ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > སྙན་རྩོམ།

ལྷ་རིས་སྒྱུ་རྩལ་པ་གྲགས་ཅན་བརྩོན་འགྲུས་རབ་རྒྱས།

སྤེལ་དུས། 2015-08-31 09:26:46  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། གཅོད་པ་དོན་གྲུབ།  ཀློག་གྲངས།

མ་རིག་མུན་པ་འཇོམས་ལ་འཇིག་རྟེན་མིག།
གདུལ་བྱ་སྟོང་ཕྲག་སྐྱོང་ལ་བྱམས་བརྩེ་ཅན།།
གཞན་ཕན་དོན་ལ་གཏོང་ཕོད་ཆེར་མངའ་བའི།།
གསུམ་ལྡན་སློབ་དཔོན་མཆོག་ལ་གུས་པས་འདུད།།

འདི་ནི་རིག་ལྔའི་གཞུང་ལུགས་བརྗོད་རྒྱུ་མིན། །
ཕན་ཚུན་བརྒལ་བརྟག་བགྲོ་གླེང་བྱ་རྒྱུ་མིན།།
བཀའ་དྲིན་ཆེ་བའི་སྒྱུ་རྩལ་པ་ཞིག་གི།
སྐྱིད་སྡུག་འཚོ་བ་མདོ་ཙམ་གླེང་བར་འདོད།།


ལྷ་བཟོ་བརྩོན་འགྲུས་རབ་རྒྱས་ཞེས་པའི་མཚན།།
གླེང་བ་ཙམ་གྱིས་ཀུན་གྱི་ཡིད་ངོས་སུ།།
ལྷང་ངེར་གསལ་ཡང་མཛད་རྗེས་ཕྲ་རགས་ཀུན།།
མཁྱེན་པའི་སྐྱེ་བོ་བརྒྱ་ལས་གཅིག་རེ་ཙམ།།

དེས་ན་ཁོང་གི་སྐྱེས་རབས་ལོ་རྒྱུས་ཡོངས།།
ཞིབ་ཏུ་བརྗོད་པའི་སྤོབས་པ་ངར་མེད་ཀྱང་།།
མི་ཚེ་རིང་བོར་ཐང་གའི་སྒྱུ་རྩལ་ལ།།
འགྱུར་མེད་འཇུག་པའི་དོན་ཆེན་འདི་ན་གསལ།།


ཕྲ་ཞིང་ཕྲ་བའི་པུར་རྩེའི་སྒྱུ་རྩལ་ལས།།
ལེགས་གྲུབ་ཐང་གའི་མེ་ཏོག་རྣམ་པར་བཞད།།
བརྩོན་ཞིང་འབད་པའི་རྔུལ་ཆུའི་ཐིགས་ཕྲེང་ལས།།
ཡུལ་འདིར་བསྐྲུན་པའི་ཕྱག་རྗེས་བསུབ་ཐབས་མེད།།

འཛམ་གླིང་ཟླུམ་པོའི་རྩེ་ན་འབྲུག་བརྒྱའི་སྒྲ།།
ལྷན་དུ་ལྡིར་བ་ཇི་བཞིན་གང་གི་མཚན།།
ནོར་འཛིན་སྒེག་མོའི་མགུལ་གྱིས་མ་ཐེག་པར།།
ཡོམ་ཡོམ་འཁྱོར་བའི་འཕྲུལ་གྱི་ཚུལ་འདི་རྨད།།

རིན་ཐང་གཞལ་མེད་ཞལ་ཐང་ཆེན་མོ་འདི།།
རྒྱུ་དང་འབྱོར་བའི་སླད་དུ་འབད་པ་མིན།།
མཚན་དང་སྙན་གྲགས་བླུ་བའི་ཕྱིར་དུའང་མིན།།
རང་རིགས་ལྷ་རིས་འཛིན་སྐྱོང་ཆེད་དུ་བསྔོས།།

ལ་ལས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་མཛད།།
ལ་ལ་ཕྲག་དོག་བསླངས་ནས་ངན་ཚིག་བསྒྲགས།།
ལ་ལ་དད་པ་སྐྱེས་ནས་ཕྱག་མཇལ་བགྱིས།།
ཐ་མར་འཛམ་གླིང་ཀུན་གྱིས་གཅེས་ནོར་གྱུར།།

རེ་ཞིག་གངས་ཅན་བོད་པའི་ཞལ་ཐང་འདི།།
ཡོངས་འགྲུབ་ཉེ་བའི་འགག་ཕྲེང་དོག་པོའི་སྐབས།།
མི་འདོད་བསམ་ངན་དྲག་ཆར་བསྙིལ་པ་བཞིན།།
ཞབས་མེད་འོབས་དོང་ནང་ལ་ལྷུང་ཉེན་བྱུང་།།

ཡིན་ཀྱང་ཀུན་བཟང་འཕྲིན་ལས་འོད་དཀར་གྱིས།།
མུན་པའི་སྨག་རིམ་མཐུག་པོ་ཡོངས་སེལ་ཞིང་།།
བསླར་ཡང་དཀའ་བ་བརྒྱ་ཕྲག་རྒྱབ་བསྐྱུར་ནས།།
གྱག་གྱོག་ལམ་དུ་ལྷོད་མེད་མདུན་དུ་བསྐྱོད།།

དགའ་ལྡན་གསེར་ཁྲིར་བརྩོན་པའི་ཡོན་ཏན་མེད།།
དཔོན་རབས་མཐོན་པོར་བསྙེག་པའི་སྲེད་པ་མེད།།
འཇིག་རྟེན་མི་ཟས་ཡུན་རིང་ཟོས་པའི་རིན།།
ཞལ་ཐང་ཆེན་མོ་མི་ཡུལ་འདི་ལ་ཕུལ།།

ཐིགས་ལ་སྔོན་བྱོན་མཁས་པའི་ཚད་དང་ལྡན།།
ཚོན་ལ་དར་ཚོན་སྣ་ལྔའི་འཇའ་འོད་ཤར།།
ཉམས་ལ་གསོན་པའི་གཟུགས་བརྙན་མངོན་པར་གསལ།།
ལྷ་རིས་སྒྱུ་རྩལ་འཛམ་གླིང་རྒྱན་དུ་གྱུར།།

ལས་ལ་བརྩོན་པ་ཁོང་གི་རྒྱུད་དུ་ངེས།།
ཞི་ཞིང་དུལ་པ་ཁོང་གི་རང་གཤིས་ཡིན།།
ལྷ་རིས་ལས་དོན་ཁོང་གི་དམིགས་འབེན་ཡིན།།
ཀུན་ལ་མཐུན་པ་རང་གི་སྤྱོད་པ་ཡིན།།

ཙ་རིའི་གནས་སྐོར་ཕྱག་མཇལ་བགྲོད་མཁན་གྱི།།
སྐྱེ་བོ་མང་ཡང་མཐར་ཕྱིན་དཀའ་བ་བཞིན།།
དོན་ཆེན་བསྒྲུབ་འགོ་རྩོམ་རྒྱུའི་ལས་སླ་མོད།།
སྔ་མ་སྐྱོང་པའི་སྐྱེས་བུ་ལ་ལ་ཙམ།།

དེ་བཞིན་བརྩོན་འགྲུས་འདོ་བར་རབ་བཅིབས་པའི།།
གང་གི་སྐྱེས་བུས་ཞལ་ཐང་འགོ་བརྩམས་ནས།།
མཇུག་མའི་འབྲས་བུ་ཡོངས་སུ་མ་སྨིན་བར།།
སྲོག་ལ་བབས་ཀྱང་འབད་པས་སྲུང་བར་མཛད།།

ཆུང་བའི་དུས་ནས་ཐང་གའི་ལམ་དུ་ཞུགས།།
སྲོལ་རྒྱུན་བྲིས་འབུར་སྒྱུ་རྩལ་ཁོང་དུ་ཆུད།།
དེང་གི་རི་མོ་གསར་བའི་གཞུང་ལུགས་ཀུན།།
སྦྱངས་འབྲས་མི་དམན་གཡུར་དུ་ཟ་བ་བླངས།།


ལ་ལ་ཕྱི་ཡི་རྒྱན་ཆ་སྟོང་གིས་སྤྲས།།
ལ་ལ་ནང་གི་ཡོན་ཏན་ཚོགས་ཀྱིས་བརྒྱན།།
ལ་ལ་རང་དོན་ཁོ་ནར་མི་ཚེ་ཟད།།
ལ་ལ་གཞན་ཕན་ལས་ལ་རང་ཚེ་བཏང་།།

ཁོང་གིས་སྒྱུ་ལུས་མི་རྟག་མི་ཚེ་འདི།།
སྐར་ཆ་ཙམ་ཀྱང་འཕྲོ་བརླག་མ་བཏང་པར།།
རིན་བྲལ་ཐང་གའི་སྒྱུ་རྩལ་སྤེལ་བའི་སླད།།
བརྩོན་འགྲུས་ལྷོད་མེད་གཙང་བོའི་རྒྱུན་དང་མཚུངས།།

མཛེས་ཤིང་སྡུག་པའི་པདྨའི་སྐྱེད་ཚལ་ལས།།
མེ་ཏོག་ཨུ་དུམ་བ་ར་ལྷང་ངེར་མངོན།།
དེ་བཞིན་བྲིས་འབུར་སྒྱུ་རྩལ་མཁན་མང་ཡང་།།
ཁྱེད་ལ་འགྲན་རྩོད་གནང་མི་ཡོད་རེ་སྐན།།

སྔོན་བྱོན་མཁས་དབང་ནམ་མཁའི་ཉི་ཟླ་བཞིན།།
གྲགས་ཅན་བགྲང་ལས་འདས་པ་ཡོད་མོད་ཀྱང་།།
ཐང་གའི་སྒྱུ་རྩལ་ལམ་ནས་གངས་ཅན་བོད།།
རིག་གནས་སྒྱུ་རྩལ་མཚོན་པའི་བརྩམས་ཆོས་དཀོན།།

ལེགས་ཉེས་བླང་དོར་འབྱེད་ལ་བློ་རིག་རྣོ།།
ཚིག་རྩུབ་ཕྲ་མ་གཏོང་ལ་གོམས་སྲོལ་མེད།།
གཞན་ལ་བརྣབ་སེམས་འཆིང་བའི་སྤོབས་པ་མེད།།
ཀུན་ལ་མཐུན་པར་འཛིན་པ་ཁོང་གི་གཤིས།།

 

ཉེ་བའི་གསར་བསྒྱུར།