ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > སྙན་རྩོམ།

ཚེ་སྲོག་གི་འབོད་སྒྲ།

སྤེལ་དུས། 2015-10-07 10:31:59  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། གཅོད་པ་དོན་གྲུབ།  ཀློག་གྲངས།

གང་གི་འབྲུག་སྟོང་ལྡིར་འདྲའི་དྲག་སྒྲ་སྒྲོག།
ཉི་ཟླ་གཟའ་ཡིས་བཟུང་འདྲའི་ངུ་འབོད་འབྱིན།།
རི་རྒྱལ་ལྷུན་པོས་མ་བཟོད་ལྷབ་ལྷུབ་འདར།།
ས་དགྲའི་ཆག་འཇིག་གཙང་གསུམ་འགོ་ལ་བབས།།

སྐད་ཅིག་ཙམ་ལ་བགྲང་བྱ་བརྒྱ་ཕྲག་ལ།།
བསགས་པའི་བདོག་པོ་ས་བདག་ཁ་རུ་ཤོར།།
རྙེད་དཀའི་དལ་འབྱོར་སྒྱུ་ལུས་ཁྲི་མ་འབུམ།།
སྙིང་རྗེ་བྲལ་བའི་འཆི་བདག་སོ་ཡིས་ལྡད།།

ཨེ་མ་སྔོ་བསངས་གནམ་ལ་སྤྱན་མེད་དམ།།
བྱམས་ལྡན་ཕ་མ་མཆིས་ཀྱང་བུ་ཕྲུག་ཤོར།།
རིག་བཟང་བུས་པ་མཆིས་ཀྱང་གཅེན་སྲིང་མེད།།
བདག་མེད་ཉམ་ཆུང་དྭ་ཕྲུག་ཤུལ་དུ་ལུས།།

ཁང་བཟང་ལྷ་ཁང་ཡིན་ཡང་སྡོད་དབང་མེད།།
འབྱོར་བ་ཕུན་སུམ་ཚོགས་ཀྱང་ཕན་ནུས་མེད།།
ལང་ཚོ་རབ་ཏུ་བདོ་ཡང་ཐར་ལམ་མེད།།
ས་དགྲའི་བདུད་རྒན་འདི་ལ་བྱམས་སེམས་བེད།།

བརྩེ་ལྡན་གཙང་གསུམ་མ་ཡུམ་མ་བཟོད་པར།།
སྲོག་གི་འབོད་པ་སྟོང་ཁམས་སུ་གྱེར།།
དུང་བཞིན་དཀར་བའི་གངས་རི་ཁྲི་འབུམ་གྱིས།།
སྐྱོ་སྡུག་དྲག་པོའི་སྤྲིན་ནག་གོས་ཀྱིས་གཡོགས།།

འཇིགས་རུང་སྲོག་གི་གཤེད་མས་འགྲོ་བ་རྣམས།།
གསོན་པོཨར་ཁྱུར་མིད་བགྱིད་པའི་སྡིག་ལས་འདི།།
སྐབས་གསུམ་ལྷ་ཚོགས་ཡིན་ཡང་སྐྱོ་གདུང་གི།
སྤྱན་ཆབ་ཆར་བཞིན་འཛིན་མའི་ཁྱོན་དུ་བསྙིལ།།
ཡིན་ཡང་ཏང་གི་དབུ་འཛིན་ལྷ་ལས་ལྷག།
སྲོག་སྐྱོབ་གནས་དམག་ཁྲི་འབུམ་གློག་ལྟར་མྱུར།།
དེང་གི་འཕྲུལ་ཆས་སྣ་མང་ངོ་མཚར་ཆེ།།
གཤིན་རྗེའི་ལག་ལས་རེ་རེ་བསྐྱབས་པ་རྨད།།

ས་བདག་ཆེན་པོར་སྙིང་རྗེ་མ་མཆིས་ཀྱང་།།
འཇིག་རྟེན་ཡུལ་འདིར་བརྩེ་བའི་ཆུ་སྐྱེས་བཞད།།
རོགས་འདེགས་ཕྱག་པ་ཕྱོགས་བཞིན་མཚམས་བརྒྱད་དུ།།
རིང་དུ་བསྲིངས་ནས་འབངས་ཀྱི་དུ་ཁ་སེལ།།

བདག་པས་གཞན་གཅེས་ཁ་ཙམ་མིན་པ་འཁུམས།།
རང་སྲོག་དོར་ནས་གཞན་སྲོག་སྐྱོབ་ལ་བྲེལ།།
རང་རྒྱུ་སྦྱིན་པའི་གཏོང་ཕོད་སྙིང་སྟོབས་མངའ།།
མི་རིགས་ང་དྲུག་ཁྱིམ་ཆེན་གཅིག་དང་མཚུངས།།

སྡུག་བརྒྱའི་རྒྱ་ལ་ཚུད་པའི་བོད་པའི་སྤུན།།
སྔ་མ་ཅི་འབྱུང་ཕྱི་མས་རྟོགས་དཀའ་པ།།
འཇིག་རྟེན་ཡུལ་འདིའི་ཆོས་ཉིད་ཡིན་བསམ་ན།།
ཐབས་གཞན་བྲལ་བས་སེམས་རྒྱ་ཆེ་བར་གྱིས།།

དུས་ཀྱི་འཁོར་ལོ་རྒྱང་དུ་མ་འདས་པར།།
སྐྱིད་པའི་ཁྱིམ་གཞིས་སླར་ཡང་བསྐྲུན་པ་དང་།།
གྲོང་བརྡལ་གསར་བ་སྔར་ལས་མཛེས་ཤིང་སྡུག།
འབངས་ཀྱི་འཚོ་བ་ལེགས་པོ་འཛོམས་པར་ངེས།།

ཞེས་༢༠༡༠ལོའི་ཟླ༤པའི་ཚེས༢༠ལ་རྒྱལ་ས་པེ་ཅིན་ནས་ཐོལ་བྱུང་དུ་སྦྱར་བ་དགེའོ།།
གཅོད་པ་དོན་གྲུབ།བོད་རིག་པའི་ཞིབ་འཇུག་པ་ཆེན་མོ།གེ་སར་ཆེད་ལས་མཁས་པ།ཞིབ་འཇུག་སློབ་མའི་ཁྲིད་སྟོན་དགེ་རྒན་བཅས་ཡིན།

ཉེ་བའི་གསར་བསྒྱུར།