ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

བརྩེ་ལྡན་གྱི་བོད་རིགས་སྤུན་ཟླ་རྣམས་ལ་བོད་ལྕགས་བྱི་ལོའི་ལོ་གསར་ལ་སྤྲིངས་པའི་འཕྲིན་ཡིག

སྤེལ་དུས། 2020-02-20 20:11:33  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོག  ཀློག་གྲངས།

མཛའ་བརྩེ་ལྡན་པའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་དང་། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

  ད་ལོའི་ལོ་སར་དུས་ཆེན་ནི་འུ་ཅག་ལ་མཚོན་ན་ཐུན་མོང་མ་ཡིན་ཞིང་བརྗེད་དཀའ་བའི་དུས་ཆེན་ཞིག་རེད། རིམས་ནད་མཆེད་པས་གནས་མཆོག་གངས་ལྗོངས་དང་། གྲོང་ཁྱེར་ཆེ་འབྲིང་ནས་ཁ་བ་རི་པ། གྲོང་ཚོ་ཆེ་ཆུང་མཐའ་དག་ལྷིང་འཇགས་སུ་གནས་ཤིང་། རིམས་ནད་སྐབས་ཀྱི་དཔྱིད་གསར་དུས་ཆེན་ཡང་འཇམ་ཐིང་ངེར་གྱུར། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་ལོ་རེར་ཐེངས་རེར་གཉེར་པའི་བོད་ལྕགས་བྱི་ལོའི་ལོ་གསར་གྱི་རིག་རྩལ་བྱེད་སྒོ་ཡང་རིམས་ནད་འགོག་རྒོལ་གྱི་རྐྱེན་གྱིས་སྔར་མུ་བཞིན་དུས་ཐོག་ཏུ་གཉེར་ཐུབ་ཀྱི་མེད་མོད། འོན་ཀྱང་དེ་ནི་བློ་ཕམ་དགོས་པ་ཞིག་མིན་པར། དེ་ནི་ཀྲུང་གོ་མི་དམངས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་མི་རིགས་གོང་བུར་འགྲིལ་ཤུགས་ཀྱི་མཚོན་ཚུལ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ནད་དུག་ལ་འགོག་རྒོལ་བྱེད་པའི་འཐབ་འཛིང་སྙིང་སྟོབས་ཀྱི་མཚོན་ཚུལ་ཞིག་ཀྱང་རེད། ང་ཚོ་ཁྱིམ་དུ་ལུས་ཀྱང་སེམས་པ་དྲོད་ཀྱིས་ཁེངས་ཤིང་། གཉེན་གྲོགས་མདུན་ན་མེད་ཀྱང་ཐམས་ཅད་བདེ་བར་བཞུགས་པའི་ལོ་སར་འདི་ནི། ཀྲུང་ཧྭའི་བུ་ཕྲུག་ག་ཚོད་ཀྱིས་དཀའ་སྤྱད་འབད་བརྩོན་དང་ཐ་ན་ཚེ་སྲོག་ལ་བརྟེན་ནས་ཐོབ་པ་ཞིག་མིན་ནམ། རིམས་ནད་བྱུང་ཚུན་གྱི་སྨན་ལས་མི་སྣ་དང་རིགས་སོ་སོའི་རྒྱབ་གཉེར་མཁོ་སྒྲུབ་འགན་སྲུང་མི་སྣ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣ་དག་གིས་གུང་སེང་གི་ངལ་བསོ་དང་། ལྷན་འཛོམས་ཀྱི་རྩེ་དགའ་དོར་ཏེ་ཉིན་མཚན་དབྱེར་མེད་དུ་རིམས་ནད་འགོག་པའི་འཐབ་ས་དང་པོར་འབད་འཐབ་བྱེད་ཀྱིན་ཡོད། ཁོང་ཚོའི་ལྷག་བསམ་དང་སྙིང་སྟོབས་ཀྱིས་མི་དམངས་ཀྱི་བདེ་ཐང་དང་ཀྲུང་ཧྭའི་དུས་བདེ་འགན་ལེན་བྱེད་བཞིན་ཡོད། དམིགས་བསལ་གྱི་དུས་སྐབས་དང་དམིགས་བསལ་གྱི་གནས་ཚུལ་གྱིས་ང་ཚོ་མི་རེ་རེ་ལ་ཚོད་བགམ་བྱེད་ལ། ད་ཐེངས་ཀྱི་ཚོད་བགམ་ལས་ང་ཚོ་མི་ཚང་མས་ཁྱིམ་སྡོད་རིམས་འགོག་དང་གཅེས་སེམས་ཞལ་འདེབས་སོགས་ཀྱི་བྱ་ཐབས་ཀྱིས་ལག་གདང་གཅིག་ཏུ་སྦྲེལ་ནས། ཕ་ཡུལ་གྱི་བདེ་སྐྱིད་ཀྱི་ཆེད་དུ་རིམས་འགོག་བྱ་རྒྱུ་དང་། དམིགས་བསལ་གྱི་དུས་སུ་དམིགས་བསལ་གྱི་བྱེད་ཐབས་ཀྱིས་དམིགས་བསལ་གྱི་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།

  ཚེ་སྲོག་ལ་གཅེས་སྤྲས་དང་དཔའ་བོར་གུས་འདུད། ནད་དུག་གསར་བར་འཐབ་འཛིང་བྱེད་པ་ནི་ང་ཚོས་ཚེ་སྲོག་གི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་དམག་འཁྲུག་ཅིག་ཡིན། ལོ་ངོ་70ཡི་སྔོན་དུ། ཀྲུང་གོའི་མི་དམངས་ཀྱིས་དཀའ་སྤྱད་ཚད་མེད་ཀྱི་འཐབ་རྩོད་བརྒྱུད་མཐར། བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ལྡན་རྣམས་ཀྲུང་གོའི་ས་གཞི་ནས་ཕྱིར་བསྐྲད་ཅིང་། ལོ་50ལྷག་གི་སྔོན་ལ། ཚན་རིག་མཁས་ཅན་མང་པོ་ཞིག་གིས་ནུབ་ཕྱོགས་ལ་དཔེར་ལྟོས་དང་སྒེར་སེམས་དོར་ནས་རྡུལ་ཕྲན་འབར་མདེལ་འགས་གཏོར་ལེགས་འགྲུབ་བྱུང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་ལེན་བྱས་པ་དང་། ད་ལྟ། མི་དམངས་ལ་སྔར་ལས་ལྷག་པའི་མཛེས་སྡུག་གི་འཚོ་བ་རོལ་ཏུ་འཇུག་པ་དང་། མི་དམངས་ཀྱི་བདེ་ཐང་དབང་ཆ་དང་ཚེ་སྲོག་གི་དབང་ཆ་འགན་སྲུང་བྱེད་ཆེད། སྔོན་འགྱེལ་གཞུག་སྐྱོར་དང་། ལྷོད་གཡེང་སྤུ་ཙམ་མེད་པར་འཐབ་རྩོད་བྱས་པ་རེད། དེར་བརྟེན་ང་ཚོས་རང་གཞན་གཉིས་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱས་ཏེ་ཧུར་བརྩོན་གྱིས་འཚོ་བ་རོལ་རྒྱུ་ནི་ངེད་ཅག་གི་ཆེད་དུ་འབད་འཐབ་བྱེད་མཁན་གྱི་སྔོན་གཤེགས་དཔའ་བོར་གཟོས་པའི་དྲིན་ལན་དང་གུས་འདུད་ཡིན་པས། ང་ཚོ་གཞི་ནས་མི་ཚེར་ངོ་གནོང་མི་དགོས་ལ། ནང་མི་དང་སྤྱི་ཚོགས་ལ་ངོ་གནོང་མི་དགོས་ཤིང་། མེས་རྒྱལ་ལ་དེ་བས་ངོ་གནོང་མི་དགོས།

  རྒྱལ་ཁབ་གཅེས་སུ་བཟུང་ནས་ཞི་བདེ་དམ་དུ་འཛིན། 1949ལོར། ཀྲུང་ཧྭ་མི་རིགས་ཀྱིས་དཀའ་ངལ་མང་པོ་ཞིག་བརྒྱུད་རྗེས་དངོས་སུ་ཡར་ལངས་ནས། འཛམ་གླིང་གི་ཤར་ཕྱོགས་སུ་འགྲེང་ནས་མདུན་ནས་མདུན་དུ་བསྐྱོད་བཞིན་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་རང་ཉིད་ཀྱི་འདས་ཟིན་པའི་ཀྱག་ཀྱོག་གི་ལམ་བུ་བརྗེད་མི་སྲིད། འདས་པའི་དཀའ་སྡུག་ལ་བརྗེད་པ་མེད་ན། མདུན་གྱི་ཞི་བདེ་ལ་དམ་འཛིན་བྱ་ངེས། གནའ་ནས་ད་བར་དུ། འཛམ་གླིང་དང་ལོ་རྒྱུས་སྟེང་དུ། ཀྲུང་གོའི་རྒྱལ་ཁབ་ལྟར་ནད་ཡམས་ཀྱི་མདུན་ནས་དམངས་ཀྱི་ཆེད་དུ་འགན་འཁུར་མེད་དོ། །བརྡ་གསལ་གཅིག་གིས། དམངས་ཡོངས་འགུལ་ཐུབ། ཏང་གི་བཀོད་སྒྲིག་ལ་མཉན་ནས། བློ་གཅིག་སེམས་གཅིག་དང་སྐྱིད་སྡུག་མཉམ་འཁུར་གྱིས་ནད་ཡམས་སྔོན་འགོག་བྱེད། དེ་རིང་གི་ངེད་ཚོ། ཁ་སང་གི་འབྲས་བུ་ཡིན་པས་ཧ་ཅང་ཐོབ་པར་དཀའ་བས། ཀྲུང་ཧྭའི་བསྐྱར་དར་གྱིས་འུ་ཅག་ལ་རེ་སྒུག་བྱས་ཡོད། ཞི་བདེ་དམ་འཛིན་དང་། ཞི་བདེ་གཅེས་སྲུང་། རྒྱལ་ཁབ་གཅེས་སུ་བཟུང་ན་ངེད་ཚོ་ལ་མཚར་སྡུག་གི་མ་འོངས་པ་ཡོད་ལ། མཛེས་སྡུག་གི་མེས་རྒྱལ་ཡང་འཛུགས་ཐུབ་བོ། །

  གཞན་བཀུར་རང་བརྩི། ནད་ཡམས་འགོས་པ་ནས་བཟུང་། ངེད་ཅག་གིས་ཏང་གི་ཡང་དག་པའི་འགོ་ཁྲིད་ཀྱི་བཀོད་སྒྲིག་ཐོས་ལ། ནད་ཡམས་ཀྱི་སྔུན་ན་བསྐྱོད་པའི་སྨན་པ་དེ་ཚོ་ཡང་མཐོང་ཐུབ། ཚང་མའི་ཆེད་དུ་ལོ་སར་ལ་གྲོང་ཁྱེར་བཀག་སྡོམ་བྱེད་པའི་ཝུའུ་ཧན་མི་དམངས་མཐོང་ཐུབ་ལ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཝུའུ་ཧན་ལ་མྱུར་སྐྱོབ་ཏུ་ཕེབས་པའི་གོམ་སྒྲ་ཡང་ཐོས་ཐུབ། ལྷག་པར་དུ། དམག་དམངས་མཉམ་འབྲེལ་གྱིས་རིམས་ནད་སྔོན་འགོག་བྱེད་པའི་རྒྱབ་གཟུགས་མཐོང་ཐུབ་ལ། རྒྱལ་ཡོངས་མི་དམངས་ཀྱིས་ཝུའུ་ཧན་ལ་སྤྲད་པའི་སྟོབས་ཤུགས་དང་རྒྱལ་ཁབ་ལ་བཟུང་པའི་ལྷག་བསམ་ཡང་ཐོས་ཐུབ། འདི་ནི་ང་ཚོའི་རྒྱལ་ཁབ་ཡིན། འདི་ནི་ང་ཚོའི་གཉེན་མི་ཡིན། འདི་ནི་ང་ཚོའི་གྲོགས་པོ་ཡིན། འདི་དག་ཡོད་ཚད་ཀྱིས་ཀྲུང་ཧྭ་མི་རིགས་ནི་ཕན་ཚུན་མཐུན་སྒྲིལ་རོགས་རམ་དང་རྒན་བཀུར་ཆུང་བྱམས་ཀྱི་མི་རིགས་ཁྱད་པར་ཅན་ཞིག་ཡིན་པ་མངོན་ཐུབ། ང་ཚོས་དུས་ནམ་ཡང་དྲིན་གཟོའི་སེམས་ཀྱིས་བརྗེད་མི་སྲིད་དོ། །

  རང་བྱུང་ཁམས་ལ་བཀུར་ནས་སྐྱེ་དངོས་སྲུང་སྐྱོབ་བྱེད། ཐེངས་འདིའི་ནད་ཡམས་ཀྱི་རྒྱུ་རྐྱེན་ནི་ཉིས་སྟོང་གསུམ་ལོའི་ནད་ཡམས་དང་འདྲ་བར། ཚང་མ་མི་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་མང་པོ་ཁ་ཟས་སུ་གྱུར་པ་དང་འབྲེལ་བ་ཆེན་པོ་འདུག སྔོན་ཆད་མི་ཞིག་གིས་བཤད་རྒྱུར། གལ་ཏེ་མིའི་རིགས་ལ་རང་བྱུང་ཁམས་ལ་དྲིན་ཆེ་བའི་སེམས་དེ་མེད་སོང་ན། རང་བྱུང་ཁམས་ཀྱིས་ནུས་ཚོད་ཀྱིས་མིའི་རིགས་ལ་ཆད་པ་གཅོད་ངེས་རེད་ཟེར། དེའི་རྐྱེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་གཅེས་སྲུང་། ངེད་ཅག་གནས་སའི་སའི་གོ་ལ་ནི་ཇི་འདྲའི་གལ་ཆེན་ཞིག་ཡིན་པ་སོགས་རྟོགས་དགོས། ང་ཚོའི་རིགས་མཐུན་སྤུན་ཟླ་ཡོངས་ཀྱིས་ཐེངས་འདིའི་ཉམས་མྱོང་གཞིར་བཟུང་ནས། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གི་རྒྱུན་ཐག་གཅིག་ཏུ་སྦྲེལ་ཡོད་པ་རྟོགས་དགོས། མུ་མཐུད་དུ་རྒྱུན་ཆད་མེད་པར། རང་ཉིད་དང་དུས་ད་ལྟ་ནས་མགོ་བརྩམས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་གཅེས་སྲུང་གིས་སའི་གོ་ལ་བདག་གཉེར་བྱེད་པའི་སྐྱེས་བུ་ཞིག་ལ་བརྩོན་དགོས།

  བསམ་གཞིག་ལ་བརྟེན་ནས་རིགས་པས་དཔྱད་དགོས། ཐེངས་འདིའི་ནད་ཡམས་ནི་མེ་ལོང་ཞིག་དང་འདྲ་བར། ཕངས་སེམས་མེད་པའི་དཔའ་བོ་མང་པོ་ཞིག་དང་། མི་ལེགས་པའི་སྣང་ཚུལ་མང་པོ་ཞིག་ས་ལེར་ཤར་དུ་བཅུག་བྱུང་། དཔེར་ན། ཁ་ཐུམ་མེད་པར་མི་མང་པོ་ལྷན་དུ་འདུས་པ། ཚིག་མི་བརྩི་བར་བཀའ་ལོག་རྒྱག་པ། རྫུན་གཏམ་ཁྱབ་བསྒྲགས་སོགས་ཡོད་པ་ལྟ་བུའོ། །གལ་ཏེ་འདི་འདྲའི་རྒྱུན་ལྡན་མིན་པའི་སྣང་ཚུལ་ལ་འཕྲད་ན། ང་ཚོས་བསམ་གཞིག་དང་དབྱེ་ཞིབ་བྱེད་དགོས། དཔེར་ན། རྒྱལ་ཁབ་ཀྱིས་བླང་བྱ་བཏོན་པའི་དམིགས་ཡུལ་ག་རེ་ཡིན་ནམ། ཅིའི་ཕྱིར་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་མྱུར་སྐྱོབ་མགོ་རྩོམ་དགོས་པ་རེད། ཅིའི་ཕྱིར་ང་ཚོ་ཁྱིམ་མི་དང་ལྷན་དུ་འདུག་དགོས་པ་རེད། ནད་ཡམས་འགོས་པའི་རྐྱེན་གྱིས་ང་ཚོས་སྲུང་སྐྱོབ་བྱ་དགོས། རྒྱལ་ཁབ་ལ་མཁོ་བའི་རྒྱབ་སྐྱོར་ནི་ང་ཚོ་རང་སར་འདུག་རྒྱུ་དེའོ། །སྨན་པར་མཁོ་བའི་ཆེས་ཆེ་བའི་རོགས་རམ་དེ་ང་ཚོའི་བདེ་ཐང་ཡིན། ཀྲུང་ཧྭ་མི་དམངས་ལ་གནས་སྐབས་ཀྱི་དཀའ་ངལ་འཕྲད་ཡོད་པས་ང་ཚོས་རྡོག་རྩ་གཅིག་སྒྲིལ་བྱ་དགོས། དེའི་རྐྱེན་གྱིས། བོད་རིགས་སྤུན་ཟླ་ཚོས་རང་ཉིད་ལ་བླང་བྱ་ནན་མོ་བཏོན་ནས། ངོ་ཚ་ཁྲེལ་ཡོད་དང་ལེགས་ཉེས་བླང་དོར་གྱི་སྒོ་ནས་སྲུང་སྐྱོབ་ཤེས་བྱ་སློབ་སྦྱོང་དང་ཚན་རིག་གི་སྲུང་སྐྱོབ། རང་ཉིད་སྲུང་སྐྱོབ་དང་མཉམ་དུ། དཀའ་ངལ་ཁྲོད་ཀྱི་བསམ་གཞིག་མཁན་དང་སྲུང་སྐྱོབ་མཁན། ལྟ་སྐུལ་པ་དེ་བྱ་དགོས། ཏོག་དབྱིབས་གློ་ཚད་ནད་ཀྱི་ཤེས་བྱའི་དྲིལ་བསྒྲགས་མཁན་དང་ལག་བསྟར་པ་བྱ་དགོས། མེས་རྒྱལ་དང་ལྷན་དུ་ངེད་ཅག་ཁ་བ་གངས་རིའི་ཁྱིམ་གཞིས་སྲུང་སྐྱོབ་བྱ་དགོས།

  ཤུགས་ཀྱིས་བསྐྱོད་དེ་ནན་གྱིས་འཁུར། བདེ་འཇགས་ཀྱི་ཧྭ་ཞཱ་དང་བདེ་ཐང་གི་ཀྲུང་གོའི་ཆེད་དུ་ཚན་རིག་པ་དང་སྨན་པ་མང་པོ་ཞིག་གིས་ཉིན་མཚན་མེད་པར་ལས་ལ་བརྩོན་བཞིན་འདུག ཁུལ་གྱི་ལས་བྱེད་མི་སྣ་དང་ཉེན་རྟོག་པ་ཚང་མས་ནད་ཡམས་ཀྱི་ཆེད་དུ་གྲང་ངར་དང་དཀའ་ངལ་ལ་མ་འཛེམ་པར་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་འདུག་པས། ང་ཚོར་ཆེས་མཛེས་པའི་འགན་འཁྲི་དེ་མཐོང་དུ་བཅུག ངེད་མཚོ་སྔོན་བོད་རིགས་ཞིབ་འཇུག་ལྷན་ཚོགས་ནི་དུས་རབས་གསར་བའི་གོམ་འགྲོས་དང་མཉམ་དུ་བསྐྱོད་པའི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་ཡིན་པས། ཧྲུའུ་ཅུ་ཞིས་ཅིན་ཕིན་གྱིས་གསུངས་པ་ལྟར། མདུན་ན་ཡོད་པའི་དཀའ་བ་དང་ངལ་བ་མཐའ་དག་རང་ཉིད་ཀྱི་སྒུལ་ཤུགས་སུ་བརྩིས་ནས། ངེད་ཚོགས་པའི་རྩ་དོན་དང་བླང་བྱའི་འགན་འཁྲི་བརྟན་པོར་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཉམ་དུ་འཕེལ་རྒྱས་གཏོང་བར་བརྩོན་བཞིན་ཡོད། ཀྲུང་དབྱང་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དང་བླང་བྱ་ལྟར། མེས་རྒྱལ་ལ་མཁོ་བའི་དུས་སུ་རང་ནུས་ཅི་ལྕོགས་ཀྱིས་དུས་རབས་ཀྱི་འགན་འཁྲི་དང་དུ་ལེན་ངེས་ཡིན།

  འདས་རྒྱུ་མེད་པའི་དགུན་ཟླ་མེད་ལ།

  ཐོན་རྒྱུ་མེད་པའི་དཔྱིད་ཟླ་ཡང་མེད།

  དགུན་གྱི་རྗེས་སུ་དཔྱིད་ཀྱི་དཔལ་མོས་སྒུག་ཡོད།

  ངེད་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ལས་བཟོ་པ་ཡོངས་ཀྱིས་སྣ་བརྒྱའི་མེ་ཏོག་གི་མྱུ་གུ་འབུས་བཞིན་པའི་དཔྱིད་ཟླ་མགོ་མར་ཁྱེད་དང་ལྷན་ཅིག་འཛོམས་པར་སྒུག་ཡོད།

  གྲངས་མེད་རིགས་མཐུན་སྤུན་ཟླ་ཡོངས་དང་གྲོགས་པོ་ཚང་མར། བོད་རབ་རྒྱན་ལྕགས་བྱི་ལོར་ལུས་ལ་ནད་མེད། ཚེ་རིང་ལོ་བརྒྱ་འོང་བའི་སྨོན་འདུན་ཞུ།

  བཀྲ་ཤིས་བདེ་ལེགས།

  མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་ནས།

  2020ལོའི་ཟླ་2ཚེས་19ཉིན།
 


རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།