ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

༄༅།།མཚོ་སྔོན་དབུས་ལམ་ཆུ་མིག་ལུང་བའི་ཐུ་བྷོད་དུས་སྐབས་ཀྱི་ལྡེབས་རིས་བང་སོ་དེ2019ལོའི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་མོ་བཅུའི་གྲས་སུ་ཚུད།

སྤེལ་དུས། 2020-05-08 15:04:00  རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

པར་རིས་ཡོང་ཁུངས། ཝུན་པུའོ་ཀྲུང་གོ་འཕྲིན་སྟེགས།

  སྤྱི་ཟླ5བའི་ཚེས5ཉིན། 2019ལོའི་རྒྱལ་ཡོངས་གནའ་རྫས་གསར་རྙེད་ཆེན་མོ་བཅུ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཐེངས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་གྱི་གསར་རྙེད་ཅིག་སྟེ་མཚོ་སྔོན་དབུས་ལམ་ཆུ་མིག་ལུང་བའི་ཐུ་བྷོད་དུས་སྐབས་ཀྱི་ལྡེབས་རིས་བང་སོ་དེའི་གྲས་སུ་ཚུད།

  ཆུ་མིག་ལུང་བའི་བང་སོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཞི་ལེ་འགག་གྲོང་རྡལ་ཆུ་ཤར་སྡེ་བའི་ཆུ་མིག་ལུང་བ་མཐའ་འཁོར་གྱི་རི་ལུང་ས་ཁུལ་དུ་ཡོད་ཅིང་། བང་སོ་དང་པོ་ནི་ཁེར་རྐྱང་གི་རི་སྐེད་ཅིག་ཏུ་ཡོད་པ་དང་། 2018ལོའི་ཟླ9བ་ནས2019ལོའི་ཟླ9བར། རྒྱལ་ཁབ་རིག་དངོས་ཅུས་ཆོག་མཆན་བཀོད་པར་བརྒྱུད། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་ཞིང་ཆེན་རིག་དངོས་ཅུས་བཀོད་འདོམས་དང་། མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། དབུས་ལམ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་དང་མཐུན་སྦྱོར་གནང་སྟེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་ཞིབ་འཇུག་ཁང་དང་། མཚོ་ནུབ་ཁུལ་མི་རིགས་བཤམས་སྟོན་ཁང་། དབུས་ལམ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་མཉམ་འབྲེལ་སྒོས་བང་སོ་འདི་རྔོག་འདོན་བྱས།

པར་རིས་ཡོང་ཁུངས། ཝུན་པུའོ་ཀྲུང་གོ་འཕྲིན་སྟེགས།

  ཆུ་མིག་ལུང་བའི་ལྡེབས་རིས་བང་སོ་ནི་མདོ་དབུས་མཐོ་སྒང་དུ་ཐོག་དང་པོར་རྙེད་པའི་ཐུ་བྷོད་དུས་སྐབས་ཀྱི་ལྡེབས་རིས་བང་སོ་ཞིག་ཡིན་ལ། ལྡེབས་རིས་ལ་མདོ་དབུས་མཐོ་སྒང་གི་ཕྱུགས་རིགས་འཚོ་སྐྱོང་བྱེད་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན། ཚོན་བྱུག་པུར་སྒྲོམ་ཡང་ད་ལྟའི་བར་མདོ་དབུས་མཐོ་སྒང་དུ་ཐོག་མར་མཐོང་བའི་ཁྱད་ལྡན་རྣམ་པ་ཞིག་ཡིན། པུར་སྒྲོམ་དུ་དམ་སྦྱར་མུན་དྲ་བཙུགས་ཡོད་པ་དེ་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་གནའ་རྫས་རྟོག་ཞིབ་ཀྱི་ལོ་རྒྱུས་སྟེང་མཐོང་མ་མྱོང་བའི་རིགས་སུ་གྱུར། མུན་དྲ་ནང་གི་གསེར་བྱུག་ཅོད་པན་ལས་དུར་བདག་དེ་ཐུ་བྷོད་དུས་སྐབས་ཀྱི་ས་གནས་རྒྱལ་པོ་ཚང་ལ་འབྲེལ་བ་དམ་ཟབ་ཡོད་སྲིད་པ་བསྟན། སྤྱི་ལོའི་དུས་རབས8པར། མཚོ་སྔོན་ས་ཁུལ་གྱི་མི་རིགས་མང་པོའི་རིག་གནས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། བང་སོ་འདི་རྙེད་པར་གནའ་བོའི་རྒྱ་བོད་རིག་གནས་མཐུན་སྦྱོར་འཕེལ་འགྱུར་དང་མཚོ་སྔོན་དར་གོས་ཚོང་ལམ་གྱི་རིག་གནས་འབྲེལ་འདྲིས་གནས་ཚུལ་གྲོས་བསྡུར་བྱེད་པར་རིག་གཞུང་གི་རིན་ཐང་ཆེན་པོ་ལྡན།

པར་རིས་ཡོང་ཁུངས། ཝུན་པུའོ་ཀྲུང་གོ་འཕྲིན་སྟེགས།

  2019ལོའི་ཟླ11པའི་ཚེས22ཉིན། རྒྱལ་ཁབ་རིག་དངོས་ཅུའུ་སྐབས་བཞི་བའི་ཀྲུང་གོར་གནའ་རྫས་རྟོག་ཞིབ་ཅེས་པའི་ལས་གཞི་ཆེན་པོའི་འཕེལ་འགྱུར་གསར་བའི་བྱ་བའི་ཚོགས་འདུ་བསྡུས་པའི་གནའ་རྫས་རྟོག་ཞིབ་བྱ་བའི་གྲུབ་འབྲས་གསར་བ4ཡི་ཁྲོད། ཆུ་མིག་ལུང་བའི་ལྡེབས་རིས་བང་སོ་ཡང་ཚུད་ཡོད། གནའ་རྫས་རྟོག་ཞིབ་གྲུབ་འབྲས་འདིས་དར་གོས་ཚོང་ལམ་མཐའ་འགྲམ་ས་ཁུལ་གྱི་ལོ་རྒྱུས་འཕེལ་འགྱུར་གོ་རིམ་དང་། རིགས་ཚོགས་ཁུངས་རྒྱུད། རིག་གནས་སྲོལ་རྒྱུན། ཡུལ་སྲོལ་གོམས་གཤིས། དེ་མིན་ཁོར་ཡུག་གི་འགྱུར་ལྡོག་སོགས་ལ་རྒྱུས་ལོན་གཏིང་ཟབ་ཅིག་བྱེད་པར་དངོས་ཡོད་ཡིག་ཚགས་མཁོ་འདོན་བྱས་ལ། དར་གོས་ཚོང་ལམ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དུས་མཉམ་དུ་སྐུལ་སྤེལ་གཏོང་བར་དགེ་མཚན་ཆེ་ཆེར་ལྡན།

  རྒྱུས་ལོན་པ་ལྟར་ན། ཆུ་མིག་ལུང་བའི་ལྡེབས་རིས་བང་སོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆུ་ཁོལ་བང་སོ་དེ1996ལོར་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་རུ་བདམས་པ་དང་། ལཱ་ཀྱཱ་ཤུལ་གནས་དེ2001ལོར་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་རུ་བདམས་རྗེས། དུས་ཡུན་ལོ་ངོ18འགོར་ནས་ཡང་བསྐྱར་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་རུ་བདམས་པ་དེ་ཡིན།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།