ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > འབོལ་རྩོམ།

གཡག་རྒན་འཕོང་སྦུག་བྱེད་དུས། ཐང་བརྒྱབ་དབང་བོ་ཤོར་འདུག

སྤེལ་དུས། 2013-06-18 10:05:35  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། ནགས་ཚང་ནུས་བློ།  ཀློག་གྲངས།

 

        དེ་རིང་། རྡོར་པ། ཀུན་ནེ་ངེད་གསུམ་གྱིས་ལུ་གུ་འཚོས་ནས་ཚུར་ཁྱིམ་དུ་ཡོང་པའི་ལམ་ཁ་ནས། ཨ་ཁུ་ནོར་བཀྲ་ཚང་ལ་གཡག་རྒན་སྣ་མ་ཆེན་པོ་ཞིག་ཡོད་པ་དེ་བཟུང་སྟེ། ངེད་གསུམ་པོས་འཕོང་སྦུག་ནས་ཞོན། དེ་དུས་ཡང་ཨ་བུ་ཚེ་དཔལ་བརྒྱུག་ཡོང་ནས་སྣ་མ་གོང་དུ་བུད། ཨ་བུ་ཚེ་དཔལ་སྔོན་མ་ཡིན། དེའི་འཕྲོ་ང་། དེའི་འཕྲོ་རྡོར་པ། རྗེས་མ་ཀུན་ནེ། ངེད་བཞི་གཡག་རྒན་སྣ་མ་ཞོན་ནས་ལྷས་མཚམས་སུ་ཐོན་དུས། དེ་ན་མཛོ་མོ་ཆ་ཅིག་གིས་ས་ཐོག་ཕོས་ཡོད་པའི་ཆུར་ཁུ་འཐུང་བཞིན་ཡོད། ངེད་ཚོ་དེར་ཐོན་ན། ཆུར་ཁུ་འཐུང་བཞིན་པའི་མཛོ་མོ་ཞིག་རྒྱུགས་ཡོང་ནས། ངེད་ཚོས་ཞོན་ཡོད་པའི་སྣ་མ་ལ་རྡུང་རྩིས་བྱས། གཡག་རྒན་ སྐྲག་ནས་གཟུར་འདྲོགས་ཤིག་བྱས་པས། ངེད་བཞི་ཐང་ལ་བརྒྱབ་སོང་། དེའི་ཚེ་ངའི་མིག་ནང་ནས་སྐར་མ་འདྲ་འཆར་བ་དང་མཉམ་དུ་ཅི་ཡང་མི་དྲན་པར་གྱུར་སོང་། ཅུང་ཙམ་འགོར་རྗེས་ང་དྲན་པ་སོས་དུས། ཨ་ཁུ་ནོར་བཀྲ། ཨ་ནེ་རྟམ་ཁོ་ཁོང་ཚོས་ང་རང་བསྐྱོར་ནས་བསྡད་ཡོད་ལ། ཨ་བུ་ཚེ་དཔལ་དང་ཞི་མོ་ཀུན་ནེ་གཉིས་ཀྱི་ངོ་ལ་རྨ་ཅུང་རེ་བྱས་ཡོད་ལ། ངུ་ཞོར་དུ་ངའི་རྩིབ་ན་བསྡད་འདུག ངའི་ཡིད་ལ“ང་ཅི་ཞིག་རེད་སོང་ཞིག་གོ ད་ཅི་མ་ཉན་ནི་རེད”སོགས་བསམ་བློ་གཏོང་སྐབས། ཨ་ནེ་རྟམ་ཁོས“བླ་མ་དཀོན་མཆོག གུང་ཐང་རིན་པོ་ཆེ་མཁྱེན། ད་དྲག་ཐལ། ངས་ཡུམ་འདོན་ད་ཤི་ནི་ཡིན་ས་མ་བསམ་ན”ཟེར་ཞོར་དུ་ངུ་ཞོ ར་བྱེད་འདུག དེ་དུས་ངའི་རྒྱབ་ནས་ན་ཚ་ཧ་ཅང་ཆེན་པོ་ཞིག་སྐྱེས་ལ། རྒྱབ་གཞུང་ནས་ཐུར་དུ་ཁྲག་བཞུར་བ་རང་གིས་ཤེས་འདུག

        ཨ་ཁུ་ནོར་བཀྲས་ཁོ་རང་གི་སློག་པའི་སྐྱི་མོ་ཆེ་ཞིག་བཀོག་ནས། ངའི་རྒྱབ་ཀྱི་རྨ་ཁ་ལ་གླན། ངའི་རྒྱབ་ལ་རྨ་ཆེ་ཆུང་གཉིས་བྱས་འདུག་ཟེར། རྨ་ཆེ་བ་ནི་ཐང་ལ་རྒྱག་དུས་རྡོ་རྡོག་ཞིག་གི་ཐོག་ཏུ་རྒྱབ་པ་ལས་བྱས་ཤིང་། པགས་ཆེ་བ་ཞིག་བཀོག་ཡོད་པ་ལས་སྐྱོན་མེད། རྨ་ཆུང་བ་ནི་ས་ཐོག་གི་ཕུར་བ་ཆག་པོ་ཞིག་གི་མགོ་ལ་བརྒྱབ་སོང་བས། ཕུར་ཆག་གིས་རྒྱབ་གཞུང་ནས་ཅུང་མིན་ན་ནང་ལ་ཕུག་འདུག རྨ་ཆུང་ན་གཏིང་ཟབ་པོ་བྱས་ཡོད་པས། ཁྲག་མི་ཆོད་ལ་ཞིག་བྱས་སོང་། ཉིན་དྲུག་བདུན་ཞིག་ལ། ང་རང་ཡར་ལངས་ནས་སྒོ་ཁར་འགྲོ་མི་ཐུབ་པས། ཨ་ནེ་རྟམ་ཁོས་ཉིན་རྒྱུན་སྦ་ཡི་ཧྲག་མཐའ་ཡར་བཀྱག་ནས། ང་རང་ཉི་མའི་ནང་དུ་འདུག་བཅུག་ལ། མོས“དེ་རིང་ཁ་སང་ངའི་ཞི་ལུ་ནད་པ་རེད། ཅིག་མིན་ན་ཕ་དྲིན་ཅན་ནི་རྩིས་མ་འཕྲོད་ཐལ”ཟེར་ནས། ང་ལ་ཇ་བླུད་རྩམ་པ་རྫི་རོགས་བྱས། ཉིན་གུང་ཞོ་དང་མཚམས་རེར་ཡང་ཤ། གཡོད། རྒྱུ་མ་སོགས་ཟས་གང་དགའ་གང་ཡག་སྟེར། རྡོར་པ། ཀུན་ནེ་གཉིས་ཀྱང་སྐབས་རེ་ཁོང་ཚོའི་ཁྱིམ་ནས། ཤ་དང་། ཞོ་སོགས་ཟ་རྒྱུ་ཁྱེར་ཡོང་ནས། ངའི་རྩིབ་ལ་ཡོང་སྟེ། ངེད་ཚོས་མཉམ་དུ་ཟ་ཞོར་དང་རྩེ་ཞོར་བྱས། ཉི་མ་འདི་དག་ལ་ངས་ལྷག་ཏུ་ཕ་དྲིན་ཅན་དང་། ཨ་བུ་འཇའ་པེ་དྲན་འདུག མཚན་རྨི་ལམ་ནང་དུ་ཡང་ཕ་དྲིན་ཅན་དང་ཨ་བུ་འཇའ་པེ་ངོ་ཐུག་པ་ཐེངས་མང་དུ་རྨིས་སོང་།
        ཉིན་བཅུ་ལྷག་འགོར་རྗེས། ང་རང་ཡང་ས་རྒྱུག་རྡོ་རྒྱུག་བྱེད་ཐུབ་ལ། ལུས་ཐོག་ཏུ་གཞན་གྱི་སྐྱོན་ཆེན་པོ་ཅང་བྱས་མེད། ཉིན་ཞིག་ཨ་ཁུ་ནོར་བཀྲས“ནུས་ཁོ་འདི་ཡུམ་འདོན་ཞི་ལུ་ཨ་ཧས་མཁྲེབ་ཐོ་ཞིག་མ་རེད་ན། དེས་མོས་རྨ་ངར་ཁྱོ་རེ་ཡས་བཞག་ན། ངུ་རྒྱུ་མི་དཔེ་ཁུ”ཟེར་བར། ང་རང་སེམས་ནས་ཧ་ཅང་དགའ་འདུག དོན་དངོས་སུ་ང་རང་ཐང་ལ་བརྒྱབ་ཚར་དུས། རྨ་ཁ་ཚ་གཟེར་ཡོད་པས་ངུ་བསམ་སོང་། ལྷག་ཏུ་ཕ་དྲིན་ཅན་དང་ཨ་བུ་འཇའ་པེ་རྩིབ་ན་མེད་པས། ང་རང་སེམས་སྡུག་ནས་ངུ་བསམ་སོང་། ཡིན་ནའང་ང་རང་མ་ངུས། ངའི་སེམས་སུ་ཕ་དྲིན་ཅན་དང་། ཨ་ཞང་རྒྱ་ཁོར་ཚོས་དུས་རྒྱུན་དུ“སྐྱེས་ཕོ་རབ་ཞིག་གི་མགོ་ནི་སྐྱིད་སྡུག་མང་བོ་ཡོང་རྒྱུ་ཡོད་ནི་རེད། ཙུག་གེ་རེད་མ་རེད་དུས། ངུ་འདུག་ནི་ཞིག་ཡིན་ན། བུ་རྒོད་པོ་མ་རེད”ཟེར་བ་སོགས་དྲན་ན། ང་རང་གིས་སེམས་ཐག་བཅད་དེ“མཐའ་ཅི་རེད་ན། མི་ངུ་སེམས་ཐག་ཡིན”བསམས་སོང་། དེ་དུས་ཨ་ནེ་རྟམ་ཁོས་ཡང“ངའི་ཞི་ལུ་ཡུམ་རྡོ་སྒོང་འདྲ་ཞིག་ཡིན་རྒྱོས་མ་རེད་ན། ན་ནང་ཞིག་ཝ་ཡང་རྐང་གཅག་ས་ནས། ཁོའི་མཛུབ་ཆུང་རྡོ་བར་འཐར་བཞག་ནོ། ཆད་ལ་ཁ་ཡས་བཞག་གདའ། ངུ་རྒྱུ་མི་དཔེ། ཆུང་དུས་འདི་ངུ་ཁ་མི་ལོན་ནི་ཞིག་ཡིན། ད་ནི་ངུ་མི་ཤེས་ནི་འདྲ་ཞིག་རེད”ཅེས་ཟེར། དེ་དུས་ཡང་ཨ་བུ་མགོན་གྲབ་ཀྱིས“འཇའ་པེ་ཨ་ཁུ་ཡས་ནོ་འགྲིག་བསྡད་ཡོད་ཐལ། མྱི་རྒྱུད་འཇམ་པོ། རིག་པ་རྣོ་ནི་རེད། ནུས་ཁོ་འདི་ཞི་ལུ་རྒོད་པོ་ཞིག་རེད། གསེར་ཡུམ་ཨ་ཁུ་ཡེད་ཉན་གི་ན། ཨ་ཁུ་ཡེད་རྒྱུ་མྱི་འདིས་མོའི་རྒོད་པོ་ཞིག་དགོས་ནི་མ་རེད། འདི་ལག་ཁྱག་ན། རྟ་བོའུ་དཔེ་མེད་ཞིག་ལག་ནི་ཞོག་གདའ། གསེར་ཡུམ་འདོན་དགྲ་ཚུར་ཡོང་འགོག་དགོས་ན། ཇག་ཕར་རྒྱག་འགྱོ་དགོས་ན། ཐུབ་ཤག་ཤག་མ་རེད་ན”ཟེར་བར། ཨ་ཁུ་ནོར་བཀྲས“དེ་ཡིན་རྒྱུ་རེད། ཁོང་ཚང་ ཕ་རྒན་གིས་ནམ་ཡིན་ན།‘འཇའ་པེ་ནི་དགེ་བའི་ལོ་ཏོག་ཡིན། ནུས་ཁོ་ནི་སྡིག་པའི་ས་བོན་ཡིན’ཟེར་ནི་རེད། འཇའ་ཁོ་ལོ་གཅིག་ལོན་དུས། སྔོན་ནི་ཅ་ལག་མང་བོ་བཞག་ནས་ཅི་ལེན་གི་བལྟ་དུས། དཔེ་ཆ་ཞིག་བླངས་ནི་རེད་ཟེར། དེས་འཇའ་པེ་ཡི་གེ་དགའ་ནི་རེད། ལག་ཁྱག་ན་ཨ་ཁུ་དཔེ་མེད་ཞིག་ཡིན་རྒྱོས་ཟེར་གོད་ཐ། ནུས་ཁོ་ལོ་གཅིག་རེད་དུས། སྔོན་དུ་བཞག་པའི་ཅ་ལག་ནང་ནས། འཇག་མས་ལས་ནོས་བོའུ་ཞིག་བླངས་ནི་རེད་ཟེར། དེས་ནུས་ཁོ་བོའུ་ནི་དགའ་ནི་རེད། ལག་ཁྱག་ན་ཁོས་ཨ་ཞང་ཚོ་འདི་ཚང་ནས་བོའུ་དཔེ་མེད་ཞིག་ཐབས་ཡས་ནས། ངེད་ཕ་བུ་གཉིས་ཀ་རི་དྭགས་བདའ་རྒྱུ་གདའ། ཇག་རྒྱག་ནེ་འགྱོ་རྒྱུ་ཟེར་གོད་ཐལ། རྗེས་ནས་དག་དག་འདི་འདྲ་ཡིན་རྒྱུ་རེད་གོ”ཟེར། དེ་དུས་ཨ་ནེ་རྟམ་ཁོས“ཡ་ནུས་ཁོ་ཁྱོ་ལག་ཁྱག་ན་ཅི་ཡེད་དགོས”དྲིས་པར། ངས“ང་ལག་ཁྱག་ན་བོའུ་ཁུར་ནས། ཨ་ཕ་ངེད་གཉིས་རི་དྭགས་བདའ་ནེ་འགྱོ་དགོས”ཞེས་བཤད། ཨ་ནེས“འོ་དེ་རེ་ནི། སྡུག་དུ་ཡིན་ན། ཡུམ་འདོན་སྡིག་རྒན་སྡུག་གི་མ་རུང་བ་ཞིག་འགྱུར་བསམ་མ་ཐ་ན”ཟེར། བཤད་ཀྱིན་བཤད་ཀྱིན། དེ་རིང་ཁོང་ཚང་ཁྱིམ་བཟའ་ཚང་གང་བོས། ང་རང་ལག་ཁྱག་ན་ཅི་བྱེད་འདི་བྱེད་སྐོར་ཀྱི་སྐད་ཆ་ཧ་ཅང་མང་བོ་ཞིག་བཤད་སོང་། ང་རང་རྩིབ་ཏུ་བསྡད་ནས་ཉན་ཞོར་དུ་ཡང་སེམས་ནས་མི་དྲན་དགུ་དྲན་བྱས། ང་རང་ལག་ཁྱག་ན་ཅི་ཞིག་བྱེད་རྒྱུ། འདི་ང་རང་གི་ད་ལྟ་ནས་ འདང་རྒྱག་དགོས་དོན་མེད་པ་འདྲ། མཚམས་རེར་བསམ་བློ་བཏང་ན། ང་རང་ལག་ཁྱག་ན་ཅི་ཞིག་བྱེད་རྒྱུ། འདི་ནི་མི་སུ་དང་སུ་ཡིན་ན། ཆུང་དུས་ནས་འདང་རྒྱག་དགོས་པ་ཞིག་ཡིན་རྒྱུ་རེད། དག་དག་བཤད་ན། རྗེས་སུ་ཅི་བྱེད་ད་ལྟ་ནས་བཤད་མི་ཤེས་པ་ཞིག་ཡིན་ལ། ཆུང་དུས་ནས་རང་རང་ལ་འདི་ལྟར་དང་། དེ་ལྟར་གྱི་འདོད་པ་རེ་ཡོད་ན། ལག་ཁྱག་རྗེས་དེའི་འདོད་ཐོག་འགྲོ་བ་ནི་ཧ་ཅང་དཀའ་མོ་ཡིན་རྒྱུ་རེད། འོན་ཀྱང་། ཆུང་དུས་ནས་མི་རང་རང་ལག་ཁྱགས་ན། ང་རང་གིས་འདི་བྱེད་དགོས། ཡང་ན་དེ་བྱེད་དགོས་བསམས་ནས། འདོད་པ་ཞིག་ཡོད་པ་ནི། མི་ཟེར་བའི་རང་གཤིས་ཡིན་རྒྱུ་རེད། དེ་བས་ང་རང་གིས་ཀྱང་ཆུང་དུས་ནས་འདང་བརྒྱབ་མྱོང་། ང་རང་ལག་ཁྱག་ན། འཁོར་གསུམ་ནི་འདང་རྒྱག་ཅི་ཡང་མི་དགོས་པས། རང་ཁ་རང་གསོ་བྱེད་པའི་གྲྭ་བ་སྐྱིད་པོ་ཞིག་བྱེད་དམ། རི་དྭགས་བདའ། ཇག་རྐུན་རྟ་དེད། མི་གསོད་མཁན་གྱི་མི་རྐྱང་རྒོད་པོ་ཞིག་བྱེད། ཡང་ན་ནགས་ཆགས་ཞིག་གི་ངོ་ལ་བལྟས་ནས། བྱིས་པ་ཆ་རེ་གཉོར་སྐྱོང་དང་། ནོར་རྫི་ལུག་རྫི་འགྲོ་མཁན་གྱི་ཁྱིམ་མི་གཉོམ་ཆུང་ཞིག་བྱེད། ཅི་བཤད་ཀྱང་། ད་རུང་ལོ་ཆུང་བས་ཞག་མ་སུམ་བརྒྱ་དྲུག་ཅུ་ལ། ལས་སྣ་སུམ་བརྒྱ་དྲུག་ཅུ་ཡོད་པས། ལག་ཁྱག་ན་འདི་བྱེད་དགོས་བསམ་ནས། ད་ལྟ་ནས་འདེམ་རྒྱུ་མེད་ཁོ་ཐག་རེད། ཡིན་ནའང་། སྐྱེས་པ་ཕོ་ཟེར་བ་འདི་ཆུང་དུས་ནས། འདོད་ཁུང་ནང་ལ་མི་དྲན་དགུ་དྲན་བྱེད་ཐུབ་པའི་དངོས་པོ་ཞིག་ཡོད་པ་ནི། རྟ་བོའུ་གཉིས་ཀ་རེད། སྐྱེས་པ་ཕོ་ཞིག་སུ་ཡིན་ཡང་། སེམས་ངོ་ཟིན་དུས་ནས། ལག་ཁྱག་ན། རང་ལ་བོའུ་བཟང་པོ་ཞིག་ཡོད་ན་མི་བསམ་མཁན་སུ་ཡོད། ང་རང་ཡང་འདི་ལྟར་ཡིན་ལ། ནམ་ཡིན་ན་ཕ་དྲིན་ཅན་གྱི་བོའུ་ལ་རག་རག་ཐུག་ཐུག་བྱེད་དགོས་པའི་རྒྱུ་མཚན་ཡང་འདི་འདྲ་ཡིན། བསམ་རྒྱུ་གཅིག་ལས་མེད“ཧ་བོ། ང་ལག་ཁྱག་ན་བོའུ་འདི་འདྲ་ཞིག་ཡོད་ན་ཅི་འདྲ་དགའ……”

        ང་རང་གིས་ཆུང་དུས་ནས་དྲན་རྒྱུ་ནི། “ལག་ཁྱག་རྗེས་ཕྱུག་ན་ཆོག་སྤྲང་ན་ཆོག སྐྱིད་ན་ཆོག་སྡུག་ན་ཆོག མདོ་དོན་རྟ་བོའུ་བཟང་པོ་ཞིག་ཡོད་ན་དེ་ལས་གཞན་ཅི་ཡང་མི་དགོས།” བསམ་པ་འདི་ཡིན།
 

ཉེ་བའི་གསར་བསྒྱུར།