ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་མའི་ཁྱིམ་བདག་རྣམས་ལ་ཕུལ་བའི་འཕྲིན་ཡིག

སྤེལ་དུས། 2020-03-02 17:11:59  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

རྒྱ་ཆེའི་ཁྱིམ་བདག་གྲོགས་པོ་རྣམ་པ།

  ལྷན་རྒྱས་སྐུ་ཁམས་བཟང་། ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཐུགས་ཁུར་ཟབ་མོ་གནང་ཞིང་། ང་ཚོས་ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་དགོས་པ་དང་། མཐར་ཐུག་གི་རྒྱལ་ཁ་མ་ཐོབ་ན་གྲུབ་འབྲས་གཏན་ནས་མི་ངོམ་པའི་བླང་བྱ་བཏོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་དང་གནད་སྨིན་ཇུས་འདོན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བབ་བརླིང་ངང་ཁ་གཏད་གཅོག་པ་དང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པས་སྔོན་འགོག་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བཞིན་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་རྒྱུ་དང་བདེ་འཇགས་ངང་སློབ་ཚན་འཚོག་རྒྱུ། ཚན་རིག་དང་མཐུན་པའི་ངང་སྒྲིག་འཛུགས་བྱ་རྒྱུ་ནི་ཚང་མས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཀྱང་ཡིན།

  བྱིས་པ་བདེ་ཐང་ངང་འཚར་ལོངས་བྱུང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་ནི་སྤྱི་ཚོགས་ཡོངས་ཀྱི་དོན་ཆེན་ཡིན། སློབ་གྲྭ་ཚོགས་འགོ་ཚུགས་པ་དེ་ཡང་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཕྱོགས་བསྡུས་དཔྱད་གཅོད་དང་གཟབ་ནན་ཞིབ་འཇུག་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་སློབ་འབྲིང་གིས་ཟླ3ཚེས9ཉིན་ནས་བཟུང་ས་ཁུལ་དང་རིམ་པ། གོང་འོག་དབྱེ་ནས། སྔ་རྗེས་དང་དུས་རིམ་གྱི་དུས་ཚོད་སྣོལ་མར་གོ་རིམ་ལྡན་པའི་ངང་ཚོགས་འགོ་བརྩམས་རྒྱུ། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་དང་། སློབ་གྲྭ དགེ་རྒན་བཅས་ཀྱིས་ཁྱིམ་བདག་དང་མཉམ་དུ་བྱིས་པ་ཚོའི་བདེ་ཐང་ལ་སྲུང་སྐྱོང་བྱས་ཏེ་སློབ་གྲྭའི་རིམས་འགོག་ཚོད་འཛིན་བྱ་བ་དཔྱིད་དུས་སློབ་འགོ་ཚུགས་པའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཏེ་འགོག་སྲུང་དངོས་རྫས་དང་། སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས། འགྲིམ་འགྲུལ་ཁྲིམས་འཛིན་འགན་ལེན་བཅས་སློབ་གྲྭར་དངོས་ཐོག་ཕྱོགས་རྒྱུ་དང་། རིམས་ནད་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་སློབ་གྲྭས་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་སླར་གསོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ། དགེ་སློབ་ཀྱི་བདེ་ཐང་བདེ་འཇགས་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱ་རྒྱུ་དང་། སློབ་གྲྭའི་སྤྱི་བའི་འཕྲོད་བསྟེན་ཁོར་ཡུག་གི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

  བྱིས་པ་ཚོ་ནི་མེས་རྒྱལ་གྱི་རེ་བ་དང་། མི་རིགས་ཀྱི་འབྱུང་འགྱུར། ཁྱིམ་ཚང་གི་རེ་འདུན་བཅས་ཡིན་ཞིང་། ཁྱིམ་ཚང་རེ་རེ་ནི་སློབ་གྲྭ་རེ་རེ་དང་མཚུངས་ཞིང་། ཁྱིམ་བདག་རེ་རེ་བྱིས་པའི་དགེ་རྒན་ཡག་ཤོས་དེ་ཡིན། ཁྱིམ་བདག་ཚོས་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་། སྡེ་ཁུལ། སློབ་གྲྭ དགེ་རྒན་བཅས་དང་མཉམ་དུ་ལག་གདང་སྦྲེལ་ནས་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ལག་བསྟར་ཡག་པོ་བྱེད་པའི་རེ་བ་ཡོད། ཁྱིམ་བདག་ཚོས་ངེས་པར་དུ་རང་ངོས་འགོག་སྲུང་ཡག་པོ་བྱེད་པ་དང་ཆབས་ཅིག་སློབ་གྲྭར་གཞོགས་འདེགས་བྱས་ཏེ་སློབ་གསོ་སློབ་ཁྲིད་དང་རིམས་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ནས་བྱིས་པའི་རང་ངོས་འགོག་སྲུང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་འཇུག་དགོས།

  ཁྱིམ་བདག་གྲོགས་པོ་རྣམ་པ། ང་ཚོས་དཀའ་ངལ་མཉམ་སེལ་དང་བརྩོན་པ་མཉམ་བསྐྱེད་ཀྱིས་བདེ་ཐང་དང་བདེ་འཇགས། གོ་རིམ་ལྡན་པ་བཅས་ཀྱི་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་ནས། བྱིས་པ་རྣམས་ལ་སློབ་སྦྱོང་ལེགས་འགྲུབ་ཡོང་བ་དང་། སྤྱོད་ཤེས་ལུས་མཛེས་ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ། བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་ངང་འཚར་ལོངས་འབྱུང་དུ་འཇུག་དགོས།

  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན།

  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིག་ཉིན།

  2020ལོའི་ཟླ3པའི་ཚེས1ཉིན།
 


རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།