ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

ལྡོང་ཚང་གི་བཀའ་བསྟན་ལ་ཉར་ཚགས་དང་སྲུང་སྐྱོབ་ལེགས་པོ་བྱས།

སྤེལ་དུས། 2017-10-30 19:37:54  རྩོམ་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་།  རྩོམ་པ་པོ།   ཀློག་གྲངས།

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། ལོ་ངོ་སྟོང་གཅིག་ལྷག་གི་ལོ་རྒྱུས་ལྡན་པའི་ལྡོང་ཚང་གི་བཀའ་བསྟན་ཞེས་པ། ཉེ་ལམ་ས་གནས་སྲིད་གཞུང་གིས་གསར་དུ་བཙུགས་པའི་ལྡོང་ཚང་བཀའ་བསྟན་བཤམས་སྟོན་ཁང་དུ་བསྐྱལ་ཏེ། ཁྱོན་ཡོངས་ནས་ཉར་ཚགས་དང་སྲུང་སྐྱོབ་ལེགས་པོ་བྱས་འདུག་ཟེར། 

ལྡོང་ཚང་བཀའ་བསྟན་བཤམས་སྟོན་ཁང་གི་དོ་དམ་པ་བདེ་བཟང་གིས་བཤད་པ་ལྟར་ན། ལྡོང་ཚང་གི་བཀའ་བསྟན་ནི་ད་ལྟའི་བར་དུ་ལྡོང་ཚང་གི་ཁྱིམ་དུ་ཉར་ཚགས་དོ་དམ་བྱས་པ་ཡིན་ལ། ཡུལ་ཤུལ་ལ་ས་འགུལ་བྱུང་བའི་རྗེས་སུ། རྒྱལ་ཁབ་ཀྱིས་འབྲེལ་ཡོད་རྒྱུ་ཆ་མྱུར་སྐྱོབ་དང་ལྡོང་ཚང་བཀའ་བསྟན་བཤམས་སྟོན་ཁང་འཛུགས་སྐྲུན་བྱས་ཏེ།  ཉེ་ལམ། དཔེ་ཆོས་པོ་ཏི་བདུན་བརྒྱ་ལྷག་བཤམས་སྟོན་ཁང་དུ་བསྐྱལ་ཏེ་ཁྱོན་ཡོངས་ནས་ཉར་ཚགས་དང་སྲུང་སྐྱོབ་ལེགས་པོ་བྱས་ཡོད། ལྡོང་ཚང་བཀའ་བསྟན་བཤམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་ལྷག་དང་ཁང་བ་སྟེང་འོག་གཉིས་ཀྱིས་གྲུབ། མིག་སྔར། དཔེ་ཆོས་པོ་ཏི་ལྔ་བརྒྱ་ལྷག་འགྲེམ་སྟོན་བྱས་འདུག་ལ། གཞན་ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་བརྒྱུད་དེ། ཡི་གེ་མི་གསལ་བ་དང་ཤོག་སྣེ་རལ་བར་གྱུར་བ་སོགས་ལ་ཉམས་གསོ་བྱེད་བཞིན་པའི་སྒང་རེད། 

བདེ་བཟང་གིས་གསར་འགོད་པ་ཁྲིད་དེ་བཀའ་བསྟན་ཁང་དུ་སོང་ལ།  ཁང་པའི་གྱང་ལྡེབས་ཧྲིལ་པོར་ཙན་དན་གྱི་གླེགས་ཤིང་གིས་བཏུམ་པའི་ཆོས་དཔེ་དག་སྒྲིག་འདུག གླེགས་ཤིང་གི་ངོས་སུ་མ་ཎི་ཡིག་དྲུག་དང་།  གླང་ཆེན།  རྟ་མཆོག  པདྨ་སོགས་བརྐོས་ཡོད་པ་དང་། གླེགས་ཐག་གི་སྟེང་དུའང་མ་ཎི་ཡིག་དྲུག་ཕབ་ཡོད་པ་མཐོང་། ཆོས་དཔེ་ག་ལེར་ཁ་འབྱེད་ཚེ།  དེ་ནི་གསེར་ཕྱེ་དང་དངུལ་ཕྱེ།  སོལ་བ་སོགས་ཀྱི་རྒྱུ་ཆས་བོད་ཤོག་དང་།  ཀོ་བ།  ཤིང་སྟག་པའི་ཤུན་པའི་སྟེང་བྲིས་པའི་ལག་བྲིས་རྐྱང་རྐྱང་ཡིན་ལ། ཡིག་གཟུགས་ལ་ཚོས་ཁྲ་ཅུང་ཙམ་སྣང་ཞིང་།  སྔར་བཞིན་གསལ་ཞིང་མཛེས་པ་ཞིག་རེད། 

ལྡོང་ཚང་གི་བཀའ་བསྟན་གྱི་ནང་དུ་བཀའ་འགྱུར་དང་བསྟན་འགྱུར་འདུ་བ་མ་ཟད། ད་དུང་བོད་ཀྱི་གསོ་བ་རིག་པ་དང་བརྡ་སྤྲོད་རིག་པ། བཟོ་རིག་པ། སྐར་རྩིས་རིག་པ་བཅས་འདུ་བས། ལྡོང་ཚང་གི་བཀའ་བསྟན་ནི་བོད་ཀྱི་ཤེས་བྱ་ཀུན་འཛོམས་ཀྱི་རིག་མཛོད་ཆེན་མོ་ཞིག་ཡིན།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།