ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > སྙན་རྩོམ།

དགའ་འཛོམས་དང་གྱེས་བྲལ།

སྤེལ་དུས། 2017-08-03 07:35:17  རྩོམ་ཁུངས། མཚོ་སྔོནན་བོད་རིགས་དྲ་བ།  རྩོམ་པ་པོ། འདན་མ།  ཀློག་གྲངས།

ང་ཚོ་ཉི་འོད་རི་ནས་འཕྲོ་དུས་ལྷན་དུ་འཛོམས

ང་ཚོ་ཟླ་བ་སྤྲིན་ལ་ཡིབ་དུས་སོ་སོར་གྱེས

ང་ཚོ་ཆེས་ཐོག་མར་འཛོམས་དུས

ནམ་མཁའ་གཡའ་དག་ཅིང་ཉི་འོད་འཆར

ཁུ་བྱུག་མོན་ནས་ཐོན་ཏེ་སྙན་དབྱངས་གྱེར

ཞོགས་པ་དེར   མི་ཡི་ཚོགས་ཀྱིས

ས་གཞི་ལ་མེ་ཏོག་དང་མྱུ་གུ་འབུས་བའི་སྟ་གོན་བྱེད་ཀྱིན་འདུག    

ང་ཚོས་ཀྱང

བྱང་ཁོག་གི་ཞིང་ས་གཤིན་པོ་རུ

བརྩེ་བའི་མེ་ཏོག་གི་ས་བོན་འདེབས་མགོ་བརྩམས

དབྱར་ཁར་སླེབས་བྱུང

ཆར་བ་ཐང་ལ་ཟགས  བསིལ་རླུང་དལ་གྱིས་ལྡང

ས་གཞིའི་སྐྱི་གཉེར་ལ་ལྗང་མདོག་རྒྱས་ཏེ

མེ་ཏོག་དང་རྩི་ཤིང་གི་གསོན་སྟོབས་རྒྱས་དུས

ང་ཚོའི་བརྩེ་བའི་མེ་ཏོག་སེམས་ལ་བཞད་བྱུང

ང་ཚོའི་དུང་བའི་ལོ་མ་སྙིང་ལ་བཞད་ཡོད

ང་ཚོ་ཆེས་མཐའ་མར་གྱེས་དུས

ཟླ་འོད་སྤྲིན་ལ་ཡིབ་སྟེ

ས་གཞི་མུན་ནག་གིས་ཁེབས་པའི་སྟོན་མཇུག་ཅིག

མེ་ཏོག་དང་ལྗོན་ཤིང་གི་ལོ་མ་དག

རེ་རེ་བཞིན་ས་རུ་འཐོར་གྱིན་འདུག

ང་ཚོས་ཀྱང མུན་ནག་གི་ཀློང་དུ

སྨྲེང་བ་འདིས  

ཆང་དང་མིག་ཆུ་ཡི་གསོལ་སྟོན་བཤམས

ང་ཚོས་སྙིང་གཏམ་དང་བརྩེ་ཞེན་ཆང་ལ་སྦངས་ཏེ

ནང་སེམས་ཀྱི་ཡོལ་གོ་ན་ཉར་ཚགས་བྱས

མཚན་མོ་འདིར

སེམས་ལ་གཟན་པའི་ལྷགས་རླུང་འཚུབ་བྱུང

དགུན་ཁ་ལྟ་བུའི་གྲང་ངར་ལྡང་བྱུང

ང་ཚོ་ཡང་སོ་སོ་རུ་གྱེས་མགོ་བརྩམས་ཟིན

ལྷགས་རླུང་དང་གྲང་ངར་གྱིས

ས་གཞིའི་མེ་ཏོག་གི་འདབ་མ་གཏོར་ཡང་སྲིད་ཀྱང

བརྩེ་བའི་མེ་ཏོག་གི་འདབ་མར་ནམ་ཡང་སེར་ཁ་ཤོར་མི་སྲིད

                                216/10/5/ནུབ་མོར་རང་ཤག་ནས།

ཉེ་བའི་གསར་བསྒྱུར།