ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བས་ངེད་ཚོགས་པའི་བོད་མེ་ཕོ་སྤྲེལ་ལོའི་ལོ་སར་སྤྲོ་ཚོགས་ཀྱི་གནས་ཚུལ་སྤེལ་བ།

སྤེལ་དུས། 2016-01-26 09:10:15  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།  ཀློག་གྲངས།

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བཀོད་པའི་གསར་འགྱུར།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བའི2016ལོའི་མེ་ཕོ་སྤྲེལ་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་དེ་ཟླ1པའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་གི་སྟེང་ནས་གནའ་མཁར་ཟི་ལིང་གི་ཏོང་ཧྲུའུ་མགྲོན་ཁང་ནས་གཟབ་རྒྱས་ངང་བསྡུས།

ཐེངས་འདིའི་སྤྲོ་ཚོགས་སྟེང་ལ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་པདྨ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་སོགས་ཞིང་ཆེན་རིམ་པའི་མགོ་ཁྲིད་རེབ་འདིའི་སྤྲོ་ཚོགས་སྟེང་ཕེབས་ཏེ་ཕྱོགས་ཡོངས་ཀྱི་སྐུ་མགྲོན་རྣམས་དང་ལྷན་དུ་སྤྲོ་ཚོགས་ཀྱི་རྣམ་པར་རོལ།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་མི་ཡོངས་ཀྱི་དཀའ་སྡུག་དང་འབད་བརྩོན་གྱི་ཁྲོད་ནས། མི་རིགས་འཆམ་མཐུན་དང་སྲིད་ཇུས་ཡང་དག་བརྗོད་གཞིར་བྱས་ཏེ་ལོ་གཅིག་གི་གྲུབ་འབྲས་དང་རྒྱལ་ཁ་བསྣམས་ནས་ལོ་གསར་བ་ཞིག་གི་བྱ་གཞག་ལ་འཆར་གཞི་དང་སྟ་གོན་བྱེད་པའི་སྤྲོ་ཚོགས་འདིས་ཟི་ལིང་ས་ཁུལ་དུ་གཞི་སྡོད་བྱས་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་ལྷན་དུ་འཛོམས་ཐུབ་པའི་གོ་སྐབས་ཡག་པོ་ཞིག་བསྩལ་བ་དང་། ནང་སྒོས་སུ་མི་རིགས་འཆམ་མཐུན་དང་མཉམ་སྤྱོད་མཉམ་གནས། ཕན་ཚུན་གྱི་བརྩེ་བ་ཤུགས་ཇེ་དྲག་ཏུ་འགྲོ་བའི་དགོས་ངེས་ཀྱི་ཆ་རྐྱེན་ལེགས་པོ་ཞིག་ཀྱང་བསྐྲུན་པ་རེད།

བོད་ཀྱི་ལོ་སར་ནི་བོད་མི་རིགས་ཀྱི་དུས་ཆེན་གྱི་ཁྲོད་ནས་ཆེས་མེད་དུ་མི་རུང་བའི་དུས་ཆེན་ཞིག་ཡིན་ལ། དུས་ཆེན་འདི་དང་བསྡོངས་ཏེ་ཚོགས་པ་འདིས་འདས་མ་ད་གསུམ་གྱི་བྱ་བར་སྤྱི་སྡོམ་དང་མ་འོངས་པའི་བྱ་བར་སྔར་ལས་ལྷག་པའི་བརྩོན་སེམས་རྒྱ་བསྐྱེད་ཀྱི་ཀུན་སློང་དཀར་པོ་སྔོན་དུ་བཏང་སྟེ་སྔོན་གྱི་ཚོགས་མི་རྒན་གྲས་དག་གདན་འདྲེན་ཞུ་ཅི་ཐུབ་བྱེད་པ་དང་། དེ་དག་ལ་བློ་འདྲི་བ། མཛུབ་སྟོན་གྱི་རྣམ་པའི་ཁྲོད་ནས་འདས་པའི་ལོ་གཅིག་གི་གྲུབ་འབྲས་ལ་ཕྱིར་མིག་ཐེངས་གཅིག་བལྟས། 2015ལོ་ནི་ཚོགས་པ་འདི་ལ་མཚོན་ན་རེ་བཞག་ཐམས་ཅད་ལྷུན་གྱིས་འགྲུབ་པའི་ལོ་ཞིག་ཡིན་པས། དེ་སྔོན་ཡིན་ན་མཚོ་ལྷོ་ཁུལ་རིག་གནས་སློབ་གསོ་ཆེད་མཁས་བྱ་བའི་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་པ་དང་། བླ་ཆེན་དགོངས་པ་རབ་གསལ་རྗེས་དྲན་ཁང་གསར་འཛུགས་ཀྱི་ཆེད་མཁས་བགྲོ་གླེང་ཚོགས་འདུ་བསྡུས་པ། སྐབས་གསུམ་པའི་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་སྟེར་བའི་དགོང་ཚོགས་བསྡུས་པ། གཞན་ད་དུང་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་དུས་ཆེན་གྱི་བྱ་འགུལ་སྤེལ་བ། ༼མཚོ་སྔོན་བོད་རིགས༽ཞེས་པའི་དུས་དེབ་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་བ། ༼མཚོ་སྔོན་བོད་རིགས་དྲ་བ༽སོགས་ཀྱིས་བོད་ཀྱི་རིག་གནས་སྤྱི་དང་ཀློག་པ་པོ་མང་པོར་དགོས་འདོད་ཅིག་ཅེར་དུ་སྐོང་ཐུབ་བཞིན་ཡོད་ལ། ད་ལྟའི་བར་དུ་སྤེལ་བའི་བྱ་འགུལ་དེ་དག་གིས་ཁྱད་དུ་འཕགས་པའི་སྲོལ་རྒྱུན་གྱི་རིག་གནས་སྔོན་འདོན་དང་སྤྱི་ཚོགས་ཀྱི་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་ལ་ཐུན་མོང་གི་གར་སྟེགས་ཤིག་བསྐྲུན་ཏེ་སྤྱི་ཚོགས་བདེ་འཇགས་དང་། དཔལ་འབྱོར་འཕེལ་རྒྱས། རིག་གནས་ཀྱི་མཁའ་དབུགས་གཏིང་ཇེ་ཟབ་ཏུ་གཏོང་བའི་ཕྱོགས་ལ་ནུས་པ་བླ་ལྷག་ཐོན་བཞིན་ཡོད།


སྤྲོ་ཚོགས་སྟེང་ཕེབས་ཡོང་བའི་ཞིང་ཆེན་རིམ་པའི་མགོ་ཁྲིད་ལྷན་རྒྱས།


མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་འགྲུབ་ཀྱིས་སྔོན་གྱི་བྱ་བ་སྤྱི་སྡོམ་དང་མ་འོངས་པའི་འཆར་གཞིའི་ཕྱོགས་ནས་གཏམ་བཤད་གནང་བཞིན་པ།


མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་མདོ་འཛིན་པ་གནམ་སྐྱབས་རྒྱལ་དང་དབྱངས་ཅན་སྐྱིད་གཉིས་ཀྱིས་སྤྲོ་ཚོགས་ལ་མདོ་འཛིན་བྱེད་བཞིན་པ།


བདེ་སྐྱིད་གླུ་གར་ཚོགས་པས༼མཐོ་སྒང་གི་བྲོ་གར༽ཞེས་པའི་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།


རྨ་འབྲི་རྫ་གསུམ་ཁམས་མདོ་དམངས་ཁྲོད་གླུ་གར་སྒྱུ་རྩལ་ཚོགས་པས༼གངས་ལྗོངས་སྤྲོ་གླུ༽ཞེས་པའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།


ཁམས་རའི་གླུ་མ་རྟ་མགྲིན་སྐྱིད་ཀྱིས་སྙན་མོ་ངག་གིས་མཆོད་པ་འབུལ་བཞིན་པ།


མཛེས་པའི་སྟངས་སྟབས།  གར་གྱི་ཉམས་འགྱུར།


མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་མི་རྣམ་པ་དང་གླུ་གར་ཚོགས་པའི་ཚོགས་མི་རྣམས་ཀྱི་མཉམ་པར།

ཉེ་བའི་གསར་བསྒྱུར།