ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

༄༅།།གེ་སར་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་རྟེན་གཞིའི་སྒོ་བྱང་མཚོ་སྔོན་པོ་སྤྲེལ་ནག་ནས་བཀལ་བ།

སྤེལ་དུས། 2020-11-19 13:34:32  རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་པ་པོ། ཆབ་འགག་ཇོ་རུ།  ཀློག་གྲངས།

  ཟླ༡༡པའི་ཚེས༡༡ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གེ་སར་སྒྲུང་གི་སྐོར་ལ་གནང་བའི་གལ་ཆེའི་གསུང་བཤད་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང། བྱེད་སྟངས་འབུར་ཐོན་གནད་དོན་གཅིག་བསྡུས་དག་ཐེར་ཆེད་སྤྱོད་གཟབ་ནན་གྱིས་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྲེལ་ནག་གྲོང་བརྡལ་དུ་གེ་སར་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཐད་ལ་རྟོག་ཞིབ་བྱས་ཤིང་། མཚོ་སྔོན་པོ་མཚོ་འགྲམ་གེ་སར་སྒྲུང་གྱེར་བཤད་མཐུན་ཚོགས་ལ༼གེ་སར་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་རྟེན་གཞིའི་༽སྒོ་བྱང་གནང་བ་མ་ཟད་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ཏེ། དམངས་ཁྲོད་ཀྱི་གེ་སར་སྒྲུང་པ་དང་རིག་གནས་རྒྱུན་འཛིན་པས་མུ་མཐུད་དུ་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་བྱས་རྗེས་འཇོག་པར་སྐུལ་ལྕག་བྱས་པ་རེད།

  རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པོ་མཚོ་འགྲམ་གེ་སར་སྒྲུང་གྱེར་བཤད་མཐུན་ཚོགས་ནི་གེ་སར་སྒྲུང་པ་དབང་ཕྱུག་ཚེ་རིང་གིས་བཙུགས་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་ཞིག་རེད། སྤྱི་ལོ་ཉིས་སྟོང་བཅུ་ལོ་ནས་བཟུང་ཁོས་ཕྱུགས་འཚོ་ཞོར་གྱི་ཁོམ་སྐབས་དང་བསྟུན་ནས་གེ་སར་སྒྲུང་རབས་ཆེན་མོའི་རྒྱུ་ཆ་མང་པོར་ལྟ་ཀློག་བྱས་ནས་འཁྲབ་གཞུང་འབྲི་མགོ་བརྩམས་པར་མ་ཟད། གེ་སར་སྒྲུང་བཤད་མཁན་མི་བདུན་རྩ་འཛུགས་དང་སྐྱེད་སྲིང་བྱས། ཉིས་སྟོང་བཅུ་གཅིག་ལོར། མཚོ་སྔོན་པོའི་འགྲམ་རྒྱུད་དུ་གེ་སར་ཟློས་གར་༼ཡང་རྟུལ་དམ་པའི་མི་བདུན༽ཞེས་པ་དེ་ཐོག་མར་འཁྲབ་སྟོན་བྱས་པ་དང་། དེ་ནི་མཚོ་སྔོན་པོ་མཚོ་འགྲམ་གེ་སར་སྒྲུང་གྱེར་བཤད་མཐུན་ཚོགས་ཀྱིས་ཐོག་མའི་འཁྲབ་སྟོན་ཡིན་ལ། ད་ལྟ་ཚོགས་པ་དེར་འཁྲབ་སྟོན་པ་བཞི་བཅུ་ལྷག་ཏུ་འཕེལ་རྒྱས་སུ་སོང་ཡོད་པ་དང་ཁོ་ཚོའི་ཁྲོད་དུ་ལོ་ན་ཆེས་རྒན་པ་དེ་ལོ་ང་ལྔ་དང་ཆེས་ཆུང་བ་དེ་ལོ་ན་བཅུ་བདུན་རེད།

  ཚོགས་པ་འདིས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྡུས་པའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཀྱི་གཞས་མ་གཏམ་འཁྲབ་སྟོན་དང་གུང་ཧོ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་བསྡུས་པའི་ལོ་སར་རིག་རྩལ་འཁྲབ་སྟོན་སོགས་བྱ་འགུལ་མང་པོ་ཞུགས་མྱོང་ཞིང་། ས་གནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། མཚོ་སྔོན་པོ་མཚོ་འགྲམ་ས་ཁུལ་གྱི་གེ་སར་སྒྲུང་བརྒྱུད་སྤེལ་དང་། སྔོག་འདོན། མྱུར་སྐྱོབ། སྲུང་སྐྱོབ་སོགས་ལ་སྐུལ་འདེད་དང་། གེ་སར་རིག་གནས་ཀྱི་རྒྱུད་འཛིན་པ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད་དོ། །

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།