེས་འཛིན་ལས་ཐོན་པའི་བོད་གྲི་སོགས།།
རིག་གནས་ཤུལ་བཞག་མང་བའི་ཡུལ་མཆོག་ཁྱད་པར་ཅན།།
ལྷ་རྩེའི་སྙན་གྲགས་ཀུན་ལ་ཁྱབ་པ་ངེད་ཚོའི་རྒྱན།།

ལྟ་ན་སྡུག་པའི་རི་ཀླུང་སྤང་ལྗོངས་ཡངས་པོའི་སྟེང་།།
གཡང་དཀར་ལུག་གུའི་ཁྱུ་ཚོགས་ཤ་ཤེད་རབ་རྒྱས་པས།།
དེང་གི་ཁྲོམ་རའི་སྟེང་དུ་བྲིན་ཚོང་ལེགས་རྒྱུག་པའི།།
གམ་པའི་ཁྱད་འཕགས་ལུག་ཤ་ངེད་ཚོ་གཙང་གི་རྒྱན།།

སྔོ་ལྗང་ཚང་ཚིང་ནགས་ཀྱི་བཏུམ་པའི་ངོ་མཚར་ཡུལ།།
རང་བྱུང་ཁམས་ཀྱི་མཛེས་པ་རབ་འཕྲོག་རོང་ཡུལ་ཅན།།
གྲམ་དང་གྲོ་མོ་དེ་བཞིན་སྐྱིད་རོང་འདྲེན་ཐང་སོགས།།
ངེད་ཚོ་གཙང་གི་རྒྱན་དུ་གྱུར་པར་ཨེ་མ་མཚར།།

དབྱིན་འགོག་དམག་གི་ལོ་རྒྱུས་ཆགས་པའི་མཁར་ཤུལ་དང་།།
འཛུགས་བསྐྲུན་བཀོད་པ་དམིགས་བསལ་ཅན་གྱི་དཔལ་ཆོས་དགོན།།
རྒྱལ་ཕྱིར་གྲགས་པའི་སྤུས་ལེགས་ཁ་གདན་ཐོན་པའི་ཡུལ།།
རྒྱལ་རྩེ་དཔའ་བོའི་གྲོང་ཁྱེར་ངེད་ཚོ་གཙང་གི་རྒྱན།།

 

མུ་མེད་ས་བཅུད་ཁྱད་འཕགས་ལྡན་པའི་ཞིང་ཐང་སྟེང་།།
དཀར་མོ་འབྲུ་ཡི་རིགས་སོགས་གངས་འདོད་སྐྱེས་པ་ལས།།
བོད་ཀྱི་འབྲུ་མཛོད་ལྟ་བུར་གྲགས་པའི་ས་ཡི་གླིང་།།
གཡུ་གཞོང་པ་སྣམ་ལུང་པ་ངེད་ཚོ་གཙང་གི་རྒྱན།།

སྐྱེས་ཆེན་དམ་པ་ནམ་མཁའི་སྐར་ཚོགས་བཞིན་གྱི་ཁྲོད།།
ལྕགས་ཟམ་བསྐྲུན་དང་ཨ་ཅེ་ལྷ་མོའི་སྲོལ་གཏོད་མཁན།།
སྐྱེས་མཆོག་དམ་པ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཆོག །
གཙང་སྨད་ངམ་རིང་ཡུལ་དུ་འཁྲུངས་པ་ངེད་ཚོའི་རྒྱན།།

མདོར་ན་སྐྱིད་པའི་གནས་མཆོག་གཙང་གི་ཡུལ་གྲུ་འདིར།།
ངོ་མཚར་ཅན་གྱི་གནའ་ཤུལ་བགྲང་གིས་མི་ལང་བས།།
གོང་གསལ་དག་ནི་རྒྱ་མཚོའི་ནང་གི་ཆུ་ཐིགས་ལས།།
ཞིབ་རྒྱས་ཤེས་དམན་དབང་གི་སྨྲ་བར་མི་སྤོབས་སོ།།

 

ཉེ་བའི་གསར་བསྒྱུར།