ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > འབོལ་རྩོམ།

ཞག་རྩམ་ཟོས་ནས་རྣོང་ཐོག ཁྱི་རྒན་རྒྱ་ལུས་བཟུང་སོང་།

སྤེལ་དུས། 2013-02-26 11:32:14  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། ནགས་ཚང་ནུས་བློ།  ཀློག་གྲངས།

        ཉིན་ཞིག་ཡང་ངེད་ཚོ་ཆུ་ཁ་ནས་རྩེ་གི་ཡོད་དུས། རུ་སྐོར་གོང་མ་ན་ཞོ་ཚེ་ཟེར་བའི་རྒན་པོ་ཞིག་ཡོད་པ་དེར་ཡོང་ནས། ངེད་ཚོས་རྩེད་མོ་ལ་བལྟས། ཅུང་ཙམ་འགོར་རྗེས། ཁོས་སྦལ་བ་ཆུང་ཆུང་ཞིག་བཟུང་ནས། “ཡ་དེ་རིང་ངས་ཁྱོད་ཚོའི་བུ་སུ་དཔའ་ཆེ་གི་བལྟ་དགོས། སུ་ཨ་ཕ་འདྲ། དཔའ་ཆེ་ན་སྦལ་བ་འདི་ཁ་ནང་ལ་བསྡུས”ཟེར་བར། བྱིས་པ་ཚོ་ཡར་གད་ཐོག་ཏུ་བྲོས། ང་རང་མ་བྲོས་པར་དེ་རུ་ལངས་ནས་བསྡད། ངའི་སེམས་སུ། སྦལ་བ་ངའི་ཁ་ནང་དུ་མང་བོ་བཞག་མྱོང་། དེ་ལ་སྐྲག་དགོས་དོན་ཅི་ཡང་ མེད་སྙམ། དེ་དུས་ཁོས“ཡ་འདི་སུ་ཚང་ཡིན་ན། དཔའ་ཡོད་ཁུ། ཨ་ཕ་གདའ་འདྲ་གི། ཁྱོད་ཚོས་ལྟོས་གོ ད་ཁོས་སྦལ་བ་ཁ་ནང་ལེན་རྒྱུ་རེད”ཟེར་ཞོར་དུ། སྦལ་བ་ངའི་ཁ་ལ་གཏུག ཁོས“ཁྱོད་ཨེ་སྐྱག”ཟེར་བར། ངས“ང་མི་སྐྱག”ཅེས་བཤད། “ཁྱོད་སུ་ཚང་གི་ཡིན ” ཁོས་དེ་ལྟར་དྲིས་པ་ན། ངས“ང་ནགས་ཚང་ཚང་གི་ཡིན”ཞེས་བཤད། ཁོས“འོ་འོ། དེ་ལོས་ཡིན། ཕ་རྒན་ནི་རིག་ནི་རེད་མོ། དཔའ་ཡོད་ནི་རེད། ཡ་སྙིང་རྗེ་ངེད་གཉིས་ཉེ་འབྲེལ་རེད་གོ ཁྱོད་ངའི་ཚ་བོ་རེད”ཟེར། “ངེད་གཉིས་ཉེ་འབྲེལ་ཡིན་ན། ཁྱོས་ངའི་ཁ་ནི་སྦལ་བ་གླན་ནས་ཅི་དགོས”ཞེས་བཤད་པ་ན། ཁོས“ཨ་ཝ་རོ་ཆེ ས་ཞི་ལུ་ངར་ཁྱོ་ཡིན་ན། ཡ་བུ་རྒོད་པོ། སང་ཉིན་ང་བསུ་ནེ་ཡོང་བ། ཁྱོད་ངེད་ཚང་རུ་ནང་ཤོག་གོ”ཟེར་ཞོར་དུ་བུད་སོང་། ཡང་བྱིས་པ་ཚོ་ཚུར་ཡོང་། ཀུན་ནེ་ཡིས“ཨ་བུ་ནུས་ཁོ། ཁྱོད་ཨེ་སྐྱག་ཐལ”ཟེར་བར། ངས“ང་མ་སྐྱག་ཐལ”ཞེས་བཤད། མོས“སྦལ་བ་ཁ་ནང་བཟུང་ན་མྱིད་པ་ནང་ཤོར་ནི་རེད་གོ ཕོ་བ་ནང་ཐོན་ན། ཡང་སྦ་ཕྲུག་མང་བོ་ཞིག་བཞག་ནས། ཕོ་བ་གད་འགྱོ་ནི་རེད”ཅེས་བཤད་པ་ན། ངས“སུས་ཟེར་གི། དེ་རྫུན་བཤད་གོ་ནི་རེད” ཅེས་བཤད། “ཨ་ནེ་ཚེ་ཁོས་བཤད་ནི་ཡུམ་མིན་ན།” དེ་དུས་ཨ་ནེ་རྟམ་ཁོས“འེ། ཞི་ལུ་ཚོ། ཆ་ཀ་རེམ་མ་འདི་ན་ཤོག་གདའ། ངས་ཁྱོད་ཚོ་ཞག་རྩམ་ཞིམ་པོ་ཞིག་སྦྱིན”ཟེར་བས། ངེད་ཚོ་བྱིས་པ་ལྔ་བོ་རྒྱུགས་ནས། ཨ་ནེའི་རྩིབ་ཏུ་གྲལ་བསྒྲིགས་ནས་བསྡད། ཨ་ནེས་མི་རེ་ལ་ཞག་རྩམ་ཅ་ནེ་གང་རེ་སྦྱིན། ངས་ཅུང་ཟོས་པ་ན། ངོ་མ་ཞིམ་པོ་ཞིག་རེད། ངས་ཡང་ཞག་རྩམ་ཁ་གང་གང་ཟོས་པར། མིད་པ་ནང་དུ་བསྡད་ནས་ཡར་སྐྱུག་རྒྱུ་མེད་ལ། མར་མིད་རྒྱུ་མེད་པས། ང་རང་དབུག་འགག་སྟེ། མིག་ནས་མཆི་མ་ཤར་ཤར་དུ་བབས་ཤིང་། མགོ་ཡོམ་འཁོར་ནས་ལོག་ལ་ཁད་བྱས། དེ་དུས་ཞི་མོ་ཀུན་ནེས“ཨ་ནེ་རྟམ་ཁོ། ཨ་བུ་ནུས་ཁོ་རྣོང་ཐལ”ཟེར། ཨ་ནེ་རྒྱུགས་ཡོང་ནས། ངའི་རྒྱབ་ལ་ཁུ་ཚུར་གྱིས་རྡུང་ཞིང་ཇ་དྲོན་པོ་བླུད། ཅུང་ཙམ་འགོར་རྗེས། ང་དབུགས་ལོན་ནས། ཞག་རྩམ་ཡང་ཁོག་ཏུ་སོང་། ཨ་ནེས“འདིའི་ཨ་ཝ་མ། ང་ནི་སྐྱག་ཞིག་བརྩང་ཡོད། ཡུམ་འདོན་ད་ཤི་ཐས་མ་བསམ་ན”ཟེར། མ་གཞི་རུས་པ་བརྡུངས་ནས་ཞག་བླངས་ཏེ། རྩམ་པ་ཟ་སྤྱད་བྱས་ན། ཟས་ཧ་ཅང་ཞིམ་པོ་ཞིག་རེད། འོན་ཀྱང་། ང་ལ་ཟས་ཞིམ་པོ་ཟ་བའི་ལས་མེད་འདུག དེའི་རྗེས་ནས་ཀྱང་། ང་རང་ཞག་རྩམ་གྱི་བརྣང་མྱོང་ལ། ཨ་ནེས་ནམ་ཡིན་ན“ཨ་ཡུམ་ཤེས་ན། ནུས་ཁོ་འདིའི་མྱིད་པ་འདི། ཡི་དྭགས་གི་མྱིད་པ་འདྲ་ཞིག ནམ་ཡིན་ན་རྣོང་འཇོག་གི ”ཟེར། དེའི་རྗེས་སུ་ཞག་རྩམ་ཟོས་ན། ཨ་ནེས་ང་ལ་རྩམ་པ་ཁམ་གང་རེ་ཟོས་ན། ཡང་ཇ་དྲོན་མོ་ཁམ་གང་རེ་འཐུང་དུ་འཇུག་པས། དེ་ནས་བཟུང་ང་རང་ཞག་རྩམ་གྱི་བརྣངས་མ་མྱོང་། དེའི་སྐབས་ཨ་ཁུ་ནོར་བཀྲ་ཚང་ལ། བསྐོར་མེད་པའི་ཁྱི་རྒན་ཞིག་ཡོད། རུ་སྐོར་ཀུན་ཀྱིས་ཁོས་མིང་ལ་ཁྱི་རྒན་རྒྱ་ལུ་ཟེར། ངས་ནམ་རྒྱུན་ཁོ་རྩེ་སྤྱད་བྱས་ཏེ། མཚམས་རེར་མགོ་ནས་མནན། མཚམས་རེར་རྒྱབ་ཏུ་ཞོན། ཁོས་དུས་རྒྱུན་ང་ལ་མཆུ་ཐོ་རེ་རྒྱག་པ་ལས་བཟུང་མ་མྱོང་། སྐབས་རེར་ངས་ཁོ་ཁྲིད་ནས་བྱིས་པ་ཚོ་དང་མཉམ་དུ་རྟ་ཞོན་ཞོན་བྱས། ཨ་ནེ་རྟམ་ཁོས“ཞི་ལུ་ཚོ་དེར་ག་མ་ཡེད་མིན། ཉིན་ཞིག་ནི་ཁྱི་རྒན་གིས་ཡུམ་འདོན་མི་འཛིན་ན”ཟེར་ བར། ངས“འོ་ཡ་ཨ་ནེ”ཟེར་ཞོར་དུ། ཁྱི་རྒན་གྱི་ཁ་ནང་ཏུ་མཛུབ་གུ་བརྒྱབ་ནས་བལྟས་པར། ཁ་ནང་དུ་སོ་ཟད་པོ་རེ་གཉིས་ལས་ལྷག་མེད་པས་སྐྲག་དགོས་སྤྱད་ཅི་ཡང་མེད། ཐེང་ཚིགས་ངས་སྔོན་ན་ཞོན། ཞི་མོ་ཀུན་ནེ་རྒྱབ་ནས་ཞོན། ངེད་གཉིས་ཀྱིས་ཁྱི་རྒན་ལ་འཕོང་བྱས་ནས་རྟ་ཞོན་ཞོན་བྱས། ཁྱི་རྒན་འགྲོ་ཁ་མ་ཉན་པར། ངས་ཕུར་བ་ཞིག་ལག་ལ་བཟུང་ཡོད་པས་ཁྱི་རྒན་རྒྱ་ལུར་ཅུང་བརྒྱབ་ནས“ཆོ་ཆོ”ཟེར་བར། ཁྱི་རྒན་སྤོ་ལང་ནས་ཁ་ཕྱིར་ར་འཁོར་ཏེ། ངའི་ལག་པ་དང་རྐང་བའི་ཉྭ་གདོང་ལ་སོ་བཏབས་པར་མ་ཟད། ས་ཐོག་ཏུ་ལོག་ཡོད་པའི་ཀུན་ནེའི་ཕྲག་མགོ་ལ་སོ་ཞིག་བཏབ། ཀུན་ནེས་ཧོ་འདེབ་ཞོར་དུ་ཡར་ལངས་ནས་བྲོས། དེ་དུས་ཨ་ནེ་རྟམ་ཁོས་ཁྱི་རྒན་བཟུང་ནས་ཁྲིད་སོང་། ཨ་ནེས“ཁྱེད་གཉིས་ཀ་དེ་དགོས་ནི་ཆས། མ་ཡེད་བརྫེས་ན་ཁ་མི་ཉན་གི ད་ཅི་འདྲ་ཐལ”ཟེར་ཞོར་དུ། ངེད་གཉིས་ཀྱི་རྨ་ཁ་ལ་མོ་རང་གི་སློག་པའི་སྐྱི་མོ་བཀོག་ནས་སྦྱར། ཞི་མོ་སྐྲག་ནས་ངུས་ཤིང་། ངའི་རྨ་ནི་ཆུང་ཆུང་ཞིག་ལས་མེད་པས། ངུ་དགོས་པ་དང་སྐྲག་ད གོས་པ་ཅི་ཡང་མེད། ཨ་ནེས“འོ་ཁྱི་རྒན་དེ་ཁ་དྲོ་ཝོ། འདི་གཉིས་ཧིག་གི་འདུག་རེ་མེད་ནི། དེ་མ་ཆུང་ན་མ་ཆེ། ཁྱི་རྒན་ལོ་ལོན་འདུག་ག་མི་འཇུག་ཝ་ཆེད་ནི”ཟེར་ལ། ངེད་གཉིས་ཀྱིས་རང་རང་གི་རྨ་ལ་བལྟས་ནས་འདུག་པ་ལས་བཤད་རྒྱུ་ཅི་ཡང་མེད། ཅུང་འགོར་རྗེས་ཨ་ནེ་རྟམ་ཁོས་རྩམ་པ་ཞིག་རྫིས་ཏེ། ངའི་ལག་པ་དང་རྐང་བའི་རྨ་ཁ་ནས་བཞུར་བའི་ཁྲག་རྩམ་པ་ཐོག་ཕྱིས་ནས ། “ད་སོང་། འདི་ཁྱི་རྒན་རྒྱ་ལུ་སྦྱིན་ཤོག དེ་མིན་རྨ་ཁ་ཐབ་ཡོང་ན་ཐང”ཟེར་བར། ངས་རྩམ་པ་ཁྱེར་ནས་ཁྱི་རྒན་རྒྱ་ལུའི་རྩིབ་ཏུ་སོང་ནས། ཁོ་ལ་ཁྲག་འགོས་ཡོད་པའི་རྩམ་པ་དེ་སྦྱིན། ཁྱི་རྒན་རྒྱ་ལུས་ང་ལ་དགའ་ཁ་བྱས་ཏེ་སྔ་མ་གཡུག་ཅིང་། ངའི་ཁ་ངོ་སོགས་ལྕེ་ལྡག་བྱེད། ངས་ཁོ་ལ་ངའི་ལག་པ་དང་རྐང་པའི་རྨ་ཁ་ལྕེ་ལྡག་བྱེད་དུ་བཅུག་ལ། ཁོས་རྨ་ཁར་ཡོད་པའི་ཁྲག་ཚང་མ་ལྕེ་ལྡག་བྱས། ངས“དམྱལ་བ་བོ། ཁྱོས་ང་བཟུང་ཐལ་མོ། ད་རྗེ ས་ནས་ངས་ཁྱོད་མི་གཅེས”ཟེར་ཞོར་དུ། ཡང་ཁྱི་རྒན་མགོ་ནས་ མནན་ཞིང་། ཁ་ནང་དུ་མཛུབ་གུ་བརྒྱབ་ནས་སོ་རེ་རེ་བཞིན་དུ་བརྩིས། ཨ་ནེས“ཞི་ལུ་ཁྱི་རྒན་འདུག་ག་ཆུག་མིན། ཡང་ཡུམ་མི་འཛིན་ན”ཟེར། དེ་དུས་ཨ་ཁུ་ནོར་བཀྲས“ཡ་ནུས་ཁོ། འདི་ན་ཤོག་གདའ”ཟེར་བར། ང་ཁོའི་རྩིབ་ཏུ་སོང་བ་ན། ཁོས་དཀར་ཡོལ་ནང་དུ་ཆུ་འདྲ་དཀར་བོ་ཞིག་འཐུང་འདུག ང་དེ་ཐོན་ན་ཁོས“ཡ་ཞི་ལུ། དེ་རིང་ངས་ཁྱོ་དཔའ་ཅི་ཡོད་བལྟ་དགོས། དཔའ་ཡོད་ན་འདི་ནས་ཁམ་བུ་གང་དོ་ཞིག་འཐུང་གདའ”ཟེར། ངས་བསམ་བློ་ཅི་ཡང་མ་བཏང་པར། ཁོའི་དཀར་ཡོལ་ནང་ནས་ཆུ་དེ་ཁམ་བུ་དོ་འཐུང་། འཐུང་ཚར་མ་ཐག་ང་ཡི་ཁ་ལྕེ་སོགས་སྦྲིད་སོང་ལ། མིད་པ་ཧ་ཅང་ཚ་འདུག ཁོས“ཨ་ཝ་ཞི་ལུ་ངར་ཁྱོ་རེད་ཡ”ཟེར་ལ། ཨ་ནེས“ཁྱོས་དེ་ཆང་བླུད་ནི་ཆེད་ནི”ཟེར། “ཕོ་གསར་ཞིག་གི ས་ཆང་ཁམ་བུ་གང་དོ་འཐུང་ན་དྲག་ནི་རེད”ཟེར། ཅུང་འགོར་རྗེས་ང་རང་མགོ་ཡོམ་ཅུང་འཁོར་འདུག ངས་ང་ཆང་གིས་བཟི་སོང་ཟེར་ནས། གཅེར་བུར་ཡར་རྒྱུག་མར་རྒྱུག་བྱས། ཨ་ནེས་སྒོ་ལམ་ན་ཇ་འཐུང་བཞིན་ཡོད་ལ། ངས་མོའི་དཀར་ཡོལ་ཐོག་བརྫིས་པས་ཇ་ཕོས་སོང་། ཨ་ནེས“ཞི་ལུ་སྨྱོ་ཐལ་ཁ་མ་བྱེད་མི། ཡུམ་མི་གཤད་ན”ཟེར། ང་ཡང་ཡར་རྒྱུགས་ནས་སྦ་ཡི་སྒོ་རེ་ངོ་ལ་འཐམ་ནས་གྲུ་གུ་བསྒངས། དེ་དུས་སྦ་རེས་རྙིང་བ་ཡིན་པས་ཧྲག་སེ་ཡུར་ཞིག་ཆད་ནས་གོག་སོང་། ཨ་ནེ་རྟམ་ཁོས“ངས་ཁྱོད་དེ་རིང ་ཡུམ་འདོན་མི་གཤད་ན”ཟེར་ཞོར་དུ། འབྲིང་རྒྱུན་ཞིག་བཟུང་ནས་ང་རང་བདའ་འོང་། ང་བྲོས་དུས་སྒོ་ཆོན་ཕུར་བ་ལ་རྡོག་སྣ་འཐོག་སྟེ་ལོག་སོང་བར། ཨ་ནེས་ང་བཟུང་སྟེ། ངའི་རྒྱབ་དང་ཨོང་ཤ་ཐོག་ཏུ་འབྲིང་རྒྱུན་གྱིས་ཐེངས་གཅིག་གཉིས་གཞུས་སོང་། དེ་དུས་ཨ་ཁུ་ནོར་བཀྲ་ཡོང་ནས། ང་རང་ཡར་ཁྲིད་ཞོར་དུ“ཁྱོས་དེ་གཤད་དུ་ཆེད་ནི། ངའི་ཞི་ལུ་ཆང་གི་བཟི་སོང་རེད། ཡ་ད་དྲག ནེས་པ་ངེད་གཉིས་ཁྱིམ་ནང་འགྱོ”ཟེར། ཨ་ནེས་འབྲིང་རྒྱུན་གྱིས་གཞུས་པ་དམར་ཤར་རེ་རྗེས་བཏོད་འདུག ང་མ་ངུས་པར་ཨ་བུ་ཚེ་དཔལ་ཡོད་སར་སོང་། ཨ་བུས”ཨ་ནེ་ཡུམ་སྨྱོ་ནི་མ་རེད་ན། འདི་ནི་འབྲིང་རྒྱུན་གིས་གཞུས་རྒྱུ་མེད་ནོ་ལོས་ཤེས། ཡ་ད་དྲག་གི་བུ་ཁོ། ཕོ་སར་ཞིག་ཝ་འདི་སོ་ཅི་ཡིན་ཆག”ཟེར། དེ་དུས་ཨ་ནེས“ག་རེ་ནུས་ཁོ་འདི་ན་ཤོག་གདའ། ཨ་ནེས་ཅིག་བལྟ”ཟེར་ལ། ཨ་བུས“མ་འགྲོ་མི་ཡང་གཤད་གདའ་གོ”ཟེར་ཡང་། ང་ར ང་ཡར་ལངས་ནས་ཨ་ནེ་རྟམ་ཁོའི་གམ་དུ་སོང་། མོས“སྡུག་ཏུ་ཡུར་ཞིག་གཤད་བཞག་ཞིག”ཟེར་ཞོར་དུ། ང་ལ་ཞིམ་པོ་རེ་གཉིས ་དང་ཞོ་ཅ་ནེ་གང་བླུགས། ངས་ཞོ་འཐུང་ཞོར་དུ་སྒོ་རྩ་རུ་བསྡད།
 

ཉེ་བའི་གསར་བསྒྱུར།