ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > འབོལ་རྩོམ།

ཁ་ཆར་དང་བུ་ཡུག་ཁྲོད་ཀྱི་ལང་ཚོའི་མེ་ཏོག

སྤེལ་དུས། 2018-12-17 14:05:16  རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། སྙིང་མོ་དཔའ།  ཀློག་གྲངས།

གཅིག 

ཨ་མ་ནི་ངའི་མི་ཚེའི་འགྲུལ་བཞུད་ཀྱི་མཐོ་སྒང་ན་ལྷབ་ལྷུབ་སྐྱོད་པའི་དར་ལྕོག་ལྟ་བུ་དེ་ཡིན་ལ། ངའི་སེམས་ཀྱི་སྨུག་ལོང་ན་འོད་དུ་འཚེར་བའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་དེ་ཡང་ཡིན། ཨ་མ་ནི་ངའི་རྩ་ལམ་ན་རྒྱུ་བའི་ཟུངས་ཁྲག་དྲོན་མོ་ལྟ་བུ་དེ་ཡིན་ལ། ངའི་ཤ་ཁྲག་གདོས་བཅས་ཀྱི་ལུས་རྟེན་འདི་འགྲེང་བར་བྱེད་པའི་རུས་པ་སྲ་མོ་དེ་ཡང་ཡིན། ང་ལ་མཚོན་ན་ངས་མོའི་ལུས་སྟེང་ནས་བསླབས་པ་ནི་ཡོད་ཚད་ལས་དབང་ཁོ་ནར་སྐྱབས་བཅོལ་བའི་ཉམ་ཆུང་གི་གཤིས་ཀ་དང་བཟོད་བསྲན་དེ་མིན་པར། མིག་མདུན་གྱི་དཀའ་བ་ཡོད་ཚད་ལ་མགོ་མི་བསྒུར་བའི་སྙིང་སྟོབས་དང་། སྡུག་བསྔལ་གྱི་མདུན་དུ་དཔའ་མི་ཞུམ་པའི་སྙིང་རུས་དེ་ཡིན།

འདི་ནི་བདག་གི་ཨ་མའི་ལང་ཚོའི་དུས་ཀྱི་གཏམ་རྒྱུད་ངོ་མ་ཡིན་ལ། ངས་སྨྱུ་གུ་ལག་ལ་ཐོགས་ཏེ་གཏམ་རྒྱུད་དེ་འབྲི་བའི་དམིགས་ཡུལ་ནི་མི་ཞིག་ལ་ཐེར་འདོན་དང་ཡང་ན་སྣང་ཚུལ་ཞིག་ལ་སུན་འབྱིན་བྱེད་ཆེད་མ་ཡིན་པར། བདག་གི་ཨ་མའི་གཞན་དང་མི་མཚུངས་པར“རྨ་ཤུལ”དང“རྣག་ཁྲག”གིས་སྦགས་པའི་ཐུན་མིན་གྱི་ལང་ཚོ་དེར་རྗེས་དྲན་བྱེད་ཆེད་ཡིན།

མོ་རང་ཚེ་སྲོག་གི་ངུ་འབོད་ཐེངས་དང་པོ་དང་འགྲོགས་ཏེ་འཇིག་རྟེན་འདི་རུ་སླེབས་པ་ནས་བཟུང་། ཨ་ཕའི་གཅེས་སྐྱོང་དང་ཨ་མའི་བྱམས་བརྩེ་ཡི་ཐུ་འོག་ནས་འཚར་ལོངས་བྱུང་བ་ཡིན་ལ། དགོད་སྒྲས་ཁེངས་པའི་ཁྱིམ་ཚང་དེ་རུ་མོ་ནི་ཕ་མ་གཉིས་ཀྱི་ཡ་ཐོད་ཀྱི་མིག་དང་ཡ་ཆུང་གི་སྙིང་ལྟ་བུ་ཡིན། “སྐབས་དེར་ཅི་འདྲའི་སྐྱིད་པ་ལ་ཨང་། ད་ལྟ་ཕྱིར་འདང་རེ་བརྒྱབ་ཚེ་ངས་དེ་ནི་ང་རང་གིས་རྟོག་བཟོ་བྱས་པའི་རྨི་ལམ་ཐེངས་ཤིག་ཡིན་ཡང་སྲིད་ཅེས་ཀྱང་བསམ་མྱོང”ཞེས་མོས་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བ་ལ་དེ་ལྟར་གདེང་འཇོག་བྱས།

འོན་ཀྱང་། འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པ་ནང་བཞིན། མོ་ལོ་བརྒྱད་ཙམ་ལ་སོན་པའི་སྐབས་སུ་མོའི་ཨ་མའི་ལུས་ཕུང་ཉིན་རེ་བཞིན་ཇེ་སྡུག་ཏུ་ཕྱིན་པ་དང་། མོ་རང་ཁྱིམ་ཚང་དེའི་བུ་མོ་ཆེ་བ་ཡིན་པའི་སྟབས་ཀྱིས། ཁྱིམ་ལས་ཙག་ཙིག་གི་ཆེད་དུ་མོ་རང་སློབ་སྐབས་གཅིག་ཙམ་ལ་མ་གཏོགས་འགྲིམས་མེད་པའི་ཀ་ཁའི་དབྱངས་རྟ་ངག་ཏུ་གྱེར་བའི་སློབ་གླིང་དེ་དང་ཁ་མི་འབྲལ་ཀ་མེད་བྱུང་། དེ་ལྟར་ལོ་གཉིས་གསུམ་ཙམ་འགོར་ཡང་མོའི་ཨ་མའི་ནད་དེ་ཇེ་དགའ་རུ་འགྲོ་རྒྱུ་ལྟ་ཞོག ད་དུང་དེ་ལས་ལྡོག་སྟེ་ཇེ་སྡུག་ཏུ་ཕྱིན་ནས་མཇུག་མཐར་སྨན་ཁང་དུ་འགྲོ་དགོས་བྱུང་སོང་། མོའི་ཨ་ཕས་རང་གི་ཆུང་མ་ཁྲིད་ནས་སྨན་ཁང་དུ་ཕྱིན་པ་དང་སྟོན་དུས་དང་ཡང་ན་ལོ་གསར་སྐབས་སུ་མ་གཏོགས་ལོ་ཧྲིལ་པོར་སྨན་ཁང་དུ་བསྡད་པ་རེད། སྐབས་དེར་ཡུལ་དུ་ལུས་ཡོད་པ་ནི་མོ་དང་ལོ་བདུན་ཙམ་གྱི་ནུ་བོ། ལོ་གསུམ་ཙམ་ལ་སོན་མ་ཐག་པའི་ནུ་མོ་བཅས་ཡིན་ལ། ཆུ་ལེན་པ་དང་ཟ་མ་གཡོ་སྐོལ། གོ་རེ་སྲེག་པ། ནུ་བོ་དང་ནུ་མོར་བདག་སྐྱོང་བྱེད་པ་སོགས་བྱ་བ་ཡོད་ཚད་ལོ་བཅུ་གཉིས་ལ་ཡང་སོན་མེད་པའི་བྱིས་པ་ཞིག་གི་ཕྲག་མགོར་ལྷུང་། ལས་དབང་གིས་ཁྱིམ་ཚང་དེར་ཉེས་ཆད་གཅོད་པ་དང་འདྲ་སྟེ། སྨན་བཅོས་བྱེད་ཆེད་ཁྱིམ་གྱི་རྒྱུ་ནོར་མ་ལུས་སྟོང་པར་བྱས་ཀྱང་། མོའི་ཨ་མའི་ཚེ་སྲོག་ནི་སྟོན་དུས་ཀྱི་སྡོང་ལོ་ཇི་བཞིན་གྲང་འཁྱག་གི་བསིལ་རླུང་ཁྲོད་དུ་རིམ་གྱིས་ས་རུ་འཐིམས།

མོའི་ཨ་མ་དེ་ལྟར་རླུང་ཁའི་མར་མེ་བཞིན་དགའ་སྐྱོ་ཆགས་སྡང་གིས་ཁེངས་པའི་མི་ཡུལ་འདི་དང་གཏན་དུ་གྱེས་པ་ནས་བཟུང་། མོར“ཨ་མ”ཞེས་འབོད་ས་ཞིག་དང“ན་གི”ཞེས་བཤད་ས་ཞིག་མེད་པར་གྱུར་ལ། ཅི་ཞིག་ཆད་པ་ལྟ་བུའི་སྟོང་ལྷང་ལྷང་གི་ཁྱིམ་ཚང་དེ་རུ། ལོ་བཅུ་བཞི་ལ་སོན་མ་ཐག་པའི་མོ་ལ་མཚོན་ན། ཨ་མས་ཁྱེར་སོང་བ་ནི་མ་ཡུམ་གྱི་དྲོད་ཁོལ་དང་བྱམས་བརྩེ་ཁོ་ན་མ་ཡིན་པར། ད་དུང་མོའི་འགན་འཁྲི་དང་སེམས་ཁུར་མེད་པའི་བྱིས་དུས་ཀྱི་ལོ་ཟླ་ཡང་ཡིན།

དེ་ནས་བཟུང་། མོ་ནི་བུ་ལོན་གྱིས་མནར་བའི་ཁྱིམ་དེ་ཡི་ཀ་རྟེན་དུ་གྱུར་པ་སྟེ། སྔོན་ཆད་མོའི་ཨ་མས་ལས་ཆོག་པའི་བྱ་བ་མཐའ་དག་ད་ལྟ་མོ་རང་ཉིད་ཀྱིས་བསྒྲུབ་དགོས། ལུས་ཀྱི་ཁུར་བོ་ལྕི་ཡང་དེ་ལས་ཀྱང་བཟོད་བསྲན་བྱེད་མི་ཐུབ་པ་ནི་སེམས་ཀྱི་ན་ཟུག་དང་དྲན་གདུང་རེད། ཐེངས་ག་ཚོད་ལ་མོ་རང་ཨ་མའི་དྲོད་ཁོལ་མེད་པའི་འཁྱག་སིབ་སིབ་ཀྱི་རྨི་ལམ་ལས་སད་དེ་ཁེར་རྐྱང་གི་མཚན་མོའི་དབྱིངས་ཀྱི་ཟླ་བ་དང་སྐར་མ་ལ་བལྟས་ནས་དབང་མེད་ཀྱིས་མིག་ཆུ་ཤམ་ཤམ་དུ་བཞུར་མྱོང་། ཐེངས་ག་ཚོད་ལ་མོས“ཨ་མ”ཞེས་པའི་མིང་དེ་ཐོས་ཐེངས་རེར་མགོ་བོ་ཕྱི་རུ་འཁོར་ནས་སྙིང་ལ་ཟུག་པའི་བྱམས་བརྩེ་ཡི་བདག་ཉིད་དུ་གྱུར་པའི་རྒྱུས་ཅན་གྱི་གཟུགས་བརྙན་དེ་བཙལ་མྱོང་ཨང་། འོན་ཀྱང་མོའི་མིག་ཆུ་དང་སྐྱོ་གདུང་ནི་ལྷིང་འཇགས་ཀྱི་མཚན་མོར་ད་གཟོད་ཕྱི་རུ་མངོན་སྲིད་པ་སྟེ། ཉིན་དཀར་མོ་ནི་སྡུག་བསྔལ་དང་མིག་ཆུ་མེད་པའི“དཔའ་མོ”ཞིག་ཡིན་ལ། ཕར་བལྟས་ཚོད་ཀྱིས་མོས་ལས་དགོས་པའི་བྱ་བ་ཇེ་མང་ལ་སོང་བ་ཙམ་ལས་ཉིན་རྒྱུན་དང་ཁྱད་པར་ཆེན་པོ་མི་འདུག

མོ་དང་ན་མཉམ་གྱི་བུ་མོ་གཞན་དག་གིས་སྡེ་བའི་ནང་གི་ཕོ་གསར་སུ་རྒོད་དང་མོ་གསར་སུ་ཡག་གླེང་སྐབས། སྐྱེས་གཟུགས་སུ་མཛེས་དང་གྱོན་པ་གང་ཡག་འགྲན་སྐབས། སྐྱ་བོར་གྱུར་པའི་ངོ་གདོང་དང་། སེར་ཁ་གས་པའི་མཆུ་སྒྲོས། སྐམ་ཞིང་རིད་པའི་ལུས་པོ་སོགས་ཀྱིས་མོ་ལ་ཁྱེར་ཡོང་བ་ནི་གཞན་གྱི་སྙིང་རྗེ་དང་རོགས་རམ་ཡིན་ལ། དེ་བཞིན་དུ་འཕྱ་སྨོད་དང་མཐོང་ཆུང་ཡང་ཡིན། ལང་ཚོའི་མེ་ཏོག་ཐོག་མར་བཞད་པའི་ལོ་དེ་ལ། ན་ཟླའི་ཁྲོད་དུ་མོ་ནི་རྨ་བྱའི་གསེབ་ཀྱི་ཕུག་རོན་དང་། མེ་ཏོག་ཁྲོད་ཀྱི་རྩྭ་ཕྲན་དང་འདྲ་བར་ཀུན་གྱིས་དོ་སྣང་མི་བྱེད་ཀྱང་། མོས་དེ་དག་ལ་སྣང་དོགས་སྤུ་ཙམ་ཡང་བྱས་མ་མྱོང་།

ནམ་རྒྱུན་མོ་རང་ལོ་ཉི་ཤུ་སུམ་ཅུར་སོན་པའི་སྐྱེས་མ་ཚོ་དང་མཉམ་དུ་ཟ་ལུང་རི་བོར་ནགས་གཅོད་དུ་འགྲོ་བ་དང་། ཞིང་ཁར་ཆུ་འདྲེན་པ་དང་ཡུར་མ་ཡུར་བ་སོགས་ཀྱི་ལས་བྱེད་སྐབས། མི་མང་པོ་ཞིག་གིས“བུ་མོ་བུ་ལས་ལྷག་པ་ཞིག་འདུག་པས། ངོ་མ་ཁྱིམ་ཚང་ལས་ངན་འདིའི་བསོད་ནམས་རེད་ཡ” ཞེས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་མྱོང་། ངས་མོ་ལ“དེ་དུས་ཁྱོད་རང་དགའ་ཡོད་པ་ཐག་ཆོད་ཡིན”ཞེས་བརྗོད་པ་ན། མོས་ང་ལ“དགའ་རྒྱུ་ཅི་ཡོད། མ་མེད་པའི་བུ་མོ་ང་ལ་མཚོན་ན་ལས་ཀ་དེ་དག་ངས་ལས་ཤེས་རུང་ལས་དགོས། ལས་མི་ཤེས་རུང་མ་ཁ་སོ་ཡིས་གནོན་བཞིན་ཡང་ལས་དགོས་པ་ལས། མི་ཤེས་ཟེར་བཞིན་འདུག་ས་ཞིག་གང་ན་ཡོད”ཅེས་བཤད་བྱུང་། རང་གི་འོས་འགན་ངོས་ཟིན་ཞིང་སྤོབས་པས་དང་དུ་བླངས་པའི་ལོ་དེར་མོ་ད་དུང་ལོ་བཅོ་ལྔར་སོན་མེད།

“བུ་ཆེ་བ་ཕ་དང་འདྲ” ཞེས་བཤད་སྲོལ་ཡོད་པ་ལྟར། ཁྱིམ་འདིར་མཚོན་ན་མོ་ནི་ནུ་བོ་དང་ནུ་མོ་གཉིས་ཀྱི་ཨ་ཅེ་ཡིན་ལ་ཨ་མ་ཡང་ཡིན། རང་གི་ཨ་ཕའི་བུ་མོ་ཡིན་ལ་ཁྱིམ་འདིའི་བདག་མོ་ཡང་ཡིན། དེ་ལྟར་ལོ་ཁ་ཤས་ལ་སེན་མགོ་ཁྲག་དང་སེན་རྟིང་རྣག ཤ་ཟད་རུས་པར་ཐུག་རག་བར་དུ་ཞིང་ལས་གཉེར་ཞིང་ཞོར་ལས་བཙལ་མཐར། ཁྱིམ་ཚང་འདིའི་བུ་ལོན་ཡོངས་རྫོགས་འཇལ་ཚར་བར་གྱུར་ལ་འཚོ་བ་ཡང་རིམ་བཞིན་ཇེ་བཟང་དུ་སོང་། འོན་ཀྱང་དེ་དུས་ལས་ཀའི་ཁུར་གྱིས་མོའི་འཇམ་མཉེན་གྱི་ལག་པ་རྩུབ་པར་བཏང་ལ། གདུག་རྩུབ་ཀྱི་ལོ་ཟླའི་དབང་གིས་མོའི་མོ་ལོ་དྲུག་གསུམ་བཅོ་བརྒྱད་ཀྱི་ལང་ཚོའི་མེ་ཏོག་རྙིད་ལ་ཉེ།

གཉིས།

“བུ་མོ་འགྲོ་ས་གནས་དང་། བན་དེ་འགྲོ་ས་སྒར།” ཞེས་པ་བདེན་ཡང་། ཁྱིམ་ཚང་འདིའི་ཀ་རྟེན་ཡིན་པའི་ཆ་ནས་མོ་རང་ལོ་ཉེར་ལྔ་ཡིན་དུས་ད་དུང་གནས་སུ་མ་སོང་བར“གོ་རྒས”སུ་ལུས་འདུག རང་གི་ནུ་བོས་ཆུང་མ་ཞིག་བླངས་ཏེ་ཁྱིམ་ཐབ་སྐྱོང་ཐུབ་པའི་རྗེས་སུ། མོ་རང་ད་གཟོད་ངའི་ཨ་ཕའི་རྗེས་སུ་ཆུང་མར་ཡོང་བ་རེད།

འོན་ཀྱང་མོ་རང་གནས་ལ་ཡོང་ནས་ལོ་གཅིག་ཙམ་ཡང་འགོར་མེད་པའི་སྐབས་སུ། རང་ཁྱིམ་དང་སྡེ་བའི་ནང་གི་ཁྱིམ་ཚང་གཞན་ཞིག་གི་བར་འཁོན་འཛིང་བྱུང་བ་དང་། དོན་དག་དེའི་ཆེད་དུ་མོ་ཡང་ཕྱིར་རང་ཁྱིམ་དུ་ལོག་པ་རེད། སྐབས་དེར་མོ་ཚང་ལ་ལོ་བཅུ་དྲུག་ཅན་གྱི་ནུ་མོ་ཡང་བརྩིས་ན་ད་གཟོད་མི་བཞི་ལས་མེད་པས། མི་ཤུགས་དང་རྒྱུ་ཤུགས་ཐམས་ཅད་སྡེ་བའི་ནང་གི་རྩེ་གྲས་ཡིན་པའི་ཁྱིམ་ཚང་གཞན་དེར་བསྡུར་ན་བྱ་སྒོང་བྲག་ལ་བརྡབས་པ་དང་བྱེའུ་ཆུང་ཁྲ་དང་འཐབ་པ་ལས་མ་འདས།

འཁོན་འཛིང་དེའི་ཁྲོད་དུ་མོ་དང་ནུ་བོ། རང་གི་ཨ་ཕ་བཅས་ཚང་མར་རྨས་ཕོག་སྟེ་སྨན་ཁང་དུ་འགྲོ་དགོས་བྱུང་བ་དང་། མོའི་ཨ་ཕས་ཀྱང་རང་གི་གློ་གྲི་ཕྱུང་སྟེ་མི་དེའི་དཔུང་བར་བསྣུན་ནས་སྨན་ཁང་དུ་བསྐྱལ་བ་རེད། གྱོད་དོན་དེར་སྡེ་བའི་ནང་གི་རྒན་པ་ཚོའི་འདུམ་འགྲིག་བྱེད་མ་ཐུབ་པར་ཞང་སྲིད་གཞུང་ལ་སྤྲད་པ་དང་། སྟབས་མི་ལེགས་པ་ཞིག་ནི་གྱོད་དོན་དེ་ཐག་གཅོད་བྱེད་མཁན་གྱི་གྲས་སུ་ཁྱིམ་ཚང་གཞན་དེའི་མི་དང་དེ་ཚང་ལ་འབྲེལ་བ་བཟང་བའི་མི་མང་བས། མོ་ཕ་བུ་གསུམ་གྱི་སྨན་ཡོན་འཇལ་རྒྱུ་ལྟ་ཞོག ད་དུང་དེ་ཚང་གི་མི་དེར་གྲི་ཡིས་བསྣུན་སོང་ཞེས་དེའི་སྨན་ཁང་གི་འགྲོ་སོང་ཐམས་ཅད་དང་། གསབ་དངུལ་མང་པོ་ཞིག་ཀྱང་མོ་ཚང་གིས་སྤྲོད་དགོས་ཞེས་གྱོད་དོན་དེར་མཇུག་སྡོམ་བྱས།

མོ་ཚང་གིས་བསགས་པའི་དངུལ་ཕྲན་བུ་དེ་དག་རང་ཉིད་ཀྱི་སྨན་ཡོན་དུ་བཀོལ་བ་དང་། ད་དུང་གང་སར་དངུལ་བསྐྱིས་ཏེ་ཡང་བསྐྱར་བུ་ལོན་མང་པོ་བསགས། དེ་བས་གཞན་ལ་གསབ་དངུལ་སྟེར་རྒྱུའི་དངུལ་ལྷག་མ་ཞིག་གང་ན་ཡོད། དེ་ལྟར་མོའི་ཨ་ཕ་ས་གནས་དེའི་མངགས་གཏོང་ཁང་དུ་བཀག་པ་དང་སུ་ཡང་བལྟ་རུ་ཡོང་མི་ཆོག་པའི་བརྡ་བཏང་། དུས་ཚོད་དེའི་ནང་དུ་ཁོ་ཚོས་ཐེངས་མང་པོར་མོའི་ཨ་ཕར་གསབ་དངུལ་སྤྲོད་པའི་གན་རྒྱ་དེའི་སྟེང་དུ་མིང་རྟགས་འགོད་དུ་འཇུག་འདོད་ཀྱང་མོའི་ཨ་ཕས་ཐེངས་གཅིག་ལ་ཡང་ཁས་མ་བླངས་པ་རེད། 

མཇུག་མཐར་ཁོ་ཚོས་མོའི་ལོ་དྲུག་ཅུ་ཅན་གྱི་ཕ་རྒན་དེ་ཟི་ལིང་གི་བཙོན་ཁང་དུ་ལོ་གསུམ་ལ་དུས་བཀག་བཙོན་འཇུག་དང་། མི་གཞན་དེར་ལོ་གཅིག་དང་ཕྱེད་ཀའི་དུས་བཀག་བྱེད་པའི་ཐག་བཅད། ཁྲིམས་ཐག་བཅད་པའི་ཉིན་དེར་ཁྲིམས་གཅོད་མཁན་གྱིས་གྱོད་དོན་དེར་འབྲེལ་བའི་མི་ཚང་མ་ཁྲིམས་རར་བོས་མོད། འོན་ཀྱང་ཏག་ཏག་ཁོ་ཚོ་མིང་སྲིང་གསུམ་པོར་བརྡ་གཏོང་མཁན་གཅིག་ཀྱང་མ་བྱུང་བར་མོའི་ཕ་རྒན་དེ་ཁེར་རྐྱང་ངང་བཙོན་ཁང་དུ་བསྐྱལ་བ་དང་། ཐ་ན་རང་གི་ཨ་ཕར་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་བྱས་པའི་དོན་དེ་ཡང་ཉིན་བཅུ་ཙམ་འགོར་རྗེས་ད་གཟོད་སྡེ་བའི་ནང་གི་མི་གཞན་དག་གི་ཁ་ནས་གོ་བ་རེད།

སེར་པོར་གྱུར་པའི་ལོ་མ་དག་དུས་མཇུག་གི་སྟོན་རླུང་ཁྲོད་དུ་འདར་སིག་སིག་བྱེད་བཞིན་ས་རུ་ཟགས་ལ། མེ་ཏོག་གི་འདབ་མ་སྔ་མོ་ནས་ཡལ་ཞིང་ག་ས་གང་དུ་སྟོང་སྣང་གིས་ཁེངས་འདུག ཉིན་ཞིག་ལ་ཉེན་རྟོག་པའི་རླངས་འཁོར་ཞིག་ཉེན་སྒྲ་དང་བཅས་ཏེ་ཁོ་ཚང་གི་སྒོ་ཁར་སླེབས་ཞིང་། ལས་བྱེད་པ་ཁ་ཤས་ཤིག་དང་ཉེན་རྟོག་པ་གཉིས་མོ་ཚང་གི་ཐེབས་ཆག་གི་ཁང་ཆུང་དེའི་ནང་དུ་འཛུལ། རྒྱ་ཁྱོན་གཞན་གྱི་ཁང་པའི་ཕྱེད་ཀ་ཙམ་ལས་མེད་པའི་ཁང་ཆུང་དེའི་ནང་དུ་ལས་ངན་གྱི་གཞོན་ནུ་གསུམ་ལས་སུ་ཡང་མེད་ཅིང་། ཁེར་རྐྱང་གིས་བསྒྲིབས་པའི་ཁྱིམ་ཚང་དེ་རུ་སྐྱོ་སྣང་དང་སྡུག་བསྔལ་གྱིས་མིའི་དབུགས་ཀྱང་གཅོད་ལ་ཁད་བྱེད། མོའི་ནུ་བོ་དང་ནུ་མོ་གཉིས་ཀྱི་མིག་རྩ་དམར་པོར་གྱུར་ཅིང་བླ་སྲོག་བོར་བའི་བེམ་པོ་དང་འདྲ་བར་ཧད་དེ་ལུས་འདུག་ལ། ཁྱིམ་ལ་ཡོང་བའི“མགྲོན་པོ”དེ་དག་གི་མདུན་བསུ་རུ་ཡོང་བའི་མོ་ནི་བལྟས་ཚོད་ཀྱིས་ནམ་རྒྱུན་དང་མི་འདྲ་ས་མེད་མོད། འོན་ཀྱང་མིག་ནང་དུ་གསང་ཐབས་མེད་པའི་ན་ཟུག་དང་སྡུག་བསྔལ་ཡོད་ལ། མི་ལ་ལར་བཅངས་པའི་སྡང་སེམས་དང་ཞེ་སྡང་ཡང་ཡོད།

ཁོ་ཚོས“ཁྱོད་ཀྱི་ཨ་ཕས་གསབ་དངུལ་སྤྲོད་རྒྱུའི་ཁས་བླངས་ཡོད་ལ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་ནའང་ཁྱོད་ཚང་གིས་གསབ་དངུལ་འདི་མི་སྤྲོད་ཐབས་མེད་ཡིན”ཞེས་བཙན་ཤེད་ཀྱིས་སྨྲས། “ང་རང་སློབ་གྲྭར་སོང་ནས་ཟླ་ཁ་ཤས་ལས་འགོར་མེད་ཀྱང་། རང་སྲུང་གི་ཆེད་དུ་གཞན་ལ་ཐལ་དྲགས་པའི་རྨས་སྐྱོན་མ་བྱས་ན་ཁྲིམས་འགལ་མིན་པ་ངས་སྔ་མོ་ནས་ཤེས་ཡོད། ངེད་ཚང་གི་ཨ་ཕ་ཡོང་སྟེ་དོན་འདིའི་སྔ་ཕྱིའི་བརྒྱུད་རིམ་གསལ་པོར་མ་བཤད་གོང་དུ་སྒོར་མོ་འདི་ང་ཚོས་མི་སྤྲོད་ཁོ་ཐག་ཡིན”ཞེས་བརྗོད་པ་ན། དེ་ཚོའི་ཁྲོད་ཀྱི་ཕོ་བ་སྦྲུམ་མ་ལྟར་འབུར་བའི་དར་མ་ཞིག་གིས་ལག་པས་ཕོ་བར་ཕུར་ཕུར་བྱེད་བཞིན་ས་ལ་ཁ་ལུད་ཅིག་འཕངས་ཤིང་། ལག་གཡས་པར་ཐ་མག་རྐང་གཅིག་བཟུང་སྟེ་སུན་སྣང་དང་བཅས“སྐྲ་རིང་མ་དང་བློ་ཐུང་མ་ཟེར་བ་ཅི་མ་བདེན། ཁྱོད་ལྟ་བུའི་ཡིག་འབྲུ་རྡོག་གཅིག་ཀྱང་མི་ཤེས་པའི་འདྲེ་ཕྲུག་མ་ཞིག་གིས་ཀྱང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གླེང་ཕོད་དམ” ཞེས་མོར་ཟུར་ཟ་བྱས་ཤིང་། སོས་དལ་དལ་གྱི་ངང་ནས་ཐ་མག་ཡང་བསྐྱར་ཁ་ནང་དུ་བཙུགས་ཏེ་ཤུགས་ཀྱིས་ཐེངས་གཅིག་འཇིབ་ཅིང་ཅི་མི་སྙམ་པའི་རྫིག་མདོག་ཤིག་མངོན། “དེ་དུས་ངའི་སེམས་སུ་མ་འོངས་པར་གལ་ཏེ་ང་ཡི་བྱིས་པ་སློབ་གྲྭར་འགྲོ་འདོད་ཡོད་ཚེ། ངས་ང་རང་གི་མགོ་ཡི་ཁང་པ་བཙོང་སྟེ་ཐབ་ཀྱི་སླ་ང་གཅོག་དགོས་རུང་དེ་སློབ་གྲྭར་བསྐྱལ་ཁོ་ཐག་ཡིན་ཞེས་དམ་བཅས་པ་ཡིན། ” མོས་ང་ལ་དེ་ལྟར་བཤད།

དེའི་རྗེས་སུ་མི་དེ་དག་གཅིག་ཏུ་འདུས་ཏེ་སྐད་དམའ་མོས་ལབ་གླེང་འགའ་བྱས་ལ། མཇུག་མཐར་མིག་ཤེལ་གྱོན་ཞིང་ལག་ཏུ་སྨྱུ་གུ་བཟུང་བའི་མི་ཞིག་མོའི་གམ་དུ་ཡོང་སྟེ། མོ་ལ“དེས་ན་ཁྱོད་ཀྱིས་ང་ཚོར་དོན་དག་ངོ་མ་ཤོད་དང་། ང་ཚོས་ཁྱོད་ལ་རོགས་བྱེད་ཐུབ་པ་ཁོ་ཐག་ཡིན” ཞེས་བཤད་པས། མོས་ཀྱང་ཕྱིར་འདང་ཞིག་བརྒྱབ་རྗེས་དོན་གྱི་མགོ་སྔ་མ་ལུས་ཞིབ་པར་བཤད། མི་དེས་རྒྱ་ཡིག་གིས་ཤོག་ངོས་གཉིས་གསུམ་ཙམ་བྲིས་ཚར་རྗེས་མོ་ལ་མཛུབ་རིས་འགོད་དུ་བཅུག་པ་དང་། ཡིག་ཆ་དག་བསྡུ་གསོག་བྱས་ཚར་རྗེས་མྱུར་དུ་རླངས་འཁོར་ལ་བསྡད་དེ་མོ་ཚང་དང་རྒྱང་དུ་གྱེས།

ཉིན་ཞིག མོ་དང་ནུ་བོ་གཉིས་ཕྱི་རུ་ལས་ཀར་སོང་སྟེ་ཕྱིར་ལོག་དུས། མོའི་ནུ་མོ་ནི་གཞན་གྱིས་གཅར་ཏེ་ཁ་ཁྲག་དང་སྣ་ཁྲག་ཙ་ར་ར་བྱེད་བཞིན“ཨ་ཕ”ཞེས་འབོད་ཞོར་ངུ་བཞིན་འདུག ཚུལ་དེ་མཐོང་རྗེས་མོའི་མིག་མཐར་མཆི་མ་དབང་མེད་དུ་འཁོར་ལ་མྱུར་དུ་སོང་ནས་རང་གི་ནུ་མོའི་རྨ་ཁར་གཙང་སྦྲ་བྱས། མོའི“མདའ་བརྒྱབ་པའི་མི་ཆོག་གཞུ་འཁྱོག་ངོམ་ཟེར་བའི་དཔེ་ལྟར། མི་དེ་དག་གིས་ང་དང་ནུ་བོ་མེད་པའི་གླགས་དང་བསྟུན་ནས་ངའི་ནུ་མོར་དེ་འདྲའི་གཅར་རྡུང་ཚབས་ཆེན་བྱས་སོང”བསམས་ནས་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ་མི་དེ་དག་འཚོལ་དུ་སོང་། འོན་ཀྱང་བུད་མེད་ཅིག་ཡིན་པའི་ཆ་ནས་མོས་ཇི་ལྟར་ངོ་རྒོལ་བྱས་ཀྱང་སྐྱེས་པ་ཞིག་གི་དོ་ཡར་ག་ལ་ཡོང་། མི་དེས་རང་གི་གྲི་ཡིས་མོའི་རྒྱབ་ལ་ཐེངས་གཉིས་བསྣུན་པ་དང་། དེའི་རྨ་ཤུལ་ད་ལྟའང་ད་དུང་མོའི་ལུས་ནས་ཡལ་མེད། བཟོད་གླགས་མེད་པའི་ན་ཟུག་གི་རྐྱེན་གྱིས་མོ་རང་དབང་མེད་དུ་ས་ལ་བརྒྱལ་བ་དང་། མོས་མཇུག་མཐར་མཐོང་བ་ནི་ནུ་བོ་རང་གི་ཕྱོགས་སུ་རྒྱུག་ཡོང་བའི་རྣམ་པ་དང་། ཐོས་པ་ནི་མི་དེ་དག་རྒྱང་དུ་བྲོས་པའི་གོམ་སྒྲ་རེད། ཁོ་ཚོས་དེ་ལྟར་མངལ་ཆགས་ནས་ཟླ་གསུམ་བཞི་ཙམ་འགོར་བའི་སྦྲུམ་མ་ཞིག་ཡང་བསྐྱར་སྨན་ཁང་དུ་བསྐྱལ། ཐེངས་ཤིག་ངས་མོ་ལ“སྐབས་དེར་ཁྱོད་ཀྱི་སེམས་སུ་ཤར་བ་ནི་ཅི་ཞིག་རེད” ཅེས་དྲིས་པ་ན། མོས“སྟབས་ལེགས་པ་ཞིག་ལ་གྲིས་རྨས་པ་ནི་ང་རེད། གལ་ཏེ་ཐེངས་དེར་ངའི་ནུ་བོར་རྨ་ཤུལ་ཞིག་བཟོས་ཚེ་ང་རང་ཚེ་གང་བོར་ནོངས་འགྱོད་དང་འགྱོད་པའི་ཁྲོད་ནས་འཚོ་དགོས” ཞེས་བཤད་བྱུང་།

མི་ཚེ་ཟེར་བའི་རིང་རྒྱུ་མེད་ལ་ཐུང་རྒྱུ་ཡང་མེད་པའི་བཞུད་ལམ་འདིའི་ཁྲོད་དུ། ང་ཚོས་རིན་དོད་ག་འདྲ་ཞིག་སྤྲད་ན་གཞི་ནས་འཚོ་བའི་ངོ་གདོང་དེར་ངོས་ཟིན་ཟབ་མོ་ཞིག་འཐོབ་ཐུབ་བམ། ང་ཚོས་སྡུག་བསྔལ་ག་འདྲ་ཞིག་མྱངས་རྗེས་གཞི་ནས་འཚོ་བའི་བདེ་སྐྱིད་དེར་མྱོང་རོལ་ཚིམ་པོ་ཞིག་བྱེད་ཐུབ་བམ།

གསུམ།

ལས་དབང་གིས་བསམ་བཞིན་དུ་མོ་ལ་ཀུ་རེ་རྩེ་བཞིན་པ་དང་འདྲ་སྟེ། མོའི་ལས་དབང་འབྲི་བའི་སྨྱུག་ཁ་དེ་ག་ལེར་བསྒྱུར་བ་ཙམ་གྱིས་མོའི་ཁྱིམ་དང་འཁོན་འཛིང་བྱུང་བའི་ཁྱིམ་དེའི་མནའ་མ་ནི་རང་གི་ཁྱོ་གའི་ཨ་ཅེ་དང་རང་གི་སྙིད་མོར་གྱུར་པ་རེད།

དེ་དུས་ཨ་མ་སྦྲུམ་མ་ཡིན་ཞིང་མོ་རང་རྨས་པའི་རྐྱེན་གྱིས་སྨན་རིན་ཚང་མ་ནི་ཁྱིམ་ཚང་གཞན་དེ་ཚང་གིས་འཇལ་རྒྱུ་གཏན་འཁེལ་བྱས། འོན་ཀྱང་སྨན་རིན་དེ་འདྲ་མང་པོ་ཞིག་འཇལ་དགོས་ཚེ་མོའི་སྙིད་མོའི་འཚོ་བ་ཡང་ཇེ་སྡུག་ཏུ་འགྲོ་ངེས་པས། “ལག་པའི་ཕྱི་ནང་ཤ” ཞེས་པ་ལྟར། མོའི་སྒྱུག་པོ་དང་སྒྱུག་མོ་སོགས་ངའི་ཨ་ཕ་ཚང་གི་བཟའ་མི་གང་པོས་མོ་རང་སྔ་མོ་ནས་སྨན་ཁང་ནས་བུད་ན་བསམས་ཡོད།

“སྒྱུག་པོ་དང་སྒྱུག་མོ་གཉིས་ཀྱིས་བྱས་པ་ཐམས་ཅད་མཐར་གཏུགས་ན་རང་གི་བུ་མོའི་ཆེད་དུ་ཡིན་པས་ང་རང་ཁོ་གཉིས་ཀྱི་སྟེང་ལ་ཞེ་སྡང་ཆེན་པོ་ཞིག་སྐྱེས་མ་མྱོང་། འོན་ཀྱང་ཁྱོད་ཀྱི་ཨ་ཕ་དེ་འདྲའི་གནས་བབ་འོག་ཏུ་ང་དང་ཁ་གཏད་དུ་ལངས་པས། གལ་ཏེ་སྐབས་དེར་ད་དུང་མངལ་དུ་ཡོད་པའི་ཁྱོད་དང་འུ་ཚང་གི་ལ་རྒྱར་འདང་ཞིག་བརྒྱབ་པ་མིན་ཚེ། ང་རང་དངོས་གནས་ཁྱོད་ཀྱི་ཨ་ཕར་གཉེན་འཐོར་འདོད་ཡོད”ཅེས་མོས་དེ་ལྟར་ང་ལ་བཤད་མྱོང་།

མཐའ་མར་མོ་རང་ཟླ་གཅིག་ཙམ་ཡང་མ་འགོར་བར་སྨན་ཁང་ནས་ཕྱིར་བུད་པ་དང་། རྨ་ཁ་སོས་ཡག་མིན་ཡང་ཁྱིམ་གྱི་བྱ་བ་ཙག་ཙིག་མང་པོ་ད་དུང་བསྐྱུར་ཡོད་པས། མོས་ན་ཟུག་ཁོག་ལ་འཇུག་བཞིན་ཁྱིམ་ལས་ལས། ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་སོགས་ཀྱི་རྐྱེན་གྱིས་ཡོད་ཚད་གཉིད་དུ་ཡུར་བའི་མཚན་མོ་མང་པོར་མོ་ལ་གཉིད་མ་ཁུགས་པར་ཁྲ་ལམ་མེར་བཀྲ་བའི་སྐར་འོད་འོག་ཏུ་རང་ཉིད་གཅིག་པུ་བསམ་གཞིག་གི་གཡང་ལ་ལྷུང་མྱོང་། དོན་དག་དེ་བཤད་ཐེངས་རེར་མོས་ང་ལ“མིག་ཆུ་ནི་སྐབས་ལན་རེར་སྙིང་རྗེ་དང་བྱམས་བརྩེ་ཡི་མཚོན་བྱེད་ཅིག་ཡིན་སྲིད་ཀྱང་། སྐབས་མང་ཤོས་སུ་ཉམ་ཆུང་དང་ནུས་མེད་ཀྱི་མཚོན་བྱེད་ཅིག་ཡིན་པས། ཁྱོད་རང་དཀའ་ངལ་ཅི་འདྲ་ཞིག་ལ་འཕྲད་ཀྱང་མི་གཞན་གྱི་མདུན་ནས་མིག་ཆུ་བཞུར་མི་ཆོག” ཅེས་ང་ལ་སློབ་གསོ་གཏོང་བར་བྱེད། ངོ་མ། སྐབས་དེར་མོ་ལ་སྐྱབས་བཅོལ་སའི་མགོན་དང་སྡུག་བཤད་སའི་མི་སོགས་སུ་ཡང་མེད་ཀྱང་མོས་མི་གཞན་གྱི་མདུན་ནས་མིག་ཆུ་རྡོག་གཅིག་ཀྱང་བཞུར་མྱོང་མེད།

རེ་སྒུག་ནི་སེམས་ཀྱི་ཡལ་གར་བཞད་པའི་མེ་ཏོག་ཅིག་ཡིན་ཏེ། དྲོད་འཇམ་གྱི་ཆར་ཟིམ་དང་གྲང་འཁྱག་གི་སྟོན་རླུང་འོག་ཏུ་མེ་ཏོག་དེ་ཡང་ཡང་བཞད་ཅིང་ཡང་ཡང་རྙིད། མོའི་སེམས་སུ་ཡང་དེ་ལྟ་བུའི་རེ་སྒུག་གི་མེ་ཏོག་ཅིག་བཞད་ཡོད་དེ། དེ་ནི་བརྩེ་འདང་གི་མེ་ཏོག་ཅིག་ཡིན་ལ། བརྩེ་དུང་གི་མེ་ཏོག་ཅིག་ཀྱང་ཡིན།

མོས་ང་བཙས་ནས་ཡུན་རིང་མ་འགོར་བར་མོའི་ཨ་ཕ་དང་འབྲེལ་བའི་གྱོད་དོན་དེར་ཡང་བསྐྱར་ཁྲིམས་ཐག་བཅད་པ་དང་། མོ་ཡང་ཡུལ་དངོས་ལ་སོང་བ་རེད། གནས་དེ་རུ་ཐེངས་སྔོན་མར་མོ་ཚང་ལ་ཡོང་སྟེ་དོན་དག་གི་བརྒྱུད་རིམ་ཟིན་བྲིས་སུ་བཏབ་པའི་མི་དེ་དག་ཡོད་ལ། མོའི་མཛུབ་རིས་མནན་པའི་ཡིག་ཆ་དེ་དག་ཀྱང་འདུག མོའི་བསམ་པར་ད་ཐེངས་ངའི་ཨ་ཕར་དཀར་འདོན་བྱེད་ཐུབ་སོང་སྙམ་ནས་དགའ་བ་ཚད་མེད་སྐྱེས། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁྲིམས་གཅོད་མཁན་གྱིས་ཁྱབ་བསྒྲགས་བྱས་པ་ནི་སྔོན་མར་བཤད་པ་དང་གཏན་ནས་མི་འདྲ་སྟེ། ཡིག་ཆའི་ནང་དོན་ལྟར་ན་དོན་དག་སློང་མཁན་གཙོ་བོ་ནི་མོའི་ཨ་ཕ་ཡིན་ལ། མོ་ཚང་ལ་གསབ་དངུལ་སྤྲོད་རྒྱུ་མེད་པས་ལོ་གཅིག་དང་ཕྱེད་ཀའི་དུས་བཀག་བྱས་པའི་མི་དེ་སྔ་མོ་ནས་བཙོན་བཀྲོལ་གཏོང་རྒྱུར་འཐད་པ་བྱུང་ཡོད། མོས“དེ་འདྲ་མིན”ཞེས་ཇི་ལྟར་གསལ་བཤད་བྱས་ཀྱང་། དེ་རུ་ཡོད་པའི་མི་ཚང་མས་ཤོག་བུ་དཀར་པོའི་ཐོག་ཡི་གེ་ནག་པོ་བྲིས་ཡོད་པས་མི་ཚད་མཛུབ་རིས་ཀྱང་མནན་ཡོད་པས་བདེན་ཐག་ཆོད་ཡིན་ཟེར་བཞིན་མོ་ལ་ཁ་རྡུང་བཏང་། དེ་ལྟར་ཐེངས་དེའི་ཞུ་གཏུག་ཁྲོད་མོ་རང་ཡང་བསྐྱར་ཕམ་པ་དང་མི་དེ་ཟླ་བཅུ་ཡང་མ་འགོར་བར་བཙོན་གྲོལ་བཏང་། མོས་རྒྱུན་དུ“རིག་གནས་ཡོན་ཏན་མེད་ཚེ་གཞན་གྱིས་གང་འདོད་ལྟར་མགོ་སྐོར་བཏང་ཆོག་པའི་བྱིས་པ་བསམ་མེད་ཅིག་དང་འདྲ་བས། ཁྱོད་ཀྱིས་ངེས་པར་ཤེས་བྱར་སྦྱང་བརྩོན་བྱེད་དགོས ”ཞེས་ང་ལ་སློབ་གསོ་གཏོང་བར་བྱེད།

བཞི།

ལོ་ཟླ་ནི་གཞུ་དང་བྲལ་བའི་མདའ་མོ་དང་། དྲག་ཏུ་འབབ་པའི་རྦབ་ཆུ་དང་འདྲ་བར་ཕྱིར་ཟློག་བྲལ། འདི་ལྟར་དགུན་གྱི་ཁ་བ་དཔྱིད་ཀྱི་རླུང་བུས་ཁུར་ཞིང་། དཔྱིད་ཀྱི་ལྗང་བུར་དབྱར་གྱི་མེ་ཏོག་བཞད། དབྱར་གྱི་སྡོང་པོར་སྟོན་གྱི་འབྲས་བུ་སྨིན་ཞིང་། སྟོན་གྱི་འབྲས་བུ་དགུན་གྱི་ཁ་བས་སྒྲིབ་བཞིན་དུས་ཚོད་ནི་རྒྱང་ནས་རྒྱང་དུ་བཞུད།

ལོ་ཟླའི་བཞུར་རྒྱུན་ཁྲོད་དུ་བདག་གི་ཨ་མའི་སེམས་ཀྱི་ཡལ་གར་བཞད་པའི་རེ་སྒུག་གི་མེ་ཏོག་དེར་དུས་ནམ་ཞིག་ལ་གཡུར་དུ་ཟ་བའི་བདེ་སྐྱིད་ཀྱི་འབྲས་བུ་སྨིན་སྲིད་དམ། །

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།