ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > སྙན་རྩོམ།

ཉི་ཟླ་རི་བོའི་མདུན་ནས་ཁྲི་ཤོར་རྒྱལ་མོ་དྲན་པ།

སྤེལ་དུས། 2018-10-20 10:57:24  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ། ཐ་སྐར།  ཀློག་གྲངས།

ཉི་ཟླ་རི་བོའི་མདུན་ངོས་སུ་ལྷུང་བས།

མེ་ལོང་ཆག་རོ་དེའི་ནང་དུ་བལྟ་ཐེངས་རེར།

བྱེ་ཐང་དུ་རབ་ཏུ་མང་བའི།

སྐོམ་གདུང་ཁུར་བའི་འཇིག་རྟེན་པའི་རྐང་རྗེས་དང་།

ཁྲི་ཤོར་རྒྱལ་མོའི་མཚོ་འོག་ཏུ་ནུབ་པའི་འབྲོག་སྡེ་དག་དྲན་འོངས།

ག་ནས་ཡོང་བའང་མ་ཤེས་པའི་རླུང་འཚུབ་དེས།

ནང་སེམས་ཀྱི་ལྗོན་པ་དེ་ཡང་ཡང་བསྒུལ་ཅིང་།

ཡུལ་མཐའ་འཁོབ་ཀྱི་འབྲོག་སྡེ་ཆུང་ཆུང་དེ་དག་ཀྱང་།

སྐད་ཅིག་མའི་ཡུན་ལ་རླུང་འཚུབ་ཀྱི་ཕྱག་རྒྱས་ཁུད་དུ་ཆུད།

ད་ནངས་ཞོགས་པར ངས་མེ་ལོང་ཁྲོད་ཀྱི་ཁྲི་ཤོར་རྒྱལ་མོ་མཐོང་བྱུང་།

ཁྲི་ཤོར་རྒྱལ་མོ་ནི་གཡུ་ཡི་མེ་ལོང་སྔོན་མོ་ཞིག་ཡིན།

མཐའ་དབུས་མེད་པའི་ལོ་རྒྱུས་ཀྱི་བར་ཁྱམས་ཆགས་ཡོད།

བར་ཁྱམས་དེ་རུ། འབྲོག་ཁྱིམ་ཁྲི་ཕྲག་ཅིག་གི་རྣམ་ཤེས་འཁོར་ཡོད།

གློ་བུར་དུ    ཉི་ཟླ་རི་བོའི་ཁ་གཏད་དུ།

ཁྲི་ཤོར་རྒྱལ་མོར་ཆ་རྒྱུས་མེད་པར་གྱུར།


རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།