ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > སྙན་རྩོམ།

​ལྷོད་ལ་བབ་སྟངས་ཤིག

སྤེལ་དུས། 2016-11-07 11:48:27  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། འབྲོག་ཤེས་རབ།  ཀློག་གྲངས།

ལྷོད་ལ་བབ་དུས།
མི་སེམས་ཀྱི་ཟིན་བྲིས་ཀློག་པའི་དུས་ཤིག་ཡིན་ཙང་།
ཡན་གར་དུ་གྱུར་བའི་འཇིག་རྟེན་མེད་ཅིང་།
བྱས་བྱས་ལ་གཏད་སོ་མང་བའི་ཉི་འོད་ཀྱིས་ལུས་སེམས་གཏམས།
ལྷོད་ལ་བབ་དུས།
བྱམས་སེམས་ཀྱི་གྲུ་ག་དང་བར་ཐག་ཉེ་བའི་ལེ་བར་དེ་ཡིན་པས།
སྐྱོ་སྣང་དང་མུན་ནག་གི་སྡུག་འབྲི་མེད་ཅིང་།
ངང་རིང་ཚུལ་མཐུན་གྱི་གཤིས་སྤྱོད་ལ་བློ་འབབ་སྙིང་སྡུག་ཏུ་གྱུར་འགྲོ།
ལྷོད་ལ་བབ་དུས།
བསམ་གཞིགས་ཀྱི་འཚོ་བ་གནས་མལ་དུ་འཁྲི་སའི་སེམས་གཏམ་དེ་ཡིན་པས།
སྣང་མེད་དང་གཡོ་ཟོལ་མེད་ཅིང་།
ཡོད་ཚད་ལ་འགན་ཁུར་དང་སྙིང་གཏམ་དག་ལྷུག་པོར་གྲོལ་འགྲོ།
ལྷོད་ལ་བབ་དུས།
རྒོད་གཡང་ལས་གྲུབ་པའི་མི་གཤིས་ཀྱི་གཉོམ་སོ་དེ་ཡིན་ཕྱིན།
རྔུལ་ཆུ་ལ་འཐབ་རྩོད་མེད་ཅིང་།
མཐའ་གཉིས་ཀྱི་དགོངས་པ་གཅིག་ཏུ་འདོད་པའི་དབུ་ལམ་གྱི་འགྲོ་སྟངས་ཤིག་གྱུར་འགྲོ།
ལྷོད་ལ་བབ་དུས།
སྙིང་སྡུག་ལ་བྲོད་སེམས་བགྲོ་བའི་་འཛུམ་ཟེར་དེ་ཡིན་ཙང་།
ནག་ནོག་དང་སྨྲེང་སྐད་མེད་པར།
མཛའ་བརྩེ་ཡི་དཀར་ངོགས་རིངས་མོ་མཐོང་བའི་རྟེན་འབྲེལ་གྱི་དབུ་ཁྱུད་ཕབ་འགྲོ།
ལྷོད་ལ་བབ་དུས།
ང་དང་ཁྱོད་ཅེས་ཐམས་ཅད་ལ་འགན་ཁུར་བའི་ཨ་ཕ་དེ་ཡིན་པས།
རྩིབ་རགས་དང་རྩེད་ཆས་མེད་པར།
ནང་སེམས་ཀྱིི་བདེ་སྐྱིད་གཟབ་རྒྱས་སུ་འདོད་པའི་མཐར་གཏུགས་ཀྱི་བདེ་བ་ཉག་ཅིག་ཏུ་གྱུར་འགྲོ།
༡༣/ ༡༠/༢༠༡༦ནུབ་བྱང་ནས།


ཉེ་བའི་གསར་བསྒྱུར།