ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་སར་བསུ་བའི་སྤྲོ་ཚོགས་བསྡུས་པ།

སྤེལ་དུས། 2019-01-20 13:25:48  རྩོམ་ཁུངས།   རྩོམ་པ་པོ། རྡོ་ཐར། ཆབ་འགག་ཇོ་རུ།  ཀློག་གྲངས།


ཟླ1པའི་ཚེས19ཉིན། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བའི་ཟི་ལིང་དུ་ཡོད་པའི་བོད་རིགས་དང་འབྲེལ་ཡོད་ལས་ཁུངས་ཁག་དང་། ཟི་ལིང་དུ་འཚོ་སྡོད་དང་ལས་དོན་སྒྲུབ་མཁན་བོད་རིགས་སྤུན་ཟླ་རྣམས་ནས་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་སར་བསུ་བའི་སྤྲོ་ཚོགས་དེ་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དུ་སྤེལ་ཞིང་།  ཁྱོན་མི་བརྒྱ་ཕྲག་ལྷག་ཐེངས་འདིའི་སྤྲོ་ཚོགས་ལ་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན་ཐེངས་འདིའི་སྤྲོ་ཚོགས་ལ་ཟི་ལིང་དུ་ཡོད་པའི་བོད་རིགས་དང་འབྲེལ་ཡོད་ལས་ཁུངས་ཁག་དང་། ཟི་ལིང་དུ་འཚོ་སྡོད་དང་ལས་དོན་སྒྲུབ་མཁན་བོད་རིགས་སྤུན་ཟླ་སོགས་ཁྱོན་མི་བརྒྱ་ཕྲག་ཞུགས་ཡོད་པ་དང་། སྤྲོ་ཚོགས་ཐོག་དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་དང་ལས་ཁུངས་ཁག་གི་ལས་བཟོ་བའི་འཁྲབ་སྟོན་ཚོ་ཆུང་གིས་གླུ་ལེན་གར་འཁྲབ་ཀྱིས་བོད་ལུགས་ལོ་གསར་ལ་བསུ་བ་ཞུས་པ་དང་། ཆབས་ཅིག་ཏང་གི་མི་རིགས་སྲིད་ཇུས་བཟང་པོ་དང་། བོད་རིགས་ས་ཁུལ་གྱི་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར།  མང་ཚོགས་རྣམས་ཀྱི་མིག་སྔའི་བདེ་སྐྱིད་ལྡན་པའི་འཚོ་བ་བཅས་ལ་བསྟོད་གླུ་ཕུལ་བ་དང་། ལོ་གསར་པའི་ནང་རྒྱལ་ཁམས་བདེ་ཞིང་། མི་རྣམས་དགའ་བདེའི་དཔལ་ལ་རོལ་ཐུབ་པའི་སྨོན་འདུན་མཚོན་པར་བྱས་ཡོད་པ་རེད། 

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་ཏང་དང་རྒྱབ་ཁབ་ཀྱི་མི་རིགས་སྲིད་ཇུས་ཁག་བོད་ཁུལ་དུ་ལག་བསྟར་དོན་འཁྱོལ་ཡོང་ཆེད། དམངས་ཕན་དང་རིག་གཞུང་ཞིབ་འཇུག་གི་ལས་དོན་གང་མང་སྤེལ་ཞིང་། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ་མི་ཤུགས་དང་རྒྱུ་ཤུགས་གང་མང་བཏོན་ནས་བོད་རིགས་ས་ཁུལ་གྱི་སྤྱི་བའི་ཞབས་ཞུ་དང་ལོ་རྒྱུས་ཡིག་ཚགས་ཞིབ་འཇུག་བྱེད་པའི་ཐད་ལའང་ལས་དོན་མང་པོ་སྤེལ་ཡོད་ལ། ལོ་ལྟར་བསྡུ་བཞིན་པའི་བོད་ལུགས་ལོ་གསར་བསུ་བའི་སྤྲོ་ཚོགས་བརྒྱུད་དེ་ཏང་གི་མི་རིགས་སྲིད་ཇུས་དྲིལ་སྒྲོག་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཁག་གི་མི་དམངས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་འབོད་སྐུལ་བྱེད་བཞིན་ཡོད།


ཆབ་འགག་ཇོ་རུས་པར་བླངས།

ཡུལ་དངོས་སུ་སྤྲོ་ཚོགས་ལ་ཞུགས་པའི་འབྲེལ་ཡོད་མི་སྣས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། བསྒྱུར་བཅོས་སྒོ་དབྱེ་བྱས་པའི་ལོ་ངོ་བཞི་བཅུའི་རིང་ལ་བོད་ཀྱི་ས་གནས་ཁག་གི་འཚོ་བ་དང་སློབ་གསོ་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐད་ལ་འཕོ་འགྱུར་ཆེན་པོ་བྱུང་བར་བསྔགས་བརྗོད་དང་། མིག་སྔའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་དང་མ་འོངས་པའི་འཚོ་བར་རེ་བ་ཆེན་པོ་འཆང་བའི་བསམ་ཚུལ་བརྗོད་ཀྱི་འདུག

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།