ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རྩོམ་རིག > འབོལ་རྩོམ།

ཁྲིད་སྟེགས་སྟེང་གི་མཐོང་ཐོས་ལས——ཁ་མི་གྲག་པའི་སློབ་མ།

སྤེལ་དུས། 2021-04-12 09:28:48  རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། འབུམ་པ་རྒྱལ།  ཀློག་གྲངས།

  “དེ་རིང་གཡང་སྒྲོན་གྱི་རྣམ་འགྱུར་ག་འདྲ་ཡིན་ནམ།”

  ངས་སེམས་ལ་དེ་ལྟར་དྲན་བཞིན་སློབ་ཁང་དུ་སོང་། ནང་དུ་སླེབས་མ་ཐག སློབ་གྲོགས་མགོན་པོ་དང་ཟོན་སྐྱིད་གཉིས་ག་ཤེད་ཅིག་ནས་ཙིག་ཕྲུག་རེ་དང་འདྲ་བར་མྱུར་མོར་རང་རང་གི་འདུག་གནས་སུ་བྲོས་ཤིང་། དེ་མུར་སོམ་ཉི་དང་སྐྲག་སྣང་ཡང་ཅུང་ཟད་མངོན་པའི་མིག་ཟུང་གིས་ང་ལ་རིག་རིག་ཏུ་ལྟ་ཞོར་མགོ་བོ་སྨད་ཙམ་བྱས་ནས་བསྡད་བྱུང་། ནམ་རྒྱུན་སྐད་ཡིག་སློབ་ཁྲིད་མ་འཚོགས་གོང་། ངས་སློབ་མ་ཚོར་སློབ་དེབ་སྟེང་གི་ལེགས་བཤད་དམ་སྙན་ངག་ཚན་པ་ཞིག་མཉམ་ཀློག་བྱེད་དགོས་པར་གདམས་ཡོད་ཅིང་། དེ་ལྟར་བྱས་ན་གཅིག་ནས་སློབ་མ་ཚོའི་དྲན་ཤེས་སློབ་དེབ་སྟེང་འགུག་ཐུབ་པ་དང་། གཉིས་ནས་གྲལ་འགྲིག་པའི་སྒོ་ནས་ཡར་ལངས་ཤིང་། འགྲོས་མཉམ་པའི་སྒོ་ནས་ཀློག་འདོན་བྱེད་ཞོར་སློབ་ཁྲིད་ཀྱི་མགོ་བརྩམས་ན་སྣང་བ་སྤྲོ་པོ་ཡོང་ཐུབ་པས་ཡིན།

  ཡིན་ནའང་། དེ་རིང་ཁོ་ཚོས་མཉམ་འདོན་མ་བྱས་པར་མ་ཟད། ཐ་ན་སློབ་གྲོགས་རེ་གཉིས་ཀྱིས་སློབ་ཁྲིད་ལ་གྲ་སྒྲིག་མི་བྱེད་པར་སློབ་གྲོགས་གཞན་གྱི་འགྲམ་ལ་སོང་ནས་ཁ་བརྡ་བྱེད་ཀྱིན་འདུག་པ་ནི་རྒྱུན་ལྡན་ལྟར་ན་ངའི་མིག་ནང་གི“སྒྲིག་འགལ”གྱི་བྱ་སྤྱོད་ཅིག་ཡིན་པ་སྨོས་ཅི་དགོས་ཀྱང་། ངས་དེ་ལ་ཆེད་དུ“བཀའ་བཀྱོན”མ་གནང་བར་ནང་དུ་སླེབས་མ་ཐག་གཡང་སྒྲོན་ལ་ལྟ་ཙམ་བྱས་རྗེས་སློབ་དེབ་ཀྱི་ཁ་ཕྱེས་པ་ན། སློབ་མ་ཚོ་ཡང་ཅུང་ཡ་མཚར་བའི་ངང་ད་སོ་མར་ཙི་གུ་བཞིན་འབྲོ་མཁན་གྱི་སློབ་གྲོགས་གཉིས་ལ་ལྟ་ཙམ་བྱས་རྗེས་མགྲིན་གཅིག་ཏུ“དགེ་རྒན་སྔ་དྲོ་བཟང”ཞེས་ཡར་ལངས་ནས་འཚམས་འདྲི་དང་གུས་འདུད་ཞུ། ངས་ཀྱང་ནམ་རྒྱུན་ལྟར་སློབ་དེབ་ལག་ལ་བཟུང་ནས“སློབ་གྲོགས་ཚོ་སྔ་དྲོ་བཟང”ཞེས་འཚམས་འདྲི་བྱེད་ཞོར་གུས་ལན་དུ་མགོ་བོ་སྒུར་ཙམ་བྱས་ཤིང་། ཞོར་ནས་ད་སོ་མའི་སློབ་གྲོགས་དེ་གཉིས་ལ་བལྟས་པ་ན། ཁོ་གཉིས་ཀས་རྣམ་རིག་བསྒྲིམས་ཤིང་གདོང་ལ་འཛུམ་ཆུང་རེ་མངོན་ཡོད་ལ། ཉན་ཚོད་ཀྱིས་ཁོ་གཉིས་ཀའི་མཚམས་འདྲི་ཞུ་སྐབས་ཀྱི་སྐད་མགོའང་གཞན་ལས་མཐོ་བར་སྣང་བས། ཧ་ལམ་ངས་གུ་ཡངས་བྱས་པར་ཐུགས་རྗེ་ཆེ་ཞུ་བ་དང་འདྲ། ངས་དེ་མུར་ཡང་བསྐྱར་གཡང་སྒྲོན་ལ་ལྟ་ཙམ་བྱས་པ་ན། ཁོ་མོ་ཡང་འཛུམ་འཚེར་འཚེར་བྱེད་ཀྱིན་འདུག་ཅིང་། མིག་ཟུང་རྣམ་རིག་ལྡན་པའི་ངང་ང་ལ་བལྟས་འདུག་པ་མཐོང་བས། ངའི་སེམས་ཁམས་ནི་ཇེ་བཟང་ལ་རབ་ཅིག་སོང་ཞིང་། མགྲིན་པ་བསལ་ཙམ་བྱས་རྗེས་དངོས་སུ་སློབ་ཁྲིད་བྱེད་མགོ་བརྩམས།

  གཡང་སྒྲོན་ནི་འཛིན་གྲྭའི་ནང་གི་བསླབ་འབྲས་ཆེས་ཞན་པའི་སློབ་མ་ཞིག་ཡིན། ནམ་རྒྱུན་རྒྱུགས་བླངས་ན་བསླབ་བྱ་སོ་སོར་ཆ་སྙོམས་སྐར་མ་སུམ་ཅུ་ཡང་ལོངས་དཀའ་ཞིང་། ལན་རེར་སྐད་ཡིག་གི་བསླབ་འབྲས་སྐར་མ་བཅུ་མི་ལོན་པའི་སྐབས་ཀྱང་ཡོད། ངས་ཀྱང་ད་ལྟའི་བར་རང་གི་ཀླད་པའི་ནང་དུ་ཡོད་པའི“སློབ་གསོའི་བྱེད་ཐབས”ཡོད་ཚད་བཀོལ་སྤྱོད་བྱས་མོད། མོའི་བསླབ་འབྲས་ལ་མངོན་གསལ་གྱི་ཡར་རྒྱས་ཅི་ཡང་མ་བྱུང་། ནམ་རྒྱུན་དགེ་གྲོགས་གཞན་དང་ཁ་བརྡ་བྱེད་སྐབས། སློབ་མ་འདི་ལྟར་སྐྱོང་འོས། བསླབ་འབྲས་དེ་ལྟར་ཇེ་བཟང་ལ་གཏོང་འོས་སོགས་ཀྱི་གཏམ་བདེན་བདེན་འགྲིག་འགྲིག་འདྲ་བ་མང་པོ་བཤད་མྱོང་ཞིང་། རང་གིས་ཀྱང་བྱེད་ཐབས་དེ་དག་ལ་ཕན་འབྲས་ཡོད་ངེས་པར་འདོད་མོད། ཏག་ཏག་གཡང་སྒྲོན་གྱི་ཐོག་ནས། ངའི་བྱེད་ཐབས་དེ་དག་ནི་དགེ་མཚན་གང་ཡང་མེད་པའི་དཔེ་མཚོན་ལྟ་བུར་གྱུར་སོང་བས། རྗེས་སུ་ངས“སློབ་གསོའི་ཐབས་མཆོག”དེ་དག་བརྗོད་སྐབས་སྐད་མགོ་ཇེ་དམའ་དང་། གདེང་ཚོད་ཇེ་ཆུང་ལ་རབ་ཅིག་སོང་ཚར།

  གཡང་སྒྲོན་གྱི་བསླབ་འབྲས་ཞན་པ་ཙམ་དུ་མ་ཟད། ཁོ་མོ་རྒྱུན་པར་ཁ་གྲག་པར་མི་དགའ་བས་དགེ་རྒན་དང་སློབ་གྲོགས་ཚོར་འབྲེལ་འདྲིས་བྱས་པའང་ཧ་ཅང་ཉུང་། འཛིན་གྲྭའི་ནང་དུ་ཁོ་མོར་འདྲིས་ཟབ་པའི་གྲོགས་པོ་ཧ་ལམ་མེད་ཅིང་། གྲལ་མཚེས་བགོ་སྐབས་ཁོ་མོ་དང་མཉམ་དུ་འདུག་འདོད་མེད་པའི་རྣམ་འགྱུར་སྟོན་མཁན་ཡང་མང་། སློབ་གྲོགས་ལ་ལས་གཡང་སྒྲོན་གཙང་སྦྲར་མི་བཟང་བས་ཁོ་མོ་དང་མཉམ་དུ་འདུག་མི་འདོད་ཟེར་བ་དང་། ཁ་ཅིག་གིས་ཁོ་མོ་ཁ་གྲག་པར་ཤིན་ཏུ་མི་དགའ་བས་མཉམ་དུ་འདུག་འདོད་མེད་ཟེར། ད་དུང་སློབ་གྲོགས་ལ་ལ་ནི་ཁོ་མོ་སློབ་སྦྱོང་ལ་ཞན་པའི་རྐྱེན་གྱིས་ཀྱང་མཉམ་དུ་འདུག་འདོད་མེད་པ་ཁ་ནས་མ་བཤད་ཀྱང་རྣམ་འགྱུར་ལས་ཤེས་ཐུབ། དེ་ལས་ཀྱང་ཚབས་ཆེ་བའི་དོན་དག་ཅིག་ནི་སློབ་ཁྲིད་ཀྱི་སྐབས་ཤིག་ལ་སློབ་གྲོགས་ཚོས་ཚིག་མཛོད་བཤེར་དགོས་པར་ཐུག་པ་ན། གཡང་སྒྲོན་ལ་ཚིག་མཛོད་མེད་པས་སློབ་གྲོགས་གཞན་དག་ལ་གཡར་མོད་གཅིག་གིས་ཀྱང་གཡར་མ་བྱུང་། ཕྱི་ཚུལ་ནས་ཚང་མས་རང་རང་ལ་དགོས་མཁོ་ཆེ་བས་གཡོར་མི་རུང་ཚུལ་སྟོན་ཡང་། དོན་ལ་གཡར་འདོད་མེད་པས་ཡིན་པ་བལྟས་པ་ཙམ་གྱིས་ཤེས་ཐུབ།

  སྐབས་དེར་ངའི་སེམས་ཤིན་ཏུ་མི་བདེ་བར་གྱུར་ནས་གལ་ཏེ་གཡང་སྒྲོན་ལ་ཚིག་མཛོད་ཙམ་ཡང་གཡར་འདོད་མཁན་མེད་པ་ཡིན་ན། ཁོ་མོའི་འཛིན་གྲྭའི་ནང་གི་གནས་སྟངས་ཁྱོན་ནས་སྐྱིད་པོ་ཞིག་ཡིན་མི་སྲིད་ཅིང་། གནས་སྟངས་འདི་འདྲ་བའི་འོག་ཏུ། ངས་བཀོལ་བའི་སློབ་གསོའི་ཐབས་མཆོག་དེ་དག་ལ་དགེ་མཚན་ཅི་ཡང་མངོན་མི་སྲིད་པས། ཐོག་མར་ཁོ་མོ་འཛིན་གྲྭའི་ནང་དུ་ཁེར་རྐྱང་དུ་གྱུར་ཡོད་པའི་གནད་དོན་འདི་སེལ་ཐབས་བྱེད་དགོས་སྙམ།

  གཟའ་སྔོན་མར་གཡང་སྒྲོན་ལ་ཆམ་པ་ཕོག་ནས་ཉིན་གསུམ་ལ་གནང་བ་ཞུ་དགོས་བྱུང་བས། ངས་དེ་ནི་གོ་སྐབས་ཡག་པོ་ཞིག་རེད་སྙམ་ནས་ཆེད་དུ་འཛིན་གྲྭ་ལ་འཛིན་ཚོགས་ཤིག་བསྡུས་ཤིང་། འཛིན་ཚོགས་སྟེང་ཐོག་མར་སློབ་གྲོགས་ཕན་ཚུན་ལ་རོགས་རམ་བྱེད་དགོས་པ་དང་། འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས་པར་བཤད་པ་ཡིན། དཔེར་ན་སློབ་གྲོགས་སོ་སོའི་བསླབ་འབྲས་ཀྱི་བཟང་ངན་དང་། སྐྱེས་གཟུགས་ཀྱི་ཡག་བཙོག ཁྱིམ་ཚང་གི་གནས་སྟངས་སོགས་ཀྱི་ཁྱད་པར་ལས་ཕན་ཚུན་ལ་མཐོང་ཆུང་དང་ཟུར་ཟ་བྱེད་མི་རུང་ཚུལ་ནན་བཤད་བྱས། མཇུག་ཏུ་སློབ་གྲོགས་གཡང་སྐྱིད་དཔེར་དྲངས་ནས་ཁོ་མོ་སློབ་སྦྱོང་དང་གཙང་སྦྲ་ལ་ཞན་ཞིང་། ཁ་གྲག་པར་མི་དགའ་བ་ཙམ་གྱིས་ཁོ་མོར་མཐོང་ཆུང་དང་ཟུར་ཟ་བྱེད་མི་རུང་བར་མ་ཟད། དེ་ལས་ལྡོག་སྟེ་མོ་ལ་རོགས་རམ་དང་གྲོགས་པོ་སྒྲིག་དགོས། མ་ཟད་ཁོ་མོའི་ཆམ་ནད་དྲག་ནས་ཕྱིར་སླེབས་ན་ཚང་མས་མོ་ལ་འཚམས་འདྲི་བྱ་འོས་པར་བཤད།

  གཟའ་ལྷག་པའི་དགོང་སྦྱོང་ཚོགས་སྐབས་གཡང་སྒྲོན་ཕྱིར་སླེབས་ཤིང་། སླེབས་མ་ཐག་སློབ་གྲོགས་བུ་མོ་མང་ཤོས་ཀྱིས་ཁོ་མོར་འཚམས་འདྲི་བྱས་ཤིང་། གྲལ་མཚེས་སུ་འཛིན་གྲྭའི་ནང་གཤིས་ཀ་ཆེས་འཇམ་པའི་ཟླ་བ་མཚོ་བཀོད་སྒྲིག་བྱས་འདུག ཟླ་བ་མཚོས་ཁོ་མོར་དཔེ་ཁུག་འཇོག་རོགས་དང་དཔེ་ཆ་ལེན་རོགས་བྱས་ཤིང་། སློབ་གྲོགས་གཞན་དག་གིས་ཀྱང་མོ་ལ་སྣང་འཇོག་བྱེད་ཀྱིན་འདུག་པས་ཁོ་ནི་ཅུང་ཟད་དོགས་མི་བདེ་བར་བཟོས་ཡོད་པ་འདྲ། འོན་ཀྱང་ངས་དེ་ལ་མཉམ་འཇོག་བྱེད་ཀྱིན་མེད་པའི་ཚུལ་གྱིས་དཔེ་ཆ་ཞིག་བསློགས་ནས་བསྡད་པ་ཡིན།

  དེ་ནས་བཟུང་། ངས་རྒྱུན་པར་གཡང་སྒྲོན་ལ་མཉམ་བཞག་པ་ཡིན་ཏེ། སློབ་ཁྲིད་སྐབས་དང་ཡང་ན་འཚོ་བའི་ཁྲོད་དུ་ཁོ་མོས་སློབ་གྲོགས་གཞན་ལ་འབྲེལ་འདྲིས་བྱེད་ཀྱིན་ཡོད་མེད། སློབ་གྲོགས་གཞན་གྱིས་ཁོ་མོར་ལྟ་ཚུལ་ག་འདྲ་འཛིན་གྱིན་ཡོད་པ། ཁོ་མོའི་གདོང་གི་རྣམ་འགྱུར་དང་ལུས་ཀྱི་གཙང་སྦྲ་ཇེ་ལེགས་སུ་སོང་ཡོད་མེད་སོགས་ལ་ལྐོག་ཏུ་གཟབ་ནན་གྱིས་བལྟས་པ་ཡིན། ཡིད་སྤྲོ་བ་ཞིག་ལ་ཉེ་བའི་ཆར་གཡང་སྒྲོན་ལ་མངོན་གསལ་གྱིས་འགྱུར་བ་འབྱུང་བཞིན་ཡོད་ཅིང་། ལྷག་ཏུ་སློབ་གྲོགས་ཟླ་བ་མཚོ་དང་མཉམ་འགྲོ་མཉམ་འདུག་བྱེད་ཀྱིན་པར་མ་ཟད། ཐེངས་ཤིག་རྩལ་སྦྱང་ར་བའི་ནང་དུ་སློབ་གྲོགས་འགས་རྩེད་མོ་ཞིག་འཁྲབ་ཀྱིན་འདུག་པ་ལ། གཡང་སྒྲོན་ནི་རྩེད་མོའི་ཁྲོད་ཀྱི་མི་སྣ་གཙོ་ཤོས་ཤིག་ཏུ་གྱུར་ཡོད་པ་མཐོང་བས། སུམ་ཐོག་གི་སྒེའུ་ཁུང་ལས་ང་ནི་རེ་ཞིག་སྤྲོ་བ་ཁོག་ལ་མ་ཤོང་བར་བསྡད་པ་ཡིན། ཕྱི་དྲོ་ཞིག་ལ་གཡང་སྒྲོན་གྱིས་སྐྲའི་ལན་བུ་སྙིང་རྗེ་བོ་འགའ་བསླེས་འདུག་ཅིང་། ངས་ཁོ་མོར་དྲིས་པ་ན་སློབ་གྲོགས་ཟླ་བ་མཚོས་བསླེས་པ་ཡིན་ཟེར།

  ང་ནི་གཡང་སྒྲོན་གྱི་འགྱུར་བ་འདི་དག་མཐོང་ནས་རབ་ཏུ་དགའ་བར་གྱུར། འདི་ནི་སྐད་ཡིག་གི་ཤེས་བྱ་བྱེ་བྲག་པ་ཞིག་བློར་ཟིན་པའམ། གྲངས་རིག་གི་སྤྱི་འགྲོས་ཤིག་འགྲོལ་ཐུབ་པ། དབྱིན་ཡིག་གི་ཐ་སྙད་འགའ་ཉན་འབྲི་ཐུབ་པ་ཙམ་ལས་དོན་སྙིང་ལྡན་པ་སྟེ། ཐ་ན་སྐར་འབྲས་བཅུ་ཕྲག་ཅིག་ཆ་སྙོམས་ཀྱིས་ཇེ་མཐོར་སོང་བ་ལས་ཀྱང་དོན་སྙིང་ལྡན་པར་བསམས། སློབ་མ་ཞིག་ལ་མཚོན་ན་བསླབ་འབྲས་གལ་ཆེ་བ་བདེན་ཡང་། མི་ཞིག་ཡིན་ན་རང་བརྩིའི་འདུ་ཤེས་དང་གཞན་བསྟུན་བསམ་བློ། འབྲེལ་འདྲིས་ཀྱི་ནུས་པ་ལྡན་རྒྱུ་ནི་མི་ཚེ་གང་པོའི་ཚེ་ནོམ་དུ་འགྱུར་ངེས་པ་མ་ཡིན་ནམ། ཡང་ན། ཁོ་མོར་སྤྲོ་སྣང་ལྡན་པའི་འཛིན་གྲྭ་ཞིག་དང་། ཁ་ཞེ་འདྲིས་པའི་དགེ་རྒན་དང་སློབ་གྲོགས་ཤིག་ཡོད་ན། ཁོ་མོའི་སློབ་སྦྱོང་གི་གནས་སྟངས་ལའང་འགྱུར་ལྡོག་འབྱུང་བའི་རེ་བ་ཡོད་པ་མ་ཡིན་ནམ།

  ད་ལྟ། ངས་གཡང་སྒྲོན་ལ་རྦད་དེ་འགྱུར་བ་བྱུང་ཟིན་པར་བཤད་མི་ཐུབ་ཀྱང་། ཁོ་མོ་དང་སློབ་གྲོགས་ཚོའི་འབྲེལ་འདྲིས་ཇེ་ལེགས་སུ་སོང་ཡོད་པ་ནི་མངོན་གསལ་དུ་མཐོང་ཐུབ། དེ་བས་ཁོ་མོ་ནི་ད་ལྟ་ངའི་རེ་བ་ཆེན་པོ་བཅངས་སའི་སློབ་མ་ཞིག་ཏུ་གྱུར་ཡོད། །

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།