ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > འབོལ་རྩོམ།

ང་ཡི་ཕ་ཡུལ་སྐྱིད་པོ། རྨ་སྡེ་ཆུ་ཁ་མ་རེད།

སྤེལ་དུས། 2012-05-09 15:03:12  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། ནགས་ཚང་ནུས་བློ།  ཀློག་གྲངས།

20120510.jpg
 

        “ཕ་ཡུལ”ཞེས་པའི་ཡི་གེ་འདི་གཉིས་ལ་མི་སུ་དང་སུ་ཡིན་ཡང་། ཧ་ཅང་འདང་ཆེན་པོ་ཞིག་ཡོད་པ་འདྲ། མི་གཉིས་ངོ་འཕྲད་དུས། “ཁྱོའི་ཕ་ཡུལ་གང་ནས་རེད།”ཅེས་སྔོན་དུ་སྐད་ཆ་འདི་འདྲི་གིན་ཡོད། ངའི་སེམས་སུ་ཡང་། ཆུང་དུས་ནས་ཕ་ཡུལ་ཞེས་པ་འདི་རྣ་བས་གོ་ན། སེམས་སུ་དོན་མེད་དུ་བརྩེ་འདང་ཆེན་པོ་ཞིག་ཆགས་འདུག ནམ་ཡིན་ཡང་། རང་གི་ཕ་ཡུལ་གྱི་གནས་ཚུལ་ཕྲན་ཙམ་རེ་ཅི་དྲན་གང་དྲན་གྱིས་མི་གཞན་ལ་བཤད་པ་སྟེ། ཕ་ཡུལ་གྱི་ས་བཟང་རབས་དང་ཆུ་ཞིམ་རབས། རྩྭ་རྩི་ཤིང་དང་མེ་ཏོག་མང་བོ་ཡོད་རབས། རྟ་ཟོག་ལུག་གསུམ་མང་རབས། ཕ་ཡུལ་ནི་སྐྱིད་པོ་ཡིན་རབས་སོགས། མདོར་ན། ཁ་གང་དབུགས་ཀྱིས་འབྱོན་ཚད་ཕ་ཡུལ་ལ་བསྟོད་པ་བྱེད་པ་ཡིན། མ་གཞི་ང་མིན་ཡང་། ང་དང་ན་འདྲའི་ལོ་ཚོད་ཀྱིས་མི་ཚང་མ་ནི་ཕ་ཡུལ་བཟང་རབས་བཤད་མཁན་རྐྱང་རྐྱང་ཡིན། མི་སུ་ཡིན་ཡང་རང་གི་ཕ་ཡུལ་དེ་འདྲ་བཟང་ཞིང་སྐྱིད་པོ་ཡིན་ན། ཕ་ཡུལ་དང་ཁ་བྲལ་ནས་ས་མཐར་མི་ཡོང་པ་འདྲ་རེད། འོན་ཀྱང་། ངའི་གཡས་གཡོན་ན་ཡོད་པའི་མི་མང་ཆེ་བ་ནི། རང་ས་རང་ཡུལ། རང་གི་གཅེས་པའི་ཕ་ཡུལ་དང་ཁ་བྲལ་ནས། ས་མཐར་འཁྱམས་ཡོང་བ་དག་དག་རེད། ཡང་བསམ་བློ་རེ་བཏང་ན། མི་སུ་དང་སུ་ཡིན་ཡང་། རང་གི་ཕ་ཡུལ་དང་ཁ་བྲལ་འདོད་མེད་ནའང་། ཁ་མི་བྲལ་ཐབས་མེད་ཀྱི་དོན་རྐྱེན་རེ། ང་རང་དང་འདྲ་བར་ཡོད་ཁོ་ཐག་རེད། འོན་ཀྱང་། མི་སུ་དང་སུ་ཡིན་རུང་། ཅི་འདྲའི་ཐག་རིང་ས་མཐར་སོང་ཡང་། རང་གི་ཕ་ཡུལ་སེམས་ནས་བརྗེད་ཐབས་མེད། ཡང་རང་ས་རང་ཡུལ་དུ་བསྡད་ཡོད་པའི་མི་ཚོས། རང་ས་སྐྱིད་པ་དང་། ཕ་ཡུལ་དུ་བསྡད་ཡོད་པ་ནི་སྐྱིད་པོ་ཡིན་པར་བསམ་གྱིན་ཡོད་མེད་མི་ཤེས།
        ཐེངས་རེར་ངས་ཞིབ་ཏུ་བསམ་བློ་བཏང་ན། རང་གིས“ཕ་ཡུལ”ཟེར་བའི་ཡི་གེ་གཉིས་ཀྱི་གོ་དོན་གསལ་བོ་ཞིག་ཧ་གོ་གི་མེད་པ་འདྲ། ཕ་ཡུལ་ཟེར་བ་འདི། རང་གི་ཕ་དྲིན་ཅན་འདུག་པའི་ས་ཆ། ཡང་ན་སྡེ་བ་འདི་ལ“ཕ་ཡུལ”ཟེར་བ་ཡིན་ནམ། ང་རང་ཉིད་སྐྱེ་ཡུལ། ཡང་ན་སྐྱེ་ས། མ་དྲིན་ཅན་གྱི་ལྟེ་ཁྲག་ཕོ་ས་དེར“ཕ་ཡུལ”ཟེར་བ་ཡིན། ཅི་ཞིག་ཡིན་ཡང་། ཕ་ཡུལ་ཟེར་བ་འདི། མི་ཐུག་མི་དང་ཁྱི་ཐུག་ཁྱི་ལ་བཤད་དགོས་པ་ཞིག་དང་བསྟོད་དགོས་པ་ཞིག་རེད། ངའི་གྲོགས་པོ་དགེ་འདུན་གྱིས“ཕ་ཡུལ་ནས་ཆུ་ནག་འཐུང་། རྩམ་ནག་མིན་པ་ཅི་ཡང་ཟ་རྒྱུ་མེད་ན། སེམས་བརྒྱགས་ཕོ་བརྒྱགས་རེད། ས་མཐའ་འདི་ཚོ་ནས་ཤ་མར་གྱི་ཁ་ཟས་ཡོད་ན། ཕོ་བརྒྱགས་ན་སེམས་མི་བརྒྱགས་པ་ཞིག་རེད”ཟེར་བ་དང་། ཡང་དུས་རྒྱུན་དུ་ལོ་ཆུང་ཚོས་གླུ་ལེན་དུས“ངའི་ཕ་ཡུལ་གང་ཞིག་གང་ཞིག་ཡིན། རྒྱུ་ཆེན་པོ་མེད་ན་སྐྱིད་པོ་ཡིན”ཟེར་བ་ལྟར། ཚང་མའི་སེམས་གཅིག་པ་རེད། ང་རང་ཡང་ཕ་ཡུལ་ན་ཡོད་དུས། ཕ་ཡུལ་འདི་འདྲ་སྐྱིད་པོ་དང་། ཕ་ས་འདི་འདྲ་བཟང་བོས་ང་བསྐྱངས་པས། དྲིན་ཅན་ཡིན་བསམ་རྒྱུ་མ་བྱུང་མོད། ས་མཐར་ཐོན་དུས། ཕ་ཡུལ་སེམས་ལ་དྲན་ན་སྐྱིད་པོ་ཞིག་རེད།
        ང་རང་ཆུང་དུས་ནས་ཕ་དྲིན་ཅན་གྱིས་ཁྲིད་ནས། ས་ཆ་མང་བོ་ཞིག་ལ་འཁྱམས་སྡོམ་བྱས་མྱོང་། དེ་དུས་ཕ་དྲིན་ཅན་གྱི་ནམ་རྒྱུན་ངེད་བུ་སྤུན་གཉིས་ལ“ཕ་བཟང་བུ་ལོ་གཉིས་ཀ ས་གང་ནི་སོང་ན། རང་གི་ཕ་ཡུལ་གདའ། ཕ་སྐད་བརྗེད་མི་ཉན”ཟེར་བ་ནི། དུས་རྒྱུན་ངའི་རྣ་ལམ་དུ་གྲག་འདུག བཤད་ན་མཚར་བོ་རེད། ཐག་རིང་བའི་ས་མཐའ་ཅི་འདྲ་སོང་ཡང་། ཕ་ཡུལ་ན་ཡོད་པའི་ཉེ་ས་རྣམས་དྲན་རྒྱུ་ཅི་ཡང་མེད་ལ། ཕ་ཡུལ་གྱི་ས་ཆ་དང་རང་ཉིད་ཆུང་དུས་སུ་འགྲོ་མྱོང་འདུག་མྱོང་གི་ས་ཆ་ནི། དུས་ནམ་ཡང་སེམས་ནས་བརྗེད་མེད་རེད།
        ཡང་ང་རང་ཆུང་དུས་སུ། སྟོང་ཉམ་མཚོའི་རྒད་པོ་ཞིག་གིས་ང་རང་ལ“ཡ་བུ་ཆུང་། ད་ཁྱོད་ཤ་ཚ། ཁྱི་སྤྲང་བོ་གཉིས་ལ་ཕ་ཡུལ་མེད། ཕོ་བ་ག་ནས་བརྒྱགས་ན་ཕ་ཡུལ་རེད”ཟེར་མྱོང་བ་འདི་ངའི་སེམས་སུ་དེ་རིང་བཤད་པ་བཞིན། ཧ་ཅང་གསལ་བོ་དྲན་འདུག འོན་ཀྱང་། ང་རང་ཆུང་དུས་ནས། ངེད་བུ་སྤུན་གཉིས་ནི་དྭ་ཕྲུག་ས་མཐར་ལྷུང་བ། སྤྲང་བོ་ཁྱི་འདྲ་ཡིན་པ་ཧ་གོ་ལ། ང་རང་གཉིས་ལ་ཕ་ཡུལ་མེད་སྣང་ཞིག་ཞེ་ནས་ཡོད་མ་མྱོང་། དེ་དུས་ངའི་ཕ་ཡུལ་ནི་ཉིན་དཀར་སེམས་སུ་ཡོད་ཅིང་། མཚན་མོར་རྨི་ལམ་ནང་ན་ཡོད། ང་རང་ཆུང་དུས་ནས། མགོ་ལ་དཀའ་སྡུག་ཅི་འདྲ་བྱུང་ཡང་། སེམས་ནས“མཐའ་ཅི་འདྲ་ལ་ཐུག་ཀྱང་ང་ནི་ཤི་མི་ཉན། ང་རང་སྔ་ཕྱི་མ་གཏོགས་ཡིན་གཅིག་མིན་གཉིས། ཕ་ཡུལ་ནི་འགྱོ་དགོས”བསམ་པའི་སེམས་ཤུགས་ནི་ཧ་ཅང་བརྟན་པོ་ཡིན། འཇིག་རྟེན་གཏམ་དཔེ་ལ“བུ་སྐྱེས་ས་ས་མཐའ་ཡིན”ཟེར་ལ། ང་རང་ཡང་། ལས་ནག་པོ་ཟད་པ་མིན་ན། ས་མཐའ་ནས་མགོ་ཁྱོགས་ནས་མི་གྲལ་དུ་ཐོན་ཐུབ་པའི་ཉིན་ཞིག་ལོས་ཡོད། དེ་དུས་ང་རང་ཕ་ཡུལ་ཕྱོགས་སུ་ཐོན་ན། དུས་འགྱུར་གྱི་རྐྱེན་གྱིས། ཉེ་འདྲེལ་ཆེན་པོ་ལྷག་མེད་ཀྱང་། རྨ་སྡེ་ཆུ་ཁ་མའི་ས་ཆུ་རི་ཀླུང་དང་། ཨུ་རྒྱན་བར་ཞི་སོགས་སྔར་ལྟར་གནས་ཡོད་བསམ། ངོ་མ་བཤད་ན། ངའི་ཕ་ཡུལ་ན་གལ་ཆེ་བའི་ཁྱིམ་མི་ཅི་ཡང་མེད་ལ། ཨ་ཁུ་ཨ་ཞང་། ཨ་ནེ་སོགས་སྙིང་ཐག་ཉེ་བའི་ཉེ་ས་མང་བོ་ཡོད། ང་འདྲ་ཞིག་ཕ་ཡུལ་དུ་མ་ཐོན་ཡང་། སྡུག་རྒྱུ་དེ་འདྲ་མེད། འོན་ཀྱང་ངས་དུས་དང་རྣམ་པ་ཀུན་ཏུ་ཕ་ཡུལ་དང་། ཕ་ཡུལ་གྱི་ཉེ་འདྲེལ་སོགས་དྲན་ཞིང་། ཕ་ཡུལ་གྱི་ཆུང་དུས་རྩེ་རོགས་ཚོ་དང་། ཡང་ན་བེའུ་ལུ་རྒྱུད་པ་རྣབ་ཟན་དང་། ཁྱི་རྒན་རྒྱ་ལོ་སོགས་དྲན་པ་དང་། ལྷག་པར་དུ་ཕ་ཡུལ་གྱི་ས་ཆུ་རི་གསུམ་ས་གང་དུ་སོང་ན་དྲན་ཞིང་། ལོ་ཅི་ཙམ་འགོར་རུང་དྲན་པ་རེད། དེ་བས་ངས་ཆུང་དུས་ནས་སེམས་ཐག་བཅད་ཟིན་པ་ནི། “ཤི་མ་སོང་ན། ང་རང་སྔ་ཕྱི་མ་གཏོགས་ཕ་ཡུལ་ལྷ་སྡེ་དཀར་ བོར་ཐོན་དུ་འཇུག་རྒྱུ”དེ་ཡིན།
        ང་རང་ཐོག་མར་ཆུ་དམར་ལེབ་རྭ་ཚང་སྡེ་བའི་བདེ་སྐྱིད་ཁང་གི་སློབ་གྲྭའི་ནང་དུ་ཐོན་དུས། མགོ་ལོག་དགེ་རྒན་ཚེ་རིང་རྡོ་རྗེས“ཨ་རའོ་མགོ་ལོག་ཞི་ལུ། ཁྱོད་གི་ཕ་ཡུལ་ངོ་མ་གང་ནས་རེད”ཟེར་བར། “ངའི་ཕ་ཡུལ་ནི་རྨ་སྡེ་ཆུ་ཝ་མ་རེད”ཅེས་བཤད་པར། ཁོང་གིས“འོ། དེ་ངས་ཤེས་ཡ། དངོས་རྭ་ལྷ་སྡེ། ཁྱོ་ཁོ་ཆུ་ཁ་མ་ལོས་ཤེས་ལོས་ཤེས། ང་ཆུང་དུས་འགྱོ་མྱོང་། ས་སྐྱིད་པོ་ཡིན་ནི་རེད། སྡེ་བཙན་པོ་བུ་རྒོད་པོ་ཡིན་ནི་རེད།” ཟེར་བར། ང་རང་དེ་དུས་ལོ་ཆུང་ཡང་། མི་དོན་མེད་ཞིག་གིས་ང་རང་གི་ཕ་ཡུལ་ལ་འདི་ལྟར་བསྟོད་པ་བྱས་པར། སེམས་ནས་ཧ་ཅང་དགའ་སྤྲོ་སྐྱེས་སོང་།
         ཁྱོད་ཀྱི་ཕ་ཡུལ་ངོ་མ་གང་ནས་རེད་ཟེར་ན། ངའི་ཕ་ཡུལ་ངོ་མ་ནི། བོད་གངས་ཅན་གྱི་ཤར་ཕྱོགས། ཨ་མྱེས་རྨ་ཆེན་སྤོམ་རའི་ལྷོ་ངོས། ཤར་དུང་རི་མཐོན་པོའི་གཡས་ཟུར། རྨ་ཆུ་རིང་མོའི་ཁུགས་སོ་བཅོ་བརྒྱད་ཀྱི་ཁུགས་དང་པོ་ན་གནས་པའི་རྨ་སྡེ་ཆུ་ཁ་མའམ། ཡང་ན་ཁྱོ་ཁོ་ཆུ་ཁ་མ་ཟེར་པའི་སྡེ་བ་དེ་ཡིན།

པར་ལེན་མཁན། ནགས་ཚང་ནུས་བློ།
 

ཉེ་བའི་གསར་བསྒྱུར།