ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

རྒྱལ་ཡོངས་སྐབས་གསུམ་པའི་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་བྱ་དགའ་དཔྱད་འདེམ་གྱི་བརྡ་སྦྱོར།

སྤེལ་དུས། 2015-08-11 21:14:14  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

གངས་རྒྱན་རྟགས་མའི་བྱ་དགའ་ནི་བོད་ཁམས་ཡོངས་ལ་ཁ་ཕྱོགས་པའི་རྩོམ་རིག་གི་བྱ་དགའ་ཞིག་ཡིན་ལ། བོད་ཁམས་ཀྱི་ཆེས་མཐོ་བའི་རྩོམ་རིག་གི་བྱ་དགའ་ཞིག་ཀྱང་ཡིན། འདིའི་དམིགས་ཡུལ་གཙོ་བོ་ནི་རང་རེའི་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་སྐུལ་འདེད་བགྱིས་ཏེ། དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལས་དོན་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་གཏོང་བ་དང་། རྩོམ་རིག་གསར་རྩོམ་ལ་མོས་པའི་དཔུང་ཁག་ཇེ་མཐུག་དང་ཇེ་རྒྱས་ལ་འགྲོ་བའི་ཆེད་སྤེལ་བ་ཞིག་ཡིན། གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་ནི་ལོ་བཅུ་རེའི་ནང་ཐེངས་གཅིག་སྤེལ་བ་ཡིན། སྔ་གཞུག་ཏུ་རྩོམ་རིག་བྱ་དགའ་ཐེངས་གཉིས་བསྒྲུབས་ཟིན།  ད་རེབ་རྒྱལ་ཡོངས་སྐབས་གསུམ་པའི་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་བྱ་དགའ་དཔྱད་འདེམ་གྱི་འབྲེལ་ཡོད་ཐག་བཅད་ལྟར། རྒྱལ་ཡོངས་སྐབས་གསུམ་པའི་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་བྱ་དགའ་དཔྱད་འདེམ་གྱི་བྱ་བ་དེ་མི་འགྱང་བར་མགོ་བརྩམ་རྒྱུ་ཡིན་པས། འབྲེལ་ཡོད་ཀྱི་ནང་དོན་སྐོར་ཞིག་རྒྱ་ཆེའི་རྩོམ་པ་པོ་དང་རྩོམ་སྒྲིག་ཁང་དག་ལ་བརྡ་རུ་སྤེལ་བ་ལགས།

དང་པོ།   དཔྱད་འདེམ་གྱི་ཁོངས་གཏོགས།
གཅིག བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་གཉིས་ཟུང་སྦྲེལ་ལེགས་པོ་བྱ་རྒྱུ་དེ་དཔྱད་འདེམ་གྱི་ཆེས་མཐོ་བའི་ཚད་གཞི་ཡིན་ཏེ། ཀླད་པའི་ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བར་འཚོལ་སྙེག་བྱེད་པའི་བསམ་བློ་དང་སྙིང་སྟོབས་ཀྱིས་བརྟས་པ། དངོས་ཡོད་འཚོ་བར་ཐག་ཉེ་བའི་དཔེ་མཚོན་གྱི་རང་བཞིན་ལྡན་པ། མི་རྣམས་ལ་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐེབས་སུ་འཇུག་པའི་གསར་གཏོད་ཀྱི་སྒྱུ་རྩལ་ལྡན་པའི་བརྩམས་ཆོས་དག་ལ་དེ་བས་དོ་སྣང་བྱ་རྒྱུའོ།།
གཉིས། སྤྱི་ལོ2005ནས་སྤྱི་ལོ2015ལོའི་བར་གྱི་རྩོམ་རིག་དཔེ་ཆ་དང་དུས་དེབ་ཀྱི་སྟེང་ལ་བཀོད་ཟིན་པའི་ཕུལ་བྱུང་བརྩམས་ཆོས་དག་ཡིན་དགོས།
གསུམ། འབྲེལ་ཡོད་དཔེ་སྐྲུན་ཁང་དང་དུས་དེབ་རྩོམ་སྒྲིག་ཁང་སོགས་ཀྱིས་ཕུལ་བྱུང་བརྩམས་ཆོས་འོས་སྦྱོར་བྱས་ཀྱང་ཆོག་པ་ཡིན།
བཞི། རྒྱལ་ཡོངས་སྐབས་གཉིས་པའི་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་བྱ་དགའི་ནང་བརྩམས་ཆོས་ལ་བྱ་དགའ་ཐོབ་པ་རྣམས་ད་ཐེངས་དཔྱད་འདེམ་གྱི་ཁྲོད་དུ་ཞུགས་མི་ཆོག་པ་དང་འབྲེལ་ཡོད་རིག་གནས་ལས་ཁུངས་གཞན་དག་ནས་བྱ་དགའ་ཐོབ་ཟིན་པའི་བརྩམས་ཆོས་ཡིན་ན་དཔྱད་འདེམ་གྱི་ཁྲོད་ཞུགས་ཆོག་པ་ཡིན།

གཉིས་པ། དཔྱད་འདེམ་བྱེད་ཐབས།
གཅིག ཐེངས་འདིའི་དཔྱད་འདེམ་པར་མཚོན་ན་རྩོམ་རིག་གར་སྟེགས་ལས་གཟེངས་སུ་མཐོ་བའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ་སོགས་ཆེད་མཁས་པ་རྣམས་གདན་འདྲེན་ཞུ་བ་དང་། དཔྱད་འདེམ་གྱི་བྱ་བ་འདྲ་མཉམ་དང་དྲང་བཞག་གི་རྩ་དོན་གཙིགས་སུ་བཟུང་ནས་སྤེལ་རྒྱུ་ཡིན།
གཉིས། ཐེངས་འདིར་གངས་རྒྱན་རྟགས་མའི་བྱ་དགའ་དཔྱད་འདེམ་བྱ་ཐབས་གཞིར་བཟུང་ནས་གཏན་འཁེལ་བྱས་པ་ལྟར། རྒྱལ་ཡོངས་སྐབས་གསུམ་པའི་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་དཔྱད་འདེམ་དང་། བསྐྱར་འདེམ། མཇུག་མཐར་དཔྱད་འདེམ་བཅས་བྱས་པ་བརྒྱུད། རྩོམ་པ་པོ་བཅུ་གཉིས་ཀྱི་ཕུལ་བྱུང་བརྩམས་ཆོས་བཅུ་གཉིས་བདམས་ཏེ་བྱ་དགའ་གནང་རྒྱུ་ཡིན།

གསུམ་པ། དཔྱད་འདེམ་གྱི་ཆ་རྐྱེན།
གཅིག རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས། མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ། རྩོམ་རིག་ཀུན་སྤྱོད་བཅས་ལ་བརྩི་སྲུང་ནན་མོ་བྱེད་དགོས།
གཉིས། བརྩམས་ཆོས་ཚང་མ་རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་པའི་ཚད་ལྡན་གྱི་དཔེ་སྐྲུན་ཁང་དང་དུས་དེབ་རྩོམ་སྒྲིག་ཁང་ཡིན་དགོས།
གསུམ། ཡིག་རིགས་ནི་ཕ་སྐད་ཀྱི་ལམ་ནས་བརྩམས་པའི་བོད་ཡིག་ཡིན་དགོས།
བཞི། རྩོམ་པ་པོ་མང་པོ་ཡོད་པའི་བརྩམས་ཆོས་ཕྱོགས་བསྒྲིགས་དཔྱད་འདེམ་ཁྲོད་ཞུགས་མི་ཆོག་པ་ཡིན།
ལྔ།  པར་དབང་ལ་རྩོད་པ་ཡོད་པའི་བརྩམས་ཆོས་དཔྱད་འདེམ་ཁྲོད་ཞུགས་མི་ཆོག་པ་ཡིན།
དྲུག ནང་ཁུལ་གྱི་དཔེ་ཆ་དང་ནང་ཁུལ་གྱི་དུས་དེབ་སོགས་དཔར་སྐྲུན་ལས་ཁུངས་མེད་པའི་བརྩམས་ཆོས་དག་དཔྱད་འདེམ་ཁྲོད་ཞུགས་མི་ཆོག་པ་ཡིན།
བཞི་བ། བྱ་དགའི་གཏན་འབེབས།
གཅིག བརྩམས་ཆོས་ཀྱི་རིགས་སྙན་ངག་དང་བརྩམས་སྒྲུང་། ལྷུག་རྩོམ་སོགས་ལ་བྱ་དགའ་གནང་རྒྱུ་ཡིན།
གཉིས། སྐབས་འདིའི་བྱ་འགུལ་གྱི་ཞལ་འདེབས་རོགས་རམ་གནང་མཁན་ནི་རྔ་བའི་ཚོང་བ་དག་ཡིན། རྩོམ་པ་པོ་མི་བཅུ་གཉིས་ལ་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའི་དངུལ་གྲངས་དམངས་སྒོར་ཁྲི་གཅིག་གི་བདག་རྐྱེན་གནང་བ་དང་། དུས་མཚུངས་སུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་བྱ་དགའ་སྟེར་བའི་ཚོགས་ཆེན་བསྡུས་ཏེ་བོད་ཁམས་ཡོངས་ལ་བརྒྱུད་གཏོང་བྱེད་རྒྱུ་ཡིན།

ལྔ་བ། ཞུ་འབུལ་དུས་ཚོད་དང་བརྩམས་ཆོས་བསྐུར་ཡུལ་གྱི་ས་གནས།
གཅིག བརྩམས་ཆོས་བསྐུར་བའི་དུས་ཚོད་ནི་སྤྱི་ལོ2015ལོའི་ཟླ8ཚེས1ནས་ཟླ10ཚེས5བར་ཡིན། དུས་ཚོད་ལས་ཡོལ་ན་བསྡུ་ལེན་མི་བྱེད་པ་ཡིན།
གཉིས། བརྩམས་ཆོས་བསྐུར་ཡུལ་ནི་མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་གཞུང་ལས་ཁང་། གཙོ་སྒྲུབ་ལས་ཁུངས། མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པ།
ས་གནས།  ཟི་ལིང་གྲོང་ཁྱེར་ལྷོ་རི་ལམ་ལུང་ཡོན་སྡེ་ཚེ་གཞིས་ཁུལ་ཁང་ཤར19པའི་ཁང་མིག352 སྦྲགས་སྲིད་ཨང810007
通讯地址:(西宁市南山路龙源叠翠小区19号房352室)邮编:810007

འབྲེལ་གཏུག་བྱེད་ས།  གཅོད་པ་དོན་གྲུབ།      སྙིང་བོ་ཚེ་རིང་།
འབྲེལ་གཏུག་ཁ་པར།  13519766596      13997178681

ཉེ་བའི་གསར་བསྒྱུར།