ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

ཨམ་སྐད་གླེང་སྟེགས་ཞེས་བའི་དྲ་ཚིགས་གསར་བ་ཞིག་ཤར་གཏོང་བྱས་པའི་གནས་ཚུལ།

སྤེལ་དུས། 2015-07-14 09:30:58  རྩོམ་ཁུངས། ཨམ་སྐད་གླེང་སྟེགས།  རྩོམ་པ་པོ། ཨམ་སྐད་གླེང་སྟེགས།  ཀློག་གྲངས།

དེ་ཡང་སྤྱི་ལོ2015/6/28ཉིན་ཨམ་སྐད་གླེང་སྟེགས་དྲ་བ་དངོས་སུ་སྒོ་ཕྱེས་པ་རེད། ཨམ་སྐད་གླེང་སྟེགས་ཞེས་པའི་དྲ་ཁྱིམ་ཆུང་བ་འདི་བསྒྲུབས་དོན་ནི། བོད་ཀྱི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་སྤྱི་དང་། སྒོས་སུ་ཨམ་སྐད་ཞིབ་འཇུག་གི་ལས་ལ་སྤྲོ་སྣང་ལྡན་མཁན་དང་དོ་ཁུར་གནང་མཁན་ཚོས། དྲ་ལམ་འདིར་བརྒྱུད་ནས་ཨམ་སྐད་ཁྲོད་སྒྲ་ཇི་བཞིན་དུ་ཡི་གེ་འབྲི་སྲོལ་བྱུང་མེད་པའི་ཡུལ་ལུང་ཁག་གི་བརྡ་ཆད་མང་པོ་འདོན་སྤྲོད་བྱ་རྒྱུ་དང་། ཐུན་མོང་གི་བློ་གྲོས་དང་ལྷན་ཏུ་དེ་དག་ལ་བརྟག་ཅིང་དཔྱད་ནས་ཚད་ལྡན་གྱི་ཡི་གེ་ཇི་ལྟར་བྲིས་ན་འོས་ཤིང་འགབ་ཚུལ་ལ་བགྲོ་གླེང་བྱེད་པ། གཞན་ཡང་བོད་ཀྱི་སློབ་ལོ་མ་རན་པའི་བྱིས་པ་ནས་སློབ་ཆུང་ལོ་རིམ་དང་པོའི(ལོ3-7 བར།)བར་གྱི་བྱིས་པ་དག་གི་ཁྱིམ་ཚང་སློབ་གསོའི་གནས་བབ་ཇི་འདྲ་དང་། དེ་ལེགས་ལམ་དུ་སྒྱུར་ཐབས་གང་དག་ཡོད་པ། མི་རིགས་གཞན་དང་རྒྱལ་ཁབ་གཞན་པའི་ཁྱིམ་ཚང་སློབ་གསོའི་གནས་བབ་ཚད་ཇི་འདྲ་ཞིག་ཏུ་སླེབས་ཡོད་ཚུལ་སོགས་གླེང་ནས། སོ་སོ་རང་རང་གང་ལ་གང་འཇོན་གྱི་ངོས་སྐལ་ནས་ལྟ་བ་ལྷུག་བརྗོད་དང་གྲོས་མགོ་འདོན་རེས་གནང་ཆོག་པའི་འཆད་སྟེགས་ལྟ་བུ་ཞིག་འདོན་སྤྲོད་བྱས་ཡོད་ཅིང་། དེ་དང་ལྷན་ཏུ། ཨམ་སྐད་བརྡ་ཆད་ཞིབ་འཇུག་གི་ལས་ཀ་དང་། བོད་ཀྱི་སློབ་ལོ་མ་རན་པའི་ཁྱིམ་ཚང་སློབ་གསོའི་བྱ་བཞག་གཉིས་དམའ་ས་ནས་མཐོ་སར་འཇོག་དགོས་པར་མ་ཟད། མཐོ་ས་ནས་གཙིགས་སར་འཇོག་དགོས་པའི་ངོས་ཟིན་གསར་བ་ཞིག་མགོ་གནམ་བསྟན་གྱི་བོད་མི་ཐམས་ཅད་ཀྱི་རྒྱུད་ལ་ཆུ་ཚན་བརྡོལ་བརྡོལ་དུ་སྐྱེས་སུ་འཇུག་རྒྱུའི་རེ་འབོད་བཏོན་ནས། ཕྱར་བ་གྲུ་འདེགས་དང་ལག་གདངས་སྦྲེལ་ཏེ་ཆད་པ་རྒྱུན་མཐུད་དང་སྟོང་བ་ཁ་གསབ། ཡོད་པ་སྔོག་འདོན་དང་མེད་པ་ནང་འདྲེན་བཅས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་མཛོ་ཁལ་ལུག་ཁལ་ནང་བཞིན་གྱི་ནུས་ཤུགས་འདོན་ཡུལ་ཞིག་བསྐྲུན་ཡོད།
དྲ་ཁྱིམ་འདིའི་དྲ་གནས་ནི། www.amskd.com ཡིན་པས། གཞི་བྱེས་ཀྱི་དྲ་གྲོགས་རྣམ་པ་དྲ་ཁྱིམ་ཆུང་བ་འདིར་ཕེབས་ནས་རིག་གནས་ཤེས་བྱ་སྤེལ་རེས་དང་བསམ་ཚུལ་བརྗེ་རེས་མཛད་པའི་དགའ་བསུ་སྙིང་ནས་ཞུ་རྒྱུ་མ་ཟད། དྲ་ཁྱིམ་འདིའི་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རེ་བའང་ཞུ་ཞུ། །

2015ལོའི་སྤྱི་ཟླ6ཚེས28ཉིན། གནའ་མཁར་ཟི་ལིང་ནས།

ཉེ་བའི་གསར་བསྒྱུར།