ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > འབོལ་རྩོམ།

ངས་ཀྱང་ཁྱོད་ལ་སྐད་ཆ་ཞིག་བཤད།

སྤེལ་དུས། 2015-08-11 21:42:41  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། རལ་གྲི།   ཀློག་གྲངས།

ཏག་ཏག་ལོ་གཅིག་གི་སྔོན་ལ། ངས་བརྩེ་བ་ཡོད་ཚད་ཁྱོད་ཕྱོགས་སུ་གཏད་ཅིང་དུང་བ་མཐའ་དག་ཁྱོད་ཕྱོགས་སུ་སྤོངས། དུས་དེ་གར་ངས་ད་དུང་བདེན་པར་མ་གྲུབ་པའི་འཇིག་རྟེན་འདི་གའི་ངོ་གདོང་མཐོང་མེད་ལ་རློམ་པར་དཀའ་བའི་བརྒྱུད་རིམ་དེ་དག་ཀྱང་མྱངས་མེད། ཡིན་ནའང་སྐབས་དེ་ནས་བཟུང་ཁྱོད་ངའི་གླེང་གཞི་རུ་གྱུར་སོང་བ་བདེན་པ་ཡིན་ལ་ངས་ཁྱོད་ཀྱི་བཟང་ཆ་ཁོ་ན་ལབ་མ་ཤེས་བ་ཡང་ངོ་མ་ཡིན།
སྤྱིར་མཚར་སྡུག་གི་ལོ་ཟླ་ནི་འཇའ་ཡི་རི་མོ་ནང་བཞིན་ལན་རེར་གསལ་ལ་སྐབས་རེར་མག་མོག་ཡིན། ཁྱོད་དང་འུ་གཉིས་ཀྱི་བརྩེ་བའི་ཕྱི་ཐག་གི་དར་སྐུད་དེ་ཡང་ཆད་མ་མཐུད་ཀྱི་ངང་ཁྱུང་ཆེན་རི་བོའི་ཕྲག་པ་ནས་ཁྲི་ཤོར་རྒྱལ་མོའི་སྙིང་ཁར་ཕོགས། ཡིན་ནའང་ལས་དབང་གི་རླུང་བུ་དྲག་ཏུ་ལྡང་ཐེངས་རེར། འུ་གཉིས་ཀྱིས་བརྩེ་བའི་ཕྱི་ཐག་གི་དར་སྐུད་དེར་ཨུ་ཚུགས་དང་ཞེན་ཆགས་ཀྱི་མདུད་པ་ཡང་གྲངས་མེད་ཅིག་བརྒྱབས་མྱོང་།
ཕྱིར་འདང་རེ་བརྒྱབས་ན་ང་ངོ་མ་གླེན་པ་ཞིག་རེད། ངས་འབད་ཀྱང་ཐོབ་ཐུབ་མེད་པའི་ངོ་བོ་དང་ཐོབ་ཡང་བདེན་པར་མེད་པའི་ཆོས་ཉིད་མ་རྟོགས་པས་ཁ་ཁོག་མེད་པར་དགའ་ཚུལ་དུང་ལུགས་བརྗོད་པ་མཐའ་དག་ང་རང་ཉིད་ཀྱི་ཡིད་དུ་འོང་བའི་ནོར་འཕྲུལ་ཞིག་ཏུ་སྒོམ་ཡོད།
གལ་སྲིད་ང་ལ་ཆེས་མཐའི་གོ་སྐབས་ཤིག་ཡོད་ན་ངས་ཡོད་ཚད་ཀྱི་ཡོད་ཚད་ལ་རྫོགས་ཚིག་མ་བཀོད་པའི་སྔ་རོལ་ཏུ་ངས་ཀྱང་ཁྱོད་ལ་སྐད་ཆ་ཞིག་ལབ་འདོད། ལོ་འདི་གར་མ་ཤོད་པའི་སྐད་ཆ་ཞིག བཤད་འདོད་པའི་སྐད་ཆ་ཞིག་སྐད་གསེང་མཐོན་པོས་བཤད་འདོད།

 

ཉེ་བའི་གསར་བསྒྱུར།