ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་སྔོན་གྱིས་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་འཕེལ་སྟངས་གསར་པ་བསྐྲུན་པ།

སྤེལ་དུས། 2021-03-03 21:11:46  རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ།   ཀློག་གྲངས།

  མཚོ་སྔོན་གྱིས་སྐྱེ་ཁམས་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཟབ་མོའི་སྒོ་ནས་འཕེལ་རྒྱས་བཏང་བ་དང་བསྟུན་ནས། སྐྱེ་ཁམས་རིག་གནས་ཡུལ་སྐོར་དེ་མཚོ་སྔོན་ཡུལ་སྐོར་གྱི་ལྷང་ངེ་ས་གསར་པར་གྱུར། གྲོང་ཁྱེར་ནས་ཞིང་སྡེ། ཡུལ་སྐོར་གཟིགས་མོ་ནས་ཉམས་ལེན་ཟབ་མོའི་བར། ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་ཆེན་མོ་སོ་སོ་དང་ཞིང་སྡེའི་མེ་ཏོག་ཞིང་ཁམས་གང་དུ་སོང་ནའང་ཡུལ་སྐོར་པས་རང་ཞིང་གིས་ཡུལ་སྐོར་གསར་སྤེལ་དང་འཕེལ་རྒྱས་བཏང་བའི་ཁྲོད་ནས་མཚོན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མྱོང་ཐུབ།

  ཡུལ་སྐོར་པ་མང་པོ་དང་སྒེར་གྱིས་རླངས་འཁོར་བསྐོར་ནས་མཚོ་སྔོན་དུ་སྐྱོད་སྐབས། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཆུ་དྭངས་རི་སྔོ་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་གཙོ་བོ་བྱས་ཏེ། སྐྱེ་ཁམས་གཟིགས་སྐྱོང་གི་འདུ་ཤེས་ཡུལ་སྐོར་གསར་སྤེལ་ཁྲོད་དུ་འདྲེས་ཡོད་པ་ཤེས་ཐུབ། དབྱར་ཁར། ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་གི་ཞིང་ཁམས་ཀྱིས་སྔོན་ཆད་སུས་ཀྱང་མི་ཤེས་པའི་ཞིང་སྡེ་ཆུང་ཆུང་དག་ཡུལ་སྐོར་གྱི་དྲ་གྲགས་ཞིང་སྡེ་རུ་བཏང་ཡོད། དགུན་ཁར། གངས་འཁྱགས་ཡུལ་སྐོར་དར་བས་ས་ཆ་སོ་སོའི“ཐོན་ཁུངས་གྲང་མོ”དེ“ཐོན་ལས་དྲོན་མོ”རུ་གྱུར།

  དེ་ལས་གཞན། རང་ཞིང་གིས་ལྗོངས་ཁུལ་སྤོ་བསྒྱུར་རིམ་སྤར་བྱེད་པའི་ཁྲོད་དུ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་ལས་རང་བྱུང་ཐོན་ཁུངས་ཚད་རིམ་ཆེས་ཆེ་བའི་སྟེང་ནས་སྲུང་སྐྱོབ་ཐོབ། ཆི་ལེན་རྫོང་གི་བཙུན་མོ་སྒང་ལྗོངས་ཁུལ་གྱིས་གཙོ་བོ“འཆམ་འཆམ་ཡུལ་སྐོར”བསྐྲུན་པ་སྟེ། གོམ་བགྲོད་ཤིང་ལམ་ལས་པ་དང་རླངས་འཁོར་འགྲོ་རུ་མི་འཇུག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཡུལ་སྐོར་པ་རྣམས་ཀྱི་གོམ་སྟབས་ཇེ་དལ་དུ་བཏང་། ལྗོངས་ཁུལ་ནང་རོལ་དུ་བཟའ་བཏུང་བཤམས་འཚོང་བྱེད་དུ་མ་བཅུག་པར་གད་སྙིགས་ཀྱི་སྦགས་བཙོག་མེད་པར་བཟོས་པའི་གཙང་ཞིང་ཉམས་དགའ་བའི་ཁོར་ཡུག་གིས་ཡུལ་སྐོར་པ་རྣམས་ལ་རང་བྱུང་ཁམས་ཆེན་མོའི་རྣམ་པ་ངོ་མ་རོལ་མྱོང་བྱེད་དུ་བཅུག

  མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་ཐབས་ཇུས་བཏོན་པ།

  “གནམ་སྔོ། ས་ལྗང་། ཆུ་དྭངས། དབུགས་གཙང་།”ལོ་རེར་ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་སྐོར་པ་རྣམས་ཀྱིས་མཚོ་སྔོན་གྱི་མཛེས་སྡུག་ལ་རོལ་མྱོང་ཡིད་ཚིམ་པ་པ་ཞིག་བྱས་རྗེས། འདི་ལྟ་བུའི་མིང་ཚིག་སྤྱད་ནས་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་པ་རྗོད་བཞིན་ཡོད།

  ཡུལ་སྐོར་དུས་གཞུང་དུ། ས་ཆ་སོ་སོའི་མེ་ཏོག་གི་ཞིང་ཁམས་ཀྱི་ཞིང་སྡེ་རུ་ཡུལ་སྐོར་པ་འཚང་ཁ་ཤིག་ཤིག་བྱེད་པ་དང་། སྡེ་བ་ཆུང་ཆུང་གི་ནང་དུ་སྒེར་བསྐོར་ཡུལ་སྐོར་གྱི་རླངས་འཁོར་གྲལ་ཕྲེང་རིང་བོ་བསྒྲིགས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བས་མཛེས་ལྗོངས་ལ་བརྟེན་ནས་ཡོང་སྒོ་འཚོལ་དུ་བཅུག་པ་དང་མཉམ་དུ། ས་ཆ་སོ་སོས་རྩེད་འཇོ་བྱེད་ཐབས་རྒྱུན་ཆད་མེད་པར་སྔོག་འདོན་བྱས་པ་དང་། དམངས་སྲོལ་རིག་གནས་དང་སྐྱེ་ཁམས་འཐུ་བཏོག་སོགས་ཀྱི་ཁྱད་ཆོས་མི་འདྲ་བའི་བརྗོད་དོན་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཁྲོད་དུ་རིག་གནས་ཀྱི་ནང་དོན་འདྲེས་སུ་བཅུག

  ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་དུ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཀྱི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དབྱང་ཀྲུང་ལི་ཡིས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གླེང་སྐབས་མྱོང་ཚོར་ཟབ་མོ་ཡོད་པ་སྟེ། “མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་གཏིང་ཟབ་པའི་རིག་གནས་རང་སྤུས་ཀྱིས་ས་ཆ་སོ་སོས་འཕེལ་སྟངས་བསྒྱུར་བ་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཕན་ལྡན་གྱི་ཆ་རྐྱེན་འདོན་སྤྲོད་བྱས། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་གཞི་རིམ་འཐུས་མི་ཡིན་པའི་ང་རང་ལ་མཚོན་ན། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ནང་དུ་ཞུགས་མཁན་ཡིན་ལ། བདེན་དཔང་པའང་ཡིན། ཧོང་ཀྲུང་ཆུས་ནས་ཆུ་དྭངས་རི་སྔོ་ཡིས་ཡུལ་སྐོར་དར་དུ་བཅུག་པ་དང་མང་ཚོགས་ཕྱུག་པོར་བཏང་བས། ཞིང་སྡེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱིས་ཧོང་ཀྲུང་ཆུས་ཀྱིས་གཞན་ལ་བཞག་པའི་བག་ཆགས་ཇེ་བཟང་དང་སྙན་གྲགས་ཇེ་མཐོར་བཏང་བ་དང་། ཆུས་ཡོངས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས20%འཕར།”

  ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ནགས་ཚལ་ཁམས་གསོ་དང་མཐོ་སྒང་མཆོང་བརྒལ་སོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་གཅིག་རྗེས་གཉིས་མཐུད་དུ་བཏོན་པ་དང་བསྟུན་ནས། སྐྱེ་ཁམས་ཀྱི་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དུ་ཡོང་བའི་ཡུལ་སྐོར་པ་ལོ་རེར་ཇེ་མང་དུ་སོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དྲ་གྲགས་ལྗོངས་ཁུལ་དུ་ཡུལ་སྐོར་པ་རྒྱུན་ཆད་མེད་པར་འཕར་བ་དང་བསྟུན་ནས། སྒེར་བསྐོར་ཡུལ་སྐོར་གྱི་ཡུལ་སྐོར་པ་སྣེ་ལེན་བྱས་པའི་མི་གྲངས་རིམ་བཞིན་འཕར།

  སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་འཕེལ་སྟངས་གསར་པ་བསྐྲུན་དགོས།

  2021ལོར། རང་ཞིང་གིས་སྐྱེ་ཁམས་ཉམས་ལེན་དང་སྐྱེ་ཁམས་ཤེས་རྟོགས། སྐྱེ་ཁམས་སློབ་གསོ་སོགས་ཀྱི་ཡུལ་སྐོར་བྱེད་སྟངས་ཇི་ལྟར་འཚོལ་སྙེག་བྱེད་པའི་སྐོར་ལ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཐིང་ཀྲང་ཀྲང་ཉིན་ལ་བཅར་འདྲི་བྱས།

  ཀྲང་ཉིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ནི་ཉི་གཞོན་ཐོན་ལས་དང་ལྗང་མདོག་ཐོན་ལས། དམངས་ཕྱུག་ཐོན་ལས་བཅས་ཡིན་ལ། མཚོ་སྔོན་ནི་ས་རྒྱ་ཆེ་བར་མ་ཟད་ཁོར་ཡུག་ལ་ཁྱད་ཆོས་ལྡན་ཞིང་རིག་གནས་རྒྱུ་མང་ཅན་ཡིན་པས་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་སུ་བཏང་ན་ལེགས་ཆ་ལྡན། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་གཙོ་བོ་མཉམ་འདྲེས་མཉམ་སྐྲུན་མཉམ་སྤྱོད་གསུམ་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་སྟངས་གསར་པ་བསྐྲུན་ནས། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་ནི་མི་རྣམས་ཡིད་སྨོན་འཆོར་སའི་སྐྱེ་ཁམས་ཀྱི་རིག་གནས་ཡུལ་སྐོར་བྱེད་ས་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཟེར།

  ད་ལོར། རང་ཞིང་གིས“ལྔ་བཅུ་བཞི”དུས་སྐབས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་དང་། རྨ་ཆུ་དང་ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་སོགས་ཀྱི་ཆེད་དམིགས་འཆར་འགོད་ལེགས་པོར་སྒྲིག་བཟོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་འགུལ་སྐྱོད་བྱེད་ཐབས་གཏན་འབེབས་བྱས་ཤིང་བཏོན་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་གྱི་བསྐོར་ལམ་ཆེན་མོ་ལ“བསྐོར་ལམ་གཅིག”དང་། མཚོ་སྔོན་པོ་དང་གཙང་གསུམ་འབྱུང་ཡུལ། མདོ་ལ་རིང་མོའི་མཛེས་ལྗོངས། ཁུ་ནུའི་ཕུགས་འདེད། རྨ་ཙོང་རིག་གནས། མཚོ་སྔོན་ཀན་སུའུ་སི་ཁྲོན་གསུམ་གྱི་རྨ་ཆུའི་ཡུལ་སྲོལ་བཅས་སྐྱེ་ཁམས་ཡུལ་སྐོར་མཉམ་ལས་ཁུལ་ལ“ས་ཁུལ་དྲུག”དང་།མདོ་དབུས་མཐོ་སྒང་སྟེ་འཛམ་གླིང་སྒལ་ཚིགས་དང་ཐང་བྷོད་གནའ་ལམ་སྐྱེ་ཁམས་ཡུལ་སྐོར་ཁྱམས་རིང་གཉིས་ལ“ཁྱམས་རིང་གཉིས”ཞེས་པའི“སྐོར་ལམ་གཅིག་དང་ཁྱམས་རིང་གཉིས། ཁུལ་དྲུག་དང་གནས་མང་པོ ”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་སྟངས་ཀྱི་རྣམ་པ་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་རེད།

  རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་པར་སྐུལ་འདེད་བཏང་སྟེ། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་རྨ་ཆུའི་རིག་གནས་ཡུལ་སྐོར་ས་རྒྱུད་འཛུགས་སྐྲུན་བྱེད་པར་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པར་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་རིག་གནས་དང་ལུས་རྩལ་འགུལ་སྐྱོད། སྤྲོ་གསེང་གྲོང་རྡལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། བཟོ་ལས་དང་ལུས་རྩལ། གངས་འཁྱགས་སོགས་བརྗོད་དོན་ཡིན་པའི་ཡུལ་སྐོར་དཔེ་སྟོན་ལྗོངས་ཁུལ་སྐོར་ཞིག་གསར་སྐྲུན་བྱས་ཏེ་རིག་གནས་དང་གྲོང་ཁྱེར་མཉམ་འདྲེས་ལ་ཡར་སྐུལ་བྱེད་རྒྱུ་རེད། “རིག་གནས་ཡུལ་སྐོར+”གྱི་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལས་རྣམ་གསར་པ་འབྱུང་དུ་འཇུག་པ་དང་རིན་ཐང་གསར་པ་བསྐྲུན་པ། ཐོན་ལས་སྦྲེལ་ཐག་བསྲིངས་ནས་འཕར་གནས་དང་འཕར་མཐོ་སྔར་བས་མང་པོ་འབྱུང་དུ་འཇུག་རྒྱུ་རེད།

  ས་ཆ་སོ་སོས་སྐྱེ་ཁམས་ཡུལ་སྐོར་དང་སྒེར་བསྐོར་ཡུལ་སྐོར། ཞིབ་འཇུག་རིག་གཞུང་གི་ཡུལ་སྐོར། གསར་བརྗེའི་རྗེས་ཤུལ་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར། དམའ་མོའི་མཁའ་སྐྱོད་ཡུལ་སྐོར་བཅས་མགྱོགས་པོར་འཕེལ་རྒྱས་སུ་བཏང་ནས། ཐོན་ལས་གཙོ་བོ་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ཁྱད་ལྡན་སྐྱེ་ཁམས་རིག་གནས་ཡུལ་སྐོར་དཔེ་སྟོན་ཁུལ(གནས)འཛུགས་སྐྲུན་བྱེད་རྒྱུ་རེད།“སྤྲིན་སྣེ་ནས་མྱུལ་བ”དང་ཤེས་ནུས་ཡུལ་སྐོར། ཁ་ཆད་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་བྱེད་སྟངས་དང་། ཞིང་སྡེ་ཡུལ་སྐོར་དང་མཐའ་འཁོར་ཡུལ་སྐོར། དྲ་ངོས་ནས་ལྟད་མོ་དང་ཉོ་སྒྲུབ་བྱེད་པ་སོགས་ཀྱི་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་ཁྱབ་གདལ་དུ་གཏོང་རྒྱུ་རེད།

  “རབ་མཛེས་མཚོ་སྔོན། སྐྱེ་ཁམས་ས་མཐོ། ཡུལ་སྐོར་དག་ཞིང”གི་ཚོང་རྟགས་གྲགས་ཅན་འབུར་དུ་དོད་ནས། ཁྱད་ལྡན་དང་སྐྱེ་ཁམས། བདེ་ཐང་། རིག་གནས་བཅས་ལྷང་ངེ་ས་བཞི་རུ་བརྩིས་ནས། རབ་མཛེས་མཚོ་སྔོན་གྱི་ལྟད་མོ་ཡུལ་སྐོར་དང་སྐྱེ་ཁམས་མཚོ་སྔོན་གྱི་བདེ་ཐང་ཡུལ་སྐོར། རིག་གནས་མཚོ་སྔོན་གྱི་ཕུགས་འདེད་ཡུལ་སྐོར། ངོ་མཚར་མཚོ་སྔོན་གྱི་འཚོལ་སྙེག་ཡུལ་སྐོར་སོགས་འཕེལ་རྒྱས་སུ་གཏོང་རྒྱུ་རེད། །

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།