ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > སྙན་རྩོམ།

སེར་ཤུལ་ཁྲི་པ་རིན་པོ་ཆེ་ལ་ཕུལ་བའི་ཀ་རྩོམ་མུ་ཏིག་ཕྲེང་བ།

སྤེལ་དུས། 2015-08-31 09:15:17  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། གཅོད་པ་དོན་གྲུབ།  ཀློག་གྲངས།

ཀྭ་ཡེ་གངས་རི་སྟོང་གིས་བསྐོར་བའི་སྨན་ལྗོངས་སུ།།
ཁ་གྲགས་ཤེས་པའི་སྐྱེ་འགྲོ་ཁྲི་མ་འབུམ་ཕྲག་གིས།།
ག་སར་འབྲུག་བརྒྱ་ལྷན་གཅིག་ལྡིར་འདྲའི་བསྔགས་པའི་གཏམ།།
ང་ཅག་གུས་པའི་བརྗོད་ཡུལ་ཁྲི་ཆེན་མཆོག་ལ་འདུད།།

ཅ་ཅོ་མི་གནང་བརྩེ་སེམས་རྣམ་དག་གཤིས་རྒྱུད་དུ།།
ཆ་ལུགས་མཛེས་ཆོས་མ་སྤྲས་འདོད་ཆུང་ཆོག་ཤེས་ཀྱིས།།
ཇ་དང་ཟས་རིགས་ངན་ངོན་གང་མཆིས་དེར་བརྟེན་ཞིང་།།
ཉ་མོ་འཁྱུག་འགྲོས་དཔེ་བཞིན་སངས་རྒྱས་བསྟན་པ་བསྐྱངས།།

ཏཱ་རེ་ཉེར་གཅིག་ནམ་རྒྱུན་མཆོད་པའི་ཡུལ་ལ་བཀུར།།
ཐ་མའི་སྤྱོད་ངན་མི་མངོན་རྒྱང་རིང་གནས་ལ་བསྲིངས།།
ད་ལྟ་ལྷག་བསམ་དཀར་བོའི་གཞན་ཕན་བསྒྲུབས་པའི་འབྲས།།
ན་བཟའ་མནབས་པའི་སྐྱེས་མཆོག་ཀུན་གྱིས་ལྷང་ངེར་གླེང་།།

པ་ཏྲའི་རི་མོ་བསྣོལ་ལྟར་རང་སེམས་འགྱུར་མེད་བརྟན་པོ་ཡིས།།
ཕ་མེས་ཡང་མེས་བཞག་པའི་བཅུ་ཕྲག་རིག་པའི་གནས།།
བ་གླང་ལས་ལ་འཇུག་ལྟར་སྐྱོང་བའི་སྡུག་རུས་མཚར།།
མ་ཡུམ་ཇི་ལྟར་འགྲོ་ཀུན་གཞར་ཡང་ཡིད་ལ་བཅངས།།

ཙ་རི་གནས་སྐོར་བགྲོད་པའི་མི་ཕྱེད་སྤོབས་སེམས་ཀྱིས།།
ཚ་གྲང་དཀའ་བ་ཆེན་པོའི་ཡུལ་ཁམས་གྲངས་བྲལ་འགྲིམས།།
ཛ་ཡའི་གསུང་རབ་རིན་ཆེན་མུ་ཏིག་བརྡལ་བར་མཛད།།
ཝ་ལེར་བསམ་ཚེ་དད་པའི་སྤུ་ལོང་དབང་མེད་གཡོ།།

ཞ་བོ་ལ་སོགས་དབང་ལྔ་སྐྱོན་ཅན་མ་ལུས་པར།།
ཟ་མ་གང་ཞིམ་བྱམས་བརྩེ་ཆེན་པོས་སྦྱིན་གཏོང་དང་།།
འ་ཅག་ཡོངས་ལ་མ་དཔེ་གསོན་པོ་གཟུགས་སུ་མངོན།།
ཡ་རབས་རྒྱུད་ལ་ངེས་པའི་ཐེག་མཆོག་སྤྱོད་བཟང་མཐོང་།།

ར་གན་གསེར་ལ་བརྫུས་ནས་ལོག་བཤད་གང་རིགས་དེ།།
ལ་ལུང་ཕུག་ཏུ་འདེད་བཞིན་ལེགས་ཉེས་བླང་དོར་འབྱེད།།
ཤ་བོ་དང་བཅས་སྲོག་ཆགས་རང་གི་སྤྱན་བཞིན་སྲུང་།།
ས་གཞི་ཆེན་པོར་མཁྱེན་བརྩེ་ནུས་པའི་སྙན་པ་འཕུར།།

ཧ་ཅང་བརྩེ་བས་ཁེངས་པའི་སྐྱབས་གནས་ཁྲི་པ་མཆོག།
ཧ་ཧ་ཀུ་རེ་མིན་པར་ཁོ་བོའི་སྙིང་ཁོང་ལས།།
ཨ་ཀ་བསོད་ནམས་བཟང་བོའི་མཐུ་ལས་གྲུབ་པར་སེམས།།
ཨ་ཁ་འདི་ལྟར་བརྗོད་ན་འགྲིག་མིན་བློ་གྲོས་ཅན་གྱིས་དཔྱོད།།

 

སྤྱི་ལོ༢༠༡༤ལོའི་ཟླ༡༢པའི་ཚེས༡༤ཉིན་གྱི་དགོང་མོར་ཐོལ་བྱུང་དུ་སྦྱར་བ་དགེའོ།།

 

ཉེ་བའི་གསར་བསྒྱུར།