ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > འབོལ་རྩོམ།

སྐད་རིགས་ཤིག་གི་ཉམས་ཉེས་ལ་བཏང་བའི་བསམ་གཞིག

སྤེལ་དུས། 2013-04-07 12:15:34  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། གུར་མགོན་རྒྱལ།  ཀློག་གྲངས།

        ང་ཚོས་དུས་ནམ་ཡང་ཉིན་དཀར་ཟས་དང་མཚན་མོ་གཉིད་ལྟར་ཁ་ནས་གླེང་བཞིན་པ་ནི་མི་རིགས་ཤིག་གི་རྐང་སྟེགས་སུ་གྱུར་བའི་སྐད་ཡིག་རེད། སྐད་ཡིག་ནི་མི་རིགས་ཤིག་གི་རྟགས་མཚན་ཏེ་ཁྱད་ཆོས་འགངས་ཆེན་དེ་རེད། སྐད་ཡིག་ཡོད་པས་མི་རིགས་དེ་མི་རིགས་མང་པོའི་ཁྲོད་ནས་གསལ་གྱིལ་ལེར་མངོན་ཐུབ། དེའི་རྐྱེན་གྱིས་སྔོན་བྱོན་མཁས་དབང་མང་བོ་དང་ཤེས་ལྡན་པ་གང་མང་གིས་ཡང་དུ་བསྐྱར་དུ་སྐད་ཡིག་ལས་དོན་ལ་ཐུགས་ཁུར་དང་སྲུང་སྐྱོབ། མྱུར་སྐྱོབ་གང་མང་བྱེད་བཞིན་ཡོད་དེ། “ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།། མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།། སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།”ཞེས་པ་དང་། “རྩ་བ་བོར་ནས་རྩེ་མོ་མ་འཛིན་ཨང་།” “སྐད་རིགས་ལ་དགའ་བ་ནི་དོན་དམ་དུ་མི་རིགས་ལ་དགའ་བ་ཡིན”ཞེས་པའི་ཡང་དག་གནད་ལ་ཕིགས་པའི་གཏམ་རེ་རེས་མི་རབས་དང་མི་རབས་ཚ་རྒྱུད་ཚང་མའི་རྩའི་སྦུབས་ཁྲག་ཏུ་དྲོད་ལམ་ལམ་གྱི་ཁྲག་དྲོན་འདྲེན་བཞིན་ཡོད།


         དེ་བཞིན་པཎ་ཆེན་རིན་པོ་ཆེའི་མི་ཚེ་གང་བོའི་ལས་དོན་དང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། ཚེ་ཏན་ཞབས་དྲུང་རིན་པོ་ཆེ། རྗེ་དམུ་དགེ་བསམ་གཏན། ཨ་ལགས་དོར་ཞི་སོགས་སྐྱེས་ཆེན་དམ་པ་མང་བོའི་མི་ཚེ་གང་བོའི་འབད་པ་དང་། དེར་མ་ཟད་གཞོན་སྐྱེས་མཁས་པ་དང་འགོ་ཁྲིད་ལྷག་བསམ་ཅན། དགེ་བའི་བཤེས་གཉེན་མང་བོས་སྐད་ཡིག་ལས་དོན་ལ་ཐུགས་ཁུར་དང་འབད་འབུངས་བྱས་པ་ལ་བརྟེན་ནས་མི་རིགས་སྐད་ཡིག་གི་ད་ལྟའི་གནས་བབ་འདི་ཡོད་པ་རེད། དེ་ཡང་ཡིན་སྲིད་དེ། སྐད་ཡིག་ཤིག་གི་ཆགས་འཇིག་གནས་བབ་དེ་མི་རིགས་ཤིག་གི་ཆགས་འཇིག་གི་གནས་བབ་དང་འབྲེལ་བ་དམ་ཟབ་ཡོད་པས། ང་ཚོས་གཏན་ནས་བཏང་སྙོམས་སུ་འཇོག་ག་ལ་རུང་། དེ་བས་ན་ང་ཚོས་མི་རིགས་འཕེལ་རྒྱས་ཀྱི་རྐང་སྟེགས་སུ་གྱུར་བའི་སྐད་ཡིག་དེ་གཞི་རྐང་བརྟན་པོར་བཏང་བའི་རྗེས་སུ་ད་གཟོད་ཕྱི་རྩལ་ནང་འདྲེན་དང་ནང་རྩལ་ཕྱི་སྤེལ་གྱི་ཐབས་ཤེས་སྤྱད་ན། མི་རིགས་རིང་ཉིད་སྔོན་ཐོན་གྱི་གྲལ་དུ་ཚུད་ཅིང་འཕེལ་རྒྱས་ཡོང་བ་ནི་བསྙོན་དུ་མེད་པར་སེམས། དེ་ལྟར་མི་སེམས་པར་དེ་ལས་ལྡོག་སྟེ་སྐད་ཡིག་ཉམས་དམས་ཁྱད་གསོད་དང་བཏང་སྙོམས་སུ་འཇོག་པ་ནི་རང་རྐང་རང་གིས་གཅོག་པ་དང་རང་དོན་རང་གིས་གསོད་པའི་སྤྱོད་ཚུལ་ལས་མ་འདས།དེང་སྐབས་སྤྱི་ཚོགས་ཁོར་ཡུག་གི་དབང་གིས་སམ་མི་ཡི་བསམ་པའི་འཁྱེར་སྟངས་ཀྱི་དབང་གིས་རང་གི་སྐད་ཡིག་གི་རིན་ཐང་མི་ཤེས་པ། མི་འཚོལ་བ་གང་མང་ཞིག་ལ་ལུང་འདིར་འཇག་རྩྭ་བཞིན་སྐྱེས་བཞིན་ཡོད་མོད། འོན་ཀྱང་དེ་དག་གིས་ཅི་བསམ་ཡང་རུང་། ཅི་བྱས་ཀྱང་ཆོག རང་དང་མི་རིགས་ཤིག་གི་ཁྲག་རྒྱུན་གྱི་འབྲེལ་བ་དེ་སུས་ཀྱང་གཅོད་ཐབས་བྲལ་བས་ན། པཎ་ཆེན་རིན་པོ་ཆེས་ཀྱང་“ཁྱོད་ཚོས་བོད་ལྭ་གྱོན་མི་འདོད་ན་མ་གྱོན་ན་ཆོག་ལ།བོད་སྐད་བཤད་མི་འདོད་ན་མ་བཤད་ན་ཆོག་མོད། འོན་ཀྱང་ཁྱོད་ཚོས་ཤ་དང་རུས་པ་ཇི་ལྟར་བྱེད།”ཅེས་པ་ནང་བཞིན་ང་ཚོ་རྗེས་རབས་པ་ཡོངས་ཀྱིས་སེམས་དགོས་པའི་གནད་དོན་འགངས་ཆེན་ཞིག་རེད། ཡང་གཅིག་བཤད་ན། གལ་སྲིད་ནམ་ཉིན་མ་ཞིག་ལ། མི་རིགས་མང་བོས་རང་མི་རིགས་ཀྱི་ངོ་སོ་བསྟོད། མཛད་རྗེས་གླེང་ན་ང་ཚོས་སུ་ཞིག་གི་ངོ་སོ་བསྟོད། གལ་སྲིད་ཁྱོད་ཀྱི་ཡང་དེ་ལྟར་བྱས།ངས་ཀྱང་དེ་ལྟར་བྱས་ན། མི་རིགས་ཟེར་བའི་མིང་བྱང་དང་འགན་འཁྲི་རྡོག་རྡོག་དེ་སུ་ཞིག་གིས་འཁུར། སྐད་ཡིག་ཟེར་བ་དེ་སུ་ཞིག་གིས་སྐྱོབ། དེ་ལྟ་བུའི་ཡ་ང་བའི་སྐྱོ་ངལ་མི་འབྱུང་བའི་ཆེད། ང་ཚོས་དུས་ད་ལྟ་ནས་བཟུང་། མི་ང་ནས་བཟུང་། བྱ་བ་ཆུང་ངུ་ནས་བཟུང་འགོ་བརྩམས་ཏེ་རྗེས་ཕྱོགས་བྱ་བ་གང་ལ་ཐུག་ཀྱང་དཔའ་མི་ཞུམ་པའི་སྙིང་སྟོབས་བསྐྱེད་དེ་ཕ་མེས་ཡང་མེས་ཀྱི་བཞག་པའི་གཅེས་ནོར་བསྲུང་དགོས། ངོ་སོ་བསྟོད་དགོས། གྲོགས་པོ་ཚོ། ང་ཚོས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱས་ནས་མི་རིགས་དང་སྐད་ཡིག་རིག་གནས་འདིའི་ཆེད་དུ་དཔུང་རྡང་གཅིག་ཏུ་སྦྲེལ་ནས་ཧུར་བརྩོན་བྱེད་དགོས་ཨང་། བློ་གྲོས་དང་སྤོབས་པའི་ཁེངས་པའི་མི་རིགས་འདིའི་སེར་སྐྱ་ཕོ་མོ་ཡོངས་དང་རྒན་དར་གཞོན་གསུམ་ཀུན་གྱིས་རང་ནུས་ཅི་ལྕོགས་ཀྱི་མི་རིགས་ལས་དོན་ཡོངས་དང་ལྷག་པར་དུ་སྐད་ཡིག་རིག་གནས་ལ་འབད་པ་ལྷུར་ལེན་བགྱི་དགོས་པས། མཐར་འུ་ཅག་གི་བསམ་དོན་གྱི་རི་མོ་འགྲུབ་ཅིང་ཁ་ལས་རླུང་རྟ་དར་བའི་སྨོན་འདུན་གངས་དཀར་རི་བོ་རྩེ་ནས་འཛམ་གླིང་ཡོངས་སུ་ཁྱབ་གྱུར་ཅིག

རྩོམ་པ་པོ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གུར་མགོན་རྒྱལ་ཡིན།

ཉེ་བའི་གསར་བསྒྱུར།