ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > འབོལ་རྩོམ།

ཆར་པའི་ཀློང་དུ་བཀོད་པའི་དྲན་ཐོ། (ཞར་བཀོད་གཉིས།)

སྤེལ་དུས། 2017-12-21 19:36:23  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ། ཚེ་རིང་གཡུ་སྒྲོན།༼ ལྷ་ས༽  ཀློག་གྲངས།

3.jpg

    ཚེ་རིང་གཡུ་སྒྲོན། ཕ་ཡུལ་དཀར་མཛེས། 2014ལོར་ལྷོ་ནུབ་མི་རིགས་སློན་ཆེན་ནས་མཐར་ཕྱིན། ད་ལྟ་བོད་ལྗོངས་བརྙན་འཕྲིན་ཁང་དུ་བྱ་བ་སྒྲུབ་ཞོར་དུ། བོད་ལྗོངས་སློབ་ཆེན་དུ་ཤེས་རམས་ཞིབ་འཇུག་སློབ་མའི་སློབ་གཉེར་བྱེད་བཞིན་ཡོད། 


ཆར་པའི་ཀློང་དུ་བཀོད་པའི་དྲན་ཐོ། 

(ཞར་བཀོད་གཉིས།)

ཕྱི་རོལ་ནས་ཆར་པ་ཤག་ཤག་འབབ་ཀྱི་འདུག   གློག་འོད་ཆེམ་ཆེམ་འཁྱུག་གི་འདུག འབྲུག་སྒྲ་འུར་འུར་ལྡིར་གྱི་འདུག ཡིན་ཡང་ནང་སེམས་ཀྱི་འགྱུར་ཁུག་འདི་ནི་སྔར་མེད་ཀྱི་རྣལ་ལ་བབ་ཅིང་ཁུ་སིམ་དུ་ཚུད་ཡོད། གོ་ལ་ཡོངས་འགུལ་མཚམས་འཇོག་པ་ལྟར།

ང་ཚོ་མིའི་རིགས་འདི་ནི་མ་གཞི་ནས་འགལ་འདུ་ཧ་ཅང་ཆེ་བའི་སྲོག་ཆགས་ཀྱི་རིགས་ཤིག་སྟེ། ཁེར་ཧྲེང་གི་སྣང་བར་སྡང་ཞིང་སྐྲག་ལ། འདུ་ལོང་གི་འཁྲུག་ཆར་དད་ཅིང་མོས། དེ་བས་ང་ཚོས་རྟག་པ་སྐད་འཕྲིན་དང་པོད་འཕྲིན་སོགས་སུ་དུས་ངེས་མེད་དུ་ཞུགས་ནས་ནང་སེམས་ཀྱི་ཁེར་ཧྲེང་གི་སྣང་བ་མཚོན་ཅི་ཐུབ་བྱས་ལ། ཆང་ཁང་དང་KTVསོགས་སུ་ཆས་ནས་འཁྲུག་ཆ་ལས་མངོན་པའི་བདེ་སྣང་མྱོང་ཅི་ཐུབ་བྱས། ང་ཚོས་མ་ཤེས་པ་ནི། འདུ་ལོང་གི་འཁྲུག་ཆའི་ཁྲོད་ཁྱེད་ཀྱིས་སྔར་བཞིན་ཡིད་སེམས་ཀྱི་རྟེན་ས་ངོ་མ་དེ་རྙེད་མི་སྲིད་ལ། གཅིག་བྱས་ན་རང་ཉིད་ཀྱི་རང་བཞིན་ངོ་མ་དེ་ཡང་འབོར་ཉེན་ཆེ་ཞིང་། མཐར་ཐོག་མའི་རང་གི་རང་བཞིན་ངོ་མ་དེ་ལས་ཇེ་རིང་ཇེ་རིང་དུ་གྱེས། འཛམ་གླིང་འདིར་མཐའ་གཅིག་ཏུ་ཁེར་རྐྱང་སྡོད་ཐུབ་པའི་མི་ཞིག་ཡོད་མི་སྲིད། ཡིན་ཡང་ཁེར་སྣང་ལ་བཟོད་མི་ཚུགས་པའི་མི་ཞིག་ཡིན་ཕྱིར་དེ་ནི་རྣམ་གཤིས་ཁོག་སྟོང་དུ་ལུས་པའི་མི་ཐ་ཤལ་ཅན་ཞིག་ཡིན་ངེས། རྒྱའི་མཁས་པ་ཀྲུའུ་གོ་ཕིང་གིས་བཤད་པ་ལྟར། ཁེར་རྐྱང་སྡོད་རྒྱུ་ཡང་ནུས་པ་ཞིག་རེད། 

ངར་མཚོན་ན། ཆར་པ་འབབ་ཐེངས་རེ་རེ་ནི་རང་ཉིད་ཀྱི་སེམས་ཚོར་རྣལ་མ་དེ་དང་ཉེ་རུ་བཅར་ནས་ཁ་བརྡ་གློད་ཐེངས་རེ་རེ་ཡིན་ལ། ཤག་ཤག་ས་ལ་ཟག་པའི་ཆར་ཐིག་རེ་རེའི་ཐག་སྒྲ་ནི་རང་བྱུང་གིས་བརྩམས་གནང་བའི་ཡིད་སེམས་ལ་རྩེན་པའི་དབྱངས་ཀྱི་འགྱུར་ཁུག་སྙན་མོ་རེ་རེ་ཡིན། དེ་ནས། ཁེར་ཧྲེང་དུ་ལུས་པའི་སྣང་བ་ཐན་ཐུན་ཞིག འགྱུར་ཁུག་དེའི་དབྱངས་རྟར་བརྒྱུས་ནས་འཆར་སྣང་དང་དངོས་གཞི་གཉིས་སུ་འཐིམས་པའི་ཕྱིར་དྲན་གྱི་ཕྱོགས་སུ་རིང་ནས་རིང་དུ་བསྲིངས་འགྲོ། ཕྱིར་དྲན་དེ་ནི་དྲོད་ཁོལ་གྱིས་འཚོས་པའི་བདེ་སྣང་འབའ་ཞིག་སྟེ། ཆུང་དུས་སུ། ཆར་པ་བབས་ཐེངས་རེ་རེར་ནང་མི་ཀུན་དྲོད་ཁོལ་འབར་འབར་གྱིས་མཆེད་པའི་ཐབ་ཚང་དུ་སྐོར་ནས་ཨ་མས་བསྐོལ་པའི་འོ་ཇ་མངར་མོ་དང་མར་གྱིས་སྣུམ་པའི་རྩམ་པ་གཉིས་སྡེབ་ནས་ཟ་བ་དང་། ཡང་ན་ཕུ་བོ་དང་ངེད་གཉིས་རྨོ་མོའི་ཉལ་ཁྲིའི་སྟེང་འཛེག་སྟེ་དྲ་མའི་སྒོ་ཕྱེ་རྗེས། ཕྱི་རོལ་ཤག་ཤག་འབབ་པའི་ཆར་ཐིག་ས་ལ་ཟག་སྐབས་སུ་འཕྱོ་བའི་རླབས་རིས་ལ་ཀྱེར་ནས་སྐད་ཆེན་པོས་འབད་ཅིང་འུར་ཟིང་ལངས་པའི་རྣམ་པ་དེ་རེད། སྐབས་དེ་དུས། བྱིས་བློའི་ངོས་སུ། རླབས་རིས་དེ་དག་ནི་དངོས་གནས་སུས་ཀྱང་དོ་ཟླ་བྲལ་བའི་མཛེས་པ་ཞིག་རེད་ཨང་། ཕུ་བོ་དང་ངེད་གཉིས་འུར་ཟིང་ཆེ་དྲགས་པས་རྨོ་མོས་མོ་རང་གི་སྙིང་ཁ་དཀྲུག་བྱུང་ཟེར་བ་དང་། ཨ་མས་ངེད་གཉིས་ལ་སྐད་ངན་རྒྱག་བཞིན་ཡག་པོ་བསྡད་ཟེར་ནས་ཐལ་ལྕག་གིས་གཞུ་གྲབས་བྱེད་དུས་རྨོ་མོས་ཡང་མ་བཟོད་པ་ཨ་མར་གཡུག་ཤོག་ཟེར་ནས་སྐུལ།

ཡང་ན། ཕྱིར་དྲན་དེ་ནི་ལྷང་ངེར་སྣ་རུ་འཐིམས་ཡོང་བའི་ས་ཞིང་གི་དྲི་ཞིམ་ཏེ། ང་རང་ལོ་ངོ་བཅུ་གཉིས་བཅུ་གསུམ་དུ་སོན་རྗེས། གཟའ་འཇུག་དང་དབྱར་གནང་གི་སྐབས་སུ་རྟག་པ་ཨ་མའི་རོགས་སུ་ཞིང་ནང་དུ་རྩྭ་ལྡུམ་འབལ་བ་འགྲོ་དགོས་ཀྱི་ཡོད་པ་དང་། ངེད་ཚང་དུ་ཁྱིམ་གྱི་བྱ་བ་ཙག་ཙིག་དང་ཞིང་ལས་སོགས་ཚང་མ་ཨ་མ་གཅིག་པུས་བྱེད་དགོས་པས་ན། ཁོ་མོས་རྒྱུན་པ་ལས་ཀ་ལས་རྒྱུ་ཡོད་དུས་ཡང་ན་ང་ཚོ་གཟའ་འཇུག་ཁྱིམ་དུ་ལོག་དུས་སུ་འཁེལ་བ་བྱེད་པ་དང་། ཡང་ན་དབྱར་གནང་དུ་ལས་ཚར་བ་བྱེད་པ་རེད། ཨ་མ་ནི་ལས་ཀ་གང་ལས་ཀྱང་འཆར་གཞི་དང་དམིགས་ཡུལ་ལྡན་པའི་མི་ཞིག་ཡིན་ཕྱིར། ངེད་གཉིས་ཞིང་ནང་དུ་རྩྭ་འབལ་བ་འགྲོ་དུས་ཁོ་མོས་དེ་རིང་ཉིན་གུང་ཁ་ལག་མ་ཟས་གོང་དུ་ག་ཚོད་ཚར་བ་བྱེད་དགོས་པ་དང་། ཕྱི་དྲོ་ག་ཚོད་ཚར་ཐུབ་པ་བྱེད་དགོས་ཞེས་དམིགས་ཚད་ལྟར་མ་འགྲུབ་ན་ཁྱིམ་དུ་མི་ལོག   སྐབས་སྐབས་སུ་གནམ་ངོ་བསྡུས་ནས་ཆར་ཟིལ་འབབ་ཅིང་། ལྗང་མྱུག་སྟེང་གི་ཟིལ་པས་པུས་མོ་མན་ཆད་བརླན་ནས་འདམ་བག་བྱས་ཀྱང་ཨ་མས་ང་ལ་ཁྱེད་རང་ཁྱིམ་དུ་ལོག་ནས་གནམ་དྭངས་སོང་ན་ཤོག་ཟེར་བ་ལས་མོ་རང་ལོག་མི་སྲིད། ཨ་མ་མ་ལོག་ན་ང་རང་ཡང་ལོག་འདོད་མེད་པས་མུ་མཐུད་བསྡད་པ་ཡིན། གནམ་དྭངས་ནས་ཉི་མ་ཤར་མཚམས་སུ་ས་གཞི་ཡོངས་ལ་སའི་དྲི་ཞིམ་འཐུལ་ཡོང་བས་དེ་ནི་ཧ་ཅང་ཞིམ། ད་བར་དུ། རྟག་པ་སའི་དྲི་ཞིམ་འདྲ་སྣོམ་ཡོང་དུས་ངའི་སེམས་ཚོར་ནི་མཚོན་པ་དཀའ་བའི་ཕྱིར་དྲན་གྱི་ཀློང་ངོར་འཐིམས་འགྲོ་སྟེ། དེ་ནི་དྲན་གདུང་ཞིག་གམ་སྐྱོ་སྣང་ཞིག   ཨ་མའི་འཁྲིས་སུ་ཡོད་པའི་དྲོད་ཁོལ་ཞིག 

ཆུང་དུས་སུ། ཕ་ཡུལ་དུ་ད་དུང་རང་བབ་ཆུ་བོ་འདྲེན་མེད། དྲག་ཆར་འབབ་དུས་གྲོང་ཚོའི་ཉེ་འགྲམ་ནས་བཞུར་བའི་ཆུ་བོ་ཉོག་ནས་འཐུང་ས་མི་འགྲོ་ཞིང་། སྐབས་དེ་དུས། ང་ཚོས་ཆུ་བོའི་ཉེ་འགྲམ་དུ་ཆུ་མིག་བརྐོས་ནས་འཐུང་ཆུ་ལེན་ཐབས་བྱེད་དགོས་ཀྱི་ཡོད། ཁྱིམ་ནང་དུ་འཐུང་ཆུ་ལེན་རྒྱུ་ནི་རྒྱུན་དུ་ངར་བབ་པའི་འགན་ཞིག་ཏུ་གྱུར་ཡོད་པས་ཆུ་སྣོད་ནང་གི་ཆུའི་ཁ་དམའ་བ་གྱུར་ཙམ་གྱིས་སེམས་པ་སྐྱིད་པོ་མེད་སྟབས་ཆུ་ལེན་དུ་འགྲོ་བ་ཡིན། དྲག་ཆར་བབས་ནས་ཆུ་བོ་ཉོག་པ་གྱུར་དུས་ཨ་མས་ཀྱང་ངའི་རོགས་སུ་ཆུ་མིག་བརྐོ་བ་ཡོང་ནས་ཆུ་ལེན་རོགས་་བྱེད་ཅིང་། སྐབས་དེ་དུས་ཁྱིམ་ཚང་སོ་སོར་ཆུ་དཀོན་པས་ཆུ་མིག་གང་ཡོད་སར་ཚང་མ་མཉམ་དུ་འཛོམས་ཡོང་། 

ད་ལྟ། ང་ཚོ་ལག་ཆགས་པ་དང་བསྟུན་རང་གི་ལམ་སྣེ་རེ་ཟིན་ནས་ཕྱོགས་སོ་སོར་སྐྱོད་ཅིང་། ཨ་མས་ས་མཐའ་ཡོད་པའི་ང་ཚོ་དྲན་དུས། མཚམས་མཚམས་སུ་འུ་ཐུག་ཐབས་ཟད་ཀྱིས་ཁྱེད་ཚོ་ད་དུང་ལག་ཆགས་མེད་ན་ཅི་མ་རུང་། ད་ལྟར་བཞིན་གོ་ཆོད་མེད་ཀྱང་ངའི་འཁྲིས་སུ་བསྡད་ཆོག   ད་དྲན་ཡོང་དུས། ཁྱེད་ཚོ་ངའི་འཁྲིས་སུ་ཡོད་པའི་དུས་སྐབས་དེ་ཆེས་སྐྱིད་ཤོས་རེད་ཅེས་ཟེར། ངས་ནི་ཨ་མའི་སྐྱོ་ཤས་སངས་ཐབས་ཀྱིས་མཚར་གཏམ་དེ་འདྲ་མ་བཤད་ཅེས་རྒོལ་ཁུལ་བྱས་ཀྱང་། དོན་ངོ་མ་རང་ཉིད་ཀྱིས་ཀྱང་ང་ཚོ་ད་དུང་ལག་ཆགས་མེད་པའི་བྱིས་པ་སྣབས་ལུག་དེ་ཡིན་ན་ཅི་མ་རུང་ཞེས་ཡང་དང་ཡང་དུ་སྙམ་ཡོང་། 

ང་ཚོ་མི་སུར་མཚོན་ནའང་མཛེས་སྡུག་གི་ཕྱིར་དྲན་ཞིག་ཡོད་སྲིད་ལ། མི་ཕལ་ཆེར་ཞིག་ལ་མཚོན་ན། ཆེས་བརྗེད་པར་དཀའ་བའི་ཕྱིར་དྲན་ནི་ཕལ་ཆེར་ལྷད་མེད་ཀྱི་བྱིས་དུས་དེ་རེད། དེ་ནི་ཆར་པ་འབབ་པའི་གནམ་གཤིས་ཁྲོད་ངའི་སེམས་ངོར་འཐེིམས་པའི་དྲན་གདུང་ཁོ་ན་དེ་རེད། 

4.jpg

གད་སྙིགས་ཀྱི་གསང་བ། 

ཕ་ཡུལ་དང་བྱེ་ནས་ས་མཐའ་ཡོང་སྟེ་ལོ་གསུམ་ཙམ་འགོར་སོང་། རྒྱུན་པ་ཕ་ཡུལ་དུ་བསྡད་མེད་པའི་ང་ལོ་རེར་ཟླ་བ་གཅིག་ལྷག་ཙམ་རིང་དགོངས་པ་ཞུས་ཏེ་ཕ་ཡུལ་དུ་ལོག་ཆོག་ལ། ཕ་ཡུལ་དང་ཡུན་རིང་བྲལ་ནས་ཕྱིར་ལོག་ཐེངས་རེར་ཕ་ཡུལ་གྱི་འགྱུར་ལྡོག་ལྷག་པར་ཚོར། ན་ནིང་ད་ལོ། ཕ་ཡུལ་གྱི་གྲོང་གསེབ་དང་གཞུང་ལམ། ཐ་ན་ཁྱིམ་ཚང་སོ་སོའི་ར་སྐོར་ནང་དུའང་ཨ་འདམ་གྱིས་འདིང་ལ། རྫོང་ནས་གྲོང་ཚོའི་བར་གྱི་ལམ་དང་གྲོང་གསེབ་ཀྱི་ལམ་གཡས་གཡོན་གཉིས་སུ་ལམ་སྒྲོན་གྱིས་ཁྲ་ཆིལ་ལེར་བཀལ། མ་ཟད་གྲོང་ཚོའི་ནང་ཁྱིམ་ཚང་ལྔ་དྲུག་གི་མཚམས་ལ་གད་སྙིགས་བླུག་སྣོད་ཆེན་པོ་རེ་བཞག་ཡོད་ཅིང་། ད་དུང་སྤྱི་སྤྱོད་གད་སྙིགས་འདྲུད་བྱེད་ཀྱི་རླངས་འཁོར་ཞིག་ཀྱང་ཡོད་པ་དུས་མཚམས་རེར་ཡོང་ནས་གད་སྙིགས་དག་གཙང་སེལ་གྱིས་འདྲུད་དེ་གད་སྙིགས་བསྲེག་སའི་ཁང་པ་ཞིག་ཡོད་པ་དེའི་ནང་བླུགས་ཏེ་མེར་བསྲེག་གི་ཡོད། ཁ་སང་དེ་རིང་ཁྱིམ་དུ་ཁ་པར་བཏང་ན་ནུ་མོས་ཕ་ཡུལ་དུ་སྐུད་མེད་དྲ་བ་འཐེན་གྱི་འདུག་ཟེར་ནས་དགའ་སྤྲོ་དཔག་མེད་ཀྱིས་ཁེངས་འདུག ངའི་ཕ་ཡུལ་ནི་རྫོང་ཐོག་དང་བར་ཐག་སྤྱི་ལེ་གཅིག་ཙམ་ཡང་མེད་པའི་གྲོང་ཚོ་ཞིག་ཡིན་ཕྱིར་རྫོང་གི་དཔོན་པོ་དག་གིས་ཕ་ཡུལ་འཛུགས་སྐྲུན་གྱི་འཆར་གཞི་གང་ཡོད་རྟག་པ་ང་ཚོའི་གྲོང་ཚོ་འདིའང་དེའི་གྲས་སུ་ཚུད་འགྲོ། 

ངའི་ཕྱིར་དྲན་གྱི་མེ་ལོང་ངོས་སུ། ཆུང་དུས་རང་གི་ཁྱིམ་དང་གྲོང་ཚོ་ཡོངས་དེ་འདྲའི་གཙང་མ་མིན་ལ། རླུང་གཡུག་དུས། གྲོང་ཚོ་ཡོངས་སུ་ཐལ་རྡུལ་གྱིས་སྤུར་ནས་སྐྱ་ཐིང་ཐིང་དུ་གྱུར་ཞིང་། ཁྱིམ་གྱི་སྒོ་འགྲམ་དང་ར་སྐོར་གྱི་ཟུར་ཁུག     ཐ་ན་ཁྱིམ་ནང་གི་ཤེལ་དྲ་དང་ཅོག་ཙེ། འབོལ་གདན་བཅས་སུའང་ཐལ་རྡུལ་གྱིས་ཁེངས་འགྲོ། ཡིན་ཡང་དེ་དུས་ཁྱིམ་ཚང་སོ་སོར་གད་སྙིགས་མང་པོ་འཕེན་རྒྱུ་མེད། ཡོད་པ་དག་ཀྱང་ཐལ་རྡུལ་ལས་མ་འདས་པས་གཙང་མ་ཕྱག་རྗེས་ཡང་བསྐྱར་རང་བྱུང་དུ་འཐིམ་འགྲོ། དེ་དུས། ང་ཚོས་ཟས་སུ་གཙོ་བོ་མར་དང་རྩམ་པ། ཤ  གྲོ་ཕྱེ་བཅས་ཟ་ལ། ཟ་ལྷག་འཐུང་ལྷག་ཡོད་པ་དག་ཀྱང་བཏགས་ཁྱི་དང་སྒོ་ཟོག་དག་ལ་སྟེར་བས་ད་ལྟའི་ཕྱིར་ཚུལ་ཧ་ཅང་མཛེས་པའི་ཐུམ་རྒྱག་པའི་བཟའ་བཅའི་རིགས་ཧ་ཅང་དཀོན་ཕྱིར་གད་སྙིགས་ཟེར་བའང་འཕོ་རྒྱུ་མེད།  ཡིན་ཡང་ད་ལྟ། ཕ་ཡུལ་ནི་དེང་རབས་ཅན་གྱི་གོམ་འགྲོས་དང་བསྟུན་གད་སྙིགས་ཀྱང་ཧ་ཅང་མང་བ་གྱུར་ལ། ཁོང་ཚོས་ས་ལམ་ཨ་འདམ་གྱིས་འདིང་བ་དང་གད་སྙིགས་འཕོ་སའི་སྣོད་བཞག་པ། ལམ་སྒྲོན་བཀལ་བ། སྐུད་མེད་དྲ་བ་འཐེན་པ་བཅས་ནི་ཕ་ཡུལ་འཕེལ་རྒྱས་ཀྱི་དན་རྟགས་སུ་བརྩིས་ནས་དོན་མེད་ང་རྒྱལ་ཡང་བྱེད་འདུག   དོན་ངོ་མ་གྲོང་ཚོའི་གད་སྙིགས་དག་ནི་ཉུང་དུས་མེར་བསྲེག་ལ། མང་དུས་གཡོན་རིའི་རྒྱབ་ན་ལུང་པ་ཞིག་ཡོད་པ་དེའི་ནང་བླུགས་ཀྱི་ཡོད་རེད་ཟེར། 

ཐན་པ་ཡོང་དུས། གྲོང་ཚོའི་ནང་གི་བགྲེས་སོང་དག་གིས་རྟག་པར་དུས་སྙིགས་མར་མི་བྱེད་པ་ཅི་ཡང་མེད། གད་སྙིགས་མེར་སྲེག་ན་ལྷ་ཀླུ་གཞི་བདག་ཚང་མར་ཕོག་ཐུག་ཤོར་བས་ཆར་པ་མི་འབབ་པ་དེ་བས་རེད་ཅེས་འཁང་ར་ཚད་མེད་བྱེད་པ་ཐོས། 

སློབ་འབྲིང་དུ་ཕྱིན་སྐབས་ལོ་རེའི་དུས་རེར་གོང་གི་བཀའ་བཞིན་སློབ་གྲྭས་སྒྲིག་འཛུགས་ཀྱིས་སློབ་མ་ཡོངས་འགྲོ་ནས་རྫོང་ཐོག་གི་ཁྲོམ་གཞུང་དུ་གད་དར་བྱེད་དགོས་ལ། དེ་ནས་ཕྱུགས་རི་གླིང་ཞེས་པའི་ཆུ་ཚན་ཡོད་སའི་ཐང་ཆེན་ཞིག་ཡོད་པ་དེར་འབྱོར་ནས་གད་སྙིགས་སྒྲུག་དགོས། ཐང་ཆེན་དེ་ནི་མི་རྣམས་ཀྱིས་གླིང་ཀ་བཏང་ས་དང་འཆམ་འཆམ་བྱེད་ས་བཅས་ཡིན་པས་གད་སྙིགས་ལྷག་པར་མང་། ང་ཚོ་སློབ་ཕྲུག་དག་གིས་ཇི་ལྟར་གཙང་སེལ་བྱས་ཀྱང་ཚར་རྒྱུ་མེད་པ་ཞིག་ཡིན་པས་གོང་རིམ་གྱི་མགོ་ཁྲིད་དག་རྟོག་ཞིབ་ཡོང་སྐབས་དགེ་རྒན་ཚོས་ང་ཚོས་གད་སྙིགས་གཙང་སེལ་བྱེད་པའི་ཕྱི་ཚུལ་སྟོན་རྗེས་མགོ་ཁྲིད་རྣམས་ཕེབས་རྗེས་སུ་ང་ཚོའང་ཁྲིད་ནས་སློབ་གྲྭར་ཕྱིར་ལོག་འགྲོ། དེ་ལྟར། ངའི་མིག་ལམ་དུ། ཕྱུགས་རི་གླིང་ཟེར་བ་ནི་ཕ་ཡུལ་གྱི་ཡུལ་མི་ཚོས་སྒྲོ་འདོགས་ཀྱིས་ཆོད་པའི་གླིང་ཀ་དང་སྐྱིད་སྐྱིད་བཏང་སའི་ཡུལ་སྐྱིད་པོ་ཞིག་མིན་པ། དེ་ནི་གད་སྙིགས་ཀྱིས་བཙན་བཟུང་བྱས་ནས་ཁྱུར་མུད་གཏོང་ལ་ཉེ་བའི་ཡུལ་སྐྱོ་པོ་ཞིག་ཡིན། ད་ལྟའི་བར། ང་རང་ཕ་ཡུལ་དུ་ལོག་ནས་གནས་དེར་རྒྱུད་སྐབས། སྔར་བཞིན་ག་ས་གང་ཡུལ་དུ་གད་སྙིགས་འདྲ་མིན་གྱིས་ཁྱབ་པས་གདུང་བ་ཚད་མེད་སྐྱེས། 

འཕྲོད་བསྟེན་ལ་དོ་སྣང་བྱེད་པ་ནི་དུས་རབས་ཉེར་གཅིག་པའི་དཔལ་ཡོན་གྱི་གྲས་ཤིག་ཡིན་ལ། མི་རྣམས་འཛུགས་སྐྲུན་གསར་པ་དང་དར་སྲོལ་ཆེ་བའི་ཅ་དངོས་དག་གིས་རང་གི་ཁྱིམ་དུ་མཛེས་བཟོ་བྱེད་པར་མོས། ང་ཚོས་གཙང་སྦྲ་མ་བྱེད་ན་ནད་རིགས་ཀུན་གྱི་འབྱུང་ཁུངས་དེ་ཡིན་བཤད་ལ། རང་ཁྱིམ་གྱི་ཐལ་རྡུལ་དང་གད་སྙིགས་ཡོད་ཚད་མ་ལུས་གཙང་སེལ་ཕྱག་ནས་གང་འདོད་སྒོའི་ཕྱིར་རུ་འཕེན་ཞིང་། སྒོའི་ཕྱིའི་གད་སྙིགས་དག་གད་དར་པ་དག་གིས་རླངས་འཁོར་ནང་བླུགས་ཏེ་ས་ཕྱོགས་གཞན་ཞིག་ཏུ་འཁྱེར་པ་ན་གཙང་སྦྲ་ཡོངས་ནས་བྱེད་ཚར་བ་འདོད། ཡིན་ཡང་དོན་ངོ་མ་ང་ཚོ་སུས་གད་སྙིགས་དེ་དག་གང་དུ་འདྲུད་ནས་གཙང་སེལ་ཇི་ལྟར་བྱེད་ཀྱི་ཡོད་མིན་ལ་འདང་ཞིག་རྒྱག་མྱོང་། 

ང་བསྡད་སའི་ཁང་པའི་རྒྱབ་ན་ཧ་ཅང་ཆེ་བའི་གད་སྙིགས་བླུགས་སྣོད་གསུམ་བསྟར་གྱིས་སྒྲིག་ནས་བཞག་ཡོད་ལ། སྡེ་ཁུལ་འདིའི་ནང་བསྡད་པའི་ཁྱིམ་ཚང་ཡོངས་ཀྱི་གད་སྙིགས་དག་དེའི་ནང་དུ་བླུགས་ཀྱི་ཡོད། ང་ཚོ་མིའི་རིགས་རྣམས་ནི་དངོས་གནས་གད་སྙིགས་བཟོ་ཧ་ཅང་མཁས་པའི་སྲོག་ཆགས་རིགས་ཤིག་སྟེ། བར་རྒྱུན་འཚོ་བའི་ཁྲོད་ཀྱི་ཟ་འཐུང་དང་འགྲོ་འདུག་སྤྱོད་གསུམ་ཚང་མར་གད་སྙིགས་མེད་པ་གཅིག་ཀྱང་མེད་པས། ཁང་པའི་རྒྱབ་ཀྱི་གད་སྙིགས་བླུགས་སྣོད་དེ་དག་ཅི་ལྟར་རྒྱ་ཆེ་ལ་གཏིང་ཟབ་ཀྱང་ཉི་མ་གཉིས་ལས་མི་འགོར་བ་གང་འགྲོ་བ་དང་། ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་བདུན་ཙམ་ལ་རྟག་པར་གད་སྙིགས་འདྲུད་མཁན་གྱི་རླངས་འཁོར་ཡོང་སྟེ་གད་སྙིགས་དག་གཙང་སེལ་གྱིས་འདྲུད་ནས་བུད་འགྲོ། མཚམས་མཚམས་སུ། ང་རང་འདང་རྒྱག་གི་དྲ་རུ་ཚུད་འགྲོ་བ་ནི། ང་བསྡད་སའི་སྡེ་ཁུལ་ཆུང་ཆུང་འདི་ལའང་གད་སྙིགས་འདི་འདྲ་མང་པོ་ཡོད་ན། ལྷ་སའི་གྲོང་ཁྱེར་འདིར་ད་དུང་སྡེ་ཁུལ་དང་སྲང་ལམ། ལས་ཁུངས་ཚན་པ་གྲངས་ལས་འདས་པ་ཡོད་པ་དེ་དག་ཚང་མ་ལའང་གད་སྙིགས་འདི་འདྲའི་མང་པོ་ཡོད་སྲིད་ཅིང་། ཉིན་རེ་དང་ཟླ་རེ། ལོ་རེར་གསོག་པའི་གད་སྙིགས་དེ་དག་དོན་ངོ་མ་གང་དུ་སྐྱེལ་བཞིན་ཡོད་དམ། ཡང་ན་ལུང་ཁུག་ཏུ་བླུག  ཡང་ན་མེར་སྲེག  ཡང་ན་ས་འོག་ཏུ་སྦས། ཡིན་ཡང་དེ་དག་གནས་གཅིག་ནས་གནས་གཞན་ཞིག་ཏུ་སྐྱེལ་བ་ལས་གཙང་སེལ་མཐའ་དག་བྱེད་ཐུབ་པ་ཞིག་ག་ལ་ཡིན་ཨང་། མི་རིང་བའི་ཉིན་ཞིག   ང་ཚོས་གྲོང་ཁྱེར་ནས་གཙང་སེལ་བྱས་པའི་གད་སྙིགས་དག་གིས་ང་ཚོའི་དབུགས་ལམ་དང་འགྲོ་ལམ་ཡོད་ཚད་འགོག་ཀྱང་སྲིད། གཅིག་བྱས་ན། འདི་ནི་ངའི་རི་བོང་གནམ་རྡིབ་ཀྱི་སེམས་འཕྲལ་ཙམ་ལས་མ་འདས་མོད། དགོད་བྲོ་བ་ཞིག་ལ། ང་ཚོ་མི་རྣམས་ནི་རང་གིས་བཟོས་པའི་གད་སྙིགས་ལ་ཧ་ཅང་འཛེམ་ཞིང་། ང་ཚོའི་རྒྱལ་ཁབ་འདི་ལྷག་པར་གད་སྙིགས་བཟོ་ཧ་ཅང་མཁས་ལ། ཡིན་ཡང་གད་སྙིགས་གཙང་སེལ་གྱི་ཤེས་བྱར་ཧ་ཅང་རྨོངས་པ་ཞིག་ཡིན་པ་དེ་རེད། 

1.jpg

རེ་སྒུག

རེ་བས་ཁེངས་པའི་སེམས་པར་སྒུག་རྒྱུ་གང་ཞིག་ཡོད་ཚེ། དེ་ནི་ཉམ་ཐག་པའི་མི་ཚེར་གློ་བུར་དུ་མཚར་སྡུག་འོད་སྟོང་འབར་འབར་གྱིས་སྤྲས་ནས་གཟི་འོད་འཁྱུག་པ་དང་མཚུངས། ཆུང་དུས་སུ། རེ་སྒུག་ནི་ཨ་མ་རྫོང་ཐོག་ཏུ་འགྲོ་སྐབས། ང་ལ། མ་ལོ། ཁྱེད་རང་ཁ་ལ་ཉན་ནས་སྡོད་དང་ཨ་མས་ཁྱེད་ལ་ལེགས་སྐྱེས་མང་པོ་ཉོ་ཡོང་ཟེར་བའི་འཇམ་སྙན་ལྡན་པའི་སྐད་ཀྱི་གདངས་དེ་རེད། ཉིན་དེར། ངས་ཨ་མ་སོང་ཤུལ་དུ་ཁྱིམ་གྱི་ར་སྐོར་ནང་དུ་ཁང་པ་ལས་པའམ། ཕྲུ་གུ་རྩེད་ཆས་ཤིག་ཡོད་པ་དེར་གོས་ཡར་སྐོན་མར་ཕུད་ཀྱིས་མགོ་འཁོར་ནས་བསྡད་ཅིང་། ལན་རེར་རྒྱ་སྒོའི་མཚམས་ནས་སྒྲ་འདྲ་གོ་ཡོང་དུས་ཨ་མ་ཡིན་ནམ་སྙམ་ནས་སྙིང་གི་འཕར་ལྡིང་བྱེད་མཚམས་ཀྱང་དལ་དུ་བཏང་སྟེ་གཟབ་ནན་གྱིས་རྣ་ཉན་བྱས། ཡིན་ཡང་དུས་ཡུན་རིང་པོར་རྒྱ་སྒོ་ཕྱེ་ནས་འཛུལ་རྒྱུ་གཏན་ནས་མེད་པ་མཐོང་དུས་བློ་ཕམ་ཐེངས་མང་པོ་བྱུང་ཡོད་ཚད་རེད། ལྷག་པར་ཕྱི་དྲོ་སླེབས་དུས། ང་རང་ཡང་དང་བསྐྱར་དུ་རྒྱ་སྒོའི་མཚམས་སུ་རྒྱུགས་ཏེ་སྒོ་སྲུབས་ནས་མིག་ཡ་གཅིག་གིས་ཨ་མ་ལོག་ཡོང་མིན་ལ་སྲུང་ནས་བསྡད་ཅིང་། ཨ་མས་ལེགས་སྐྱེས་ཅི་ཞིག་ཉོ་ཡོང་མིན་ལ་འཕྲུལ་བསམ་བསྒོམས་ནས་བསྡད།

 ཆེ་དུས། རེ་སྒུག་ནི་འཆར་ཡན་གྱིས་སྤྲས་པའི་ཡིད་ཀྱི་འགྱུར་ཁུག་ལ་མངར་ཁ་སྦྲང་རྩིས་བཏབ་པ་དང་འདྲ་སྟེ། རིང་དུ་བྲལ་བའི་ཚེ་གྲོགས་དང་ནམ་ཞིག་ལྷན་འཛོམས་ཀྱི་ཉིན་མོ་ཞིག་ཡོད་ཚེ། རྒྱུད་རིམ་དེ་ཇི་ལྟར་ཧྲེང་ཧྲེང་དུ་སྣང་བའི་མནར་གཅོད་ཅིག་ཡིན་རུང་། ལྷན་འཛོམས་བྱུང་བའི་ཉིན་མོར་ཡོད་ཚད་རིན་པ་གྱུར་བའི་སེམས་ཁོག་དེ་རེད།

 ཡིན་ཡང་། སྒུག་ཀྱང་ཡོང་རྒྱུ་ཡོད་མིན་མི་གསལ་བའི་མི་ཞིག་ལ་མཚོན་ན། རེ་སྒུག་ཅེས་པའི་ནང་དོན་ཡང་སྙིང་ཅི་ཞིག  རེ་སྒུག  ཐོག་མའི་ཆ་རྐྱེན་ནི་རེ་བ་སྟེ། སྒུག་ནས་ཡོང་རྒྱུ་ཡོད་པའི་རེ་བ་ཡོད་ཚེ། ད་གཟོད་སྒུག་པའི་ཆོད་སེམས་མངའ་ལ། སྒུག་པའི་སེམས་ཤུགས་ལྡན། འདི་ནི་བཟང་ངན་ཕྱེ་པ་དཀའ་བའི་མིའི་རང་བཞིན་ཏེ། གལ་ཏེ། ཁྱེད་དང་མཐུན་པའི་མི་ཞིག  གློ་བུར་དུ་རྒྱུ་རྐྱེན་གང་མང་ཞིག་གིས་ཁྱེད་དང་གྱེས་དགོས་བྱུང་ལ། གྱེས་ཁར། དུས་ནམ་ཞིག་ལ་ས་གནས་གང་ཞིག་ཏུ་ཁྱེད་དང་ལྷན་འཛོམས་ཡོང་རྒྱུའི་དམ་བཅའ་མེད་ཅིང་། ཐ་ན་ཕྱིར་ཡོང་མི་ཡོང་གི་གསལ་བཤད་ཅིག་ཀྱང་མེད་ཚེ། ཁྱོས་ད་དུང་མི་དེར་སྒུག་སྲིད་དམ། དུས་ཡུན་ག་ཚོད་སྒུག་སྲིད། དེ་ནི་ཐོབ་འབྲས་མེད་པའི་ཉོ་ཚོང་ཐེངས་ཤིག་དང་མཚུངས་ལ། རིན་པར་ཁྱེད་ཀྱི་ལང་ཚོ་དང་ཁྱེད་ཀྱི་མི་ཚེ་ཧྲིལ་བོ་སྐྱིན་ཚབ་དུ་སྤྲོད་དགོས་ཀྱང་སྲིད།

ང་ཚོའི་གྲོང་པའི་ནང་དུ་ང་རང་ཆེས་དགའ་ཞིང་བཀུར་བའི་མི་ཞིག་ཡོད་དེ། ཁོ་མོས་དཀའ་ངལ་ཡོད་ཚད་དང་དུ་བླངས་ཤིང་དད་སེམས་ཀྱིས་བཅོམ་སྟེ་མི་ལོ་བཅུ་དྲུག་རིང་མི་ཞིག་ལ་སྒུག་ནས་བསྡད་ཅིང་། ད་དུང་ལོ་ངོ་མི་གསལ་བའི་དུས་ཡུན་རིང་པོ་ཞིག་ལ་སྒུག་རྩིས་ཡོད། གཅིག་བྱས་ན་མི་ཚེ་གང་བོར་སྒུག་དགོས་ཀྱང་སྲིད། མི་དེ་ནི་མོའི་ཁྱོ་ག་རེད། ལོ་ངོ་ཉི་ཤུའི་ཡར་སྔོན་དུ་ཁོང་གཉིས་གཉེན་སྒྲིག་བྱས་ནས་ཕྲུ་གུ་གཉིས་སྐྱེས་ལ། མོར་ཕྲུ་གུ་གསུམ་པ་དེ་སྦྲུམ་དུས། ཁྱོ་གས་མི་ཞིག་བསད་དེ་ས་མཐའ་བྲོས་དགོས་བྱུང་སོང་། མོའི་ཁྱོ་ག་ནི་ད་བར་ང་ཚོས་ཤིན་ཏུ་གཟབ་ནན་བྱེད་དགོས་པའི་ས་ཆ་ཞིག་གི་མི་ཡིན་ལ། ཡུལ་དེའི་མི་ཕལ་ཆེར་གཡོ་སྒྱུ་དང་ཁྲམ་པར་དགའ་ཞིང་། འགལ་བ་ཆུང་ཆུང་ཞིག་གིས་འཛིང་རེས་དང་བསད་རེས་ཀྱིས་རྒྱལ་ཕམ་འབྱེད་དེ་དཔའ་མངོན་པར་དགའ་བའི་ས་ཆ་ཞིག་རེད། གོ་ཐོས་སུ། ཡུལ་དེ་གའི་ཁྱིམ་ཚང་གཉིས་བར་བསད་རེས་བྱུང་ཚེ་ཕན་ཚུན་འཁོན་ལན་སློག་རེས་ཀྱིས་བྱིས་པ་ཆུང་ཆུང་ཡིན་ཡང་རྩ་བ་བཅད་དགོས་ཟེར་ནས་གུ་ཡོང་མི་གཏོང་ཟེར། དེ་ལྟར་ཁོ་མོའི་ཁྱོ་གས་མི་བསད་རྗེས་ཕན་ཚུན་གྱོད་བཤད་ནས་མཐུན་སྟེ་མྱི་སྟོང་དུ་སྒོར་ཁྲི་བརྒྱད་ཅུ་མཇལ་རྒྱུ་བྱས་པ་དང་། ལོ་གསུམ་ལ་བགོས་ནས་མཇལ་ཐུབ་རྒྱུ་བྱས། རེད དེ་འཁོན་ལན་སློག་པར་སྐྲག་ནས་ཁྱོ་ག་ས་མཐའ་བྲོས་དགོས་བྱུང་སོང་། མ་གཞི་ཁོ་མོ་ཚང་ནི་རྒྱུ་འབྱོར་བ་ལྡན་པའི་ཁྱིམ་ཚང་ཞིག་ཡིན་ཚེ་ལོ་གསུམ་རིང་མྱི་སྟོང་མཇལ་ཐུབ་སོང་ཡང་། ཤུལ་དུ་ཁང་པ་དེ་མ་གཏོགས་ལུས་མེད་པས་དཀའ་ངལ་ཆེན་པོ་འཕྲོད། ཕྲུ་གུ་གསུམ་པོ་ད་དུང་ལོ་ན་ཆུང་ལ་སློབ་གྲྭར་འགྲིམས་ཀྱིན་ཡོད། དགའ་འོས་པ་ཞིག་ནི། མོ་ལ་ཨ་ཕ་ཡོད་པས། ཟོག་རྫི་འགྲོ་བ་དང་ཞིང་རྨོ་བ། སྟོན་ཁ་ལས་རྒྱུ་སོགས་ཚང་མ་ཨ་ཕས་རོགས་བྱེད་ཡོང་། སྐྱོ་དགོས་པ་ཞིག་ནི། ལོ་དུ་མའི་ཡར་སྔོན་དུ་ཨ་ཕ་ཚེ་ལས་འདས་ཤོར། ཁྱིམ་གྱི་ཀ་རྡོ་ལྟ་བུའི་མི་དེ་མེད་པ་གྱུར་ཚེ། བཤད་པ་དཀའ་བའི་དཀའ་ངལ་མང་པོ་ཞིག་ལ་གློ་བུ་དུ་མོ་རང་གཅིག་པུས་གདོང་ཁ་གཏོད་དགོས་བྱུང་། མོ་རང་ཐབས་ཟད་ཀྱིས་མ་གཞི་ནས་སྦྱོང་འབྲས་ཡག་པོ་མེད་པའི་བུ་ཆེ་བ་དེར་སློབ་མཚམས་བཞག་བཅུག  བུས་ཨ་མར། ང་རང་སློབ་སྦྱོང་ཡག་པོ་མེད་ཀྱང་མུ་མཐུད་སློབ་སྦྱོང་བྱེད་བཅུག་དང་། མཐོ་འབྲིང་མཐར་ཕྱིན་རྗེས་མ་མཐའ་ཡང་ཉེན་རྟོག་པའི་ལག་རོགས་ཤིག་རྒྱུགས་འཕྲོད་ཐུབ་ངེས། རྒྱུགས་འཕྲོད་རྗེས་ཟླ་བ་རེར་གླ་ཕོག་སྟོང་གཉིས་རེ་ཡོད་པས་ངས་སྟོང་གཅིག་རང་གིས་ཉར་ནས་སྟོང་གཅིག་ཨ་མ་ཁྱེད་ལ་སྤྲོད་ཆོག་ཟེར་སྐད། ཡང་ཐེངས་ཤིག  ང་རང་ལུས་ཁུངས་ནས་ངལ་གསོ་བྱས་ཏེ་ཁྱིམ་དུ་ལོག་སྐབས་ཨ་ཕས་རླངས་འཁོར་བསྐོར་ནས་ང་རང་བསུ་སར་སླེབས་བྱུང་ལ། ཁྱིམ་དུ་སླེབས་སྐབས་གཉེན་ཉེ་ཚང་མ་ངེད་ཚང་ལ་སླེབས་ཏེ་སྒོ་འགྲམ་ནས་ང་ལ་བསུ་བ་བྱས་བྱུང་། ཉིན་དེར་ཁོ་མོ་ཚང་གི་བུ་མོ་ཡང་ངེད་ཀྱི་སྒོ་ཁར་རྩེ་མོ་རྩེ་ད་ནས་བསྡད་ཡོད་པས་ང་རང་ཡོང་བ་མཐོང་སོང་། ཕྱིས་སུ། ཁོ་མོས་ངེད་ཀྱི་ཨ་མར་བཤད་རྒྱུ། ཉིན་དེ་བུ་མོས་ཁྱེད་ཚང་གི་བུ་མོ་ཡོང་བ་མཐོང་ནས་ཁྱིམ་དུ་ལོགས་སྐབས་སེམས་པ་ཧ་ཅང་སྐྱོ་འདུག  བུ་མོས་གལ་ཏེ་ངེད་ཚང་གི་ཨ་ཕ་ཡང་ཉིན་ཞིག་དེ་ལྟར་སླེབས་ཡོང་ན་ཅི་འདྲའི་སྐྱིད་པ་ལ་ཨང་ཟེར་ནས་མིག་ཆུ་འདོན་སོང་ཟེར་བ་དེ་རེད། སྐད་ཆ་དེ་གོ་དུས། ང་རང་ཡང་འདང་རྒྱག་གི་རྙི་དྲར་ཚུད་པ་གྱུར་ལ། རྙི་དྲ་དེའི་ནང་རྩེ་མོ་ཧ་ཅང་རྣོ་བའི་ཚེར་མས་ཁེངས་ཤིང་། ཚེར་མ་དེ་དག་གིས་ངའི་ཡིད་སེམས་སུ་རེ་རེ་བཞིན་བསྣུན་ནས་ན་ཚ་ཚད་མེད་བཏང་སོང་།     

ལོ་ངོ་བཅུ་དྲུག་རིང་།ཁེར་ཧྲེང་གིས་མནར་ཞིང་སྟོང་སང་གིས་གཙེས་པའི་ཉིན་མོ་དང་མཚན་མོ་རེ་རེར། དྲན་པའི་གདུང་བ་སེལ་རོགས་དང་སྐྱོ་བའི་མིག་ཆུ་འབྱིན་རོགས་མེད་པའི་ལོ་ཟླ་དེ་དག   རེ་སྒུག་ཕྲ་མོ་ཞིག་གི་སྣེ་སྐུད་ལ་དམ་དུ་བཟུང་ནས། འཚོ་བའི་གོམ་ཁ་མུ་ནས་མུ་དུ་རྒྱུ། གོ་རྒྱུ་དང་མི་ཁ་གང་ཡང་མེད་པ། ལང་ཚོ་དང་སེམས་ཤུགས་ཡོད་ཚད་འབུལ་བའི་སྙིང་སྟོབས་དེ། འགན་འཁྲི་དང་ཆོད་སེམས་ཁོ་ནའི་ཆེད་དུ་འཇལ་བའི་ཁྱེད། རླབས་ཆེན་དུ་ཅི་ལ་བགྲང་ཆོག  །

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།