ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ཚན་རྩལ། > ཉེར་མཁོའི་ཤེས་བྱ།

དབྱར་རྩ་དགུན་འབུ་ཅི་རེད།

སྤེལ་དུས། 2012-06-18 17:05:53  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། དགེ་བུ་ཐུབ་བཀྲ།  ཀློག་གྲངས།

དབྱར་རྩྭ་དགུན་འབུའི་གཡུལ་འགྱེལ།
མགོ་ལོག་གི་ལོ་རྒྱུས་དངོས་བྲིས་མ།
དཔྱིད་ཀྱི་གཡུ་འབྲུག་ཐོག་མས་བརྡ་ཞིག་རྒྱབ་ཐལ།
རྩྭ་ལྗང་མྱུ་གུ་ཕྲ་མོའི་ཚེ་སྲོག་འབུས་ཐལ།།
བོད་ཀྱི་འབྲོག་རོང་གཉིས་ལ་སོས་དལ་མེད་གི།།
ཁ་པར་སེང་སེང་སྒྲ་ལ་འཇགས་པ་མེད་གི།།
རིན་དང་གོང་ཚོད་གཏམ་ནས་ཉིན་འགའ་འགོར་ཐལ།།
ས་ཡི་ཆེ་ཆུང་བལྟས་ནས་ཚོང་ཐག་བཅད་ཐལ།།
རླངས་འཁོར་གླ་ལྷག་བྱིན་ནས་འབུ་རྐོན་དབོར་ཐལ།།
ལས་ངན་ཁར་ཁེར་ལས་བྱེད་ལག་ལ་ཤོར་ཐལ།།
ཁ་ལོ་འགྲུལ་བ་ཚང་མ་ཆད་པ་བཅད་ཐལ།།
མ་ཟད་རླངས་འཁོར་ཡི་གེ་གཞུང་བཞེས་བྱས་ཐལ།།
ཤེས་ས་བཟང་ས་བརྒྱུད་ནས་ཕྱིར་ལ་བླངས་ཐལ།།
ད་ཐེངས་རྡུབ་ཐལ་རྗེས་མ་ཤི་ནི་ཟེར་གི།
རླངས་འཁོར་ཆེ་ཆུང་གཉིས་ཀ་རྒྱུན་ཆད་མེད་གི།
ས་མཐའི་རྒྱ་རོང་གཉིས་པོ་ཁུལ་ལ་འདུ་གི།
ཚོང་ཟོག་ཙག་ཙིག་ཚང་མའི་གོང་ཡང་འཕར་ཐལ།།
ཟ་ཁང་མགྲོན་ཁང་ཚང་མ་གང་ནས་ཡོད་གི།
སྐྱེ་ཁམས་དྲིལ་སྒྲོག་བྱེད་པའི་རླངས་འཁོར་རྒྱུག་གི།
བརྙན་འཕྲིན་རྒྱང་སྒྲོག་ནང་ནས་གསལ་བརྡ་སྤེལ་གི།
བརྡ་ཁྱབས་བཀྲམ་ནས་ཚོགས་ཐོག་གཏམ་བཤད་བྱེད་གི།
མ་གླ་ཟེས་ན་གླས་ཤིག་ཟེར་བ་འདྲ་གི།
རྒྱལ་ཁབས་གོང་གི་དཔོན་པོས་བཀའ་ཞིག་འབབས་གི།
བར་ནས་ཁྲལ་ལས་འདྲ་བའི་ཚོགས་འདུ་ཚོགས་གི།
ཁ་དོན་གོ་བ་ལོག་པའི་འཛུལ་ཐེལ་གནོན་གི།
གཅིག་གིས་གཅིག་ལ་མགོ་གཡོག་མགོ་སྐོར་བྱེད་གི།
ཕྱུག་པོ་ཕྱུག་པོའི་ཚོད་ཀྱིས་རླངས་འཁོར་སྐོར་གི།།
ཁྲི་ཚོ་ལྔ་བཅུ་དྲུག་བཅུའི་རིན་པ་ཡིན་ཟེར།།
མེད་པོས་བརྒྱ་སྡེའི་རྒྱ་ལམ་མི་གཡར་ཟེར་གི།།
ཁྱིམ་མཚེས་ཉེ་རིང་བར་ནས་འཁྲུག་ཆེན་ལངས་གི།
དབྱར་རྩྭ་ཡོད་པས་རང་ས་རང་བདག་ཡིན་ཟེར།།
རི་སྐོར་ཉེ་རིང་གཅིག་ཀྱང་ཡོང་ས་མེད་ཟེར།།
དབྱར་རྩྭ་མེད་པས་སྤྱི་ས་སྤྱི་མཐུན་དགོས་ཟེར།།
ནང་དམེ་ཁྲག་གི་འཁོར་ལོ་འདི་ནས་བསྐོར་ཐལ།།
ཁ་སང་མི་ཡང་བསད་དེ་བྲོས་ནས་བུད་ཐལ།
དེ་རིང་བུས་ཀྱང་དགྲ་ཤ་ལེན་རྒྱུ་ཟེར་གི།
ནང་གྱོད་འདི་ཚོ་འདུམ་པའི་ཐབས་ཞིག་མེད་ན།།
སང་ཉིན་ད་དུང་མི་སྲོག་ཤོར་ས་ཡོད་གི།
རྩ་བའི་བླ་མའི་བཀའ་ཡང་གོང་ཞིག་མེད་གི།
རྩྭ་ས་མ་རྩོད་གསུང་ན་རྩོད་རྒྱུ་ཟེར་གི།
རྒྱལ་ཁབས་ཁྲིམས་ཡང་ཅུང་ཟད་ལྷོད་པ་འདྲ་གི།
མུན་ནག་ཁྲིམས་ལ་སྦྱར་བའི་ལོ་རབས་མ་གོ།
སྔོན་ཆད་རྩ་ས་བགོས་པའི་ཆེ་ཆུང་རྩོད་གི།
བར་མ་རྒྱུད་སྤྲོད་བྱས་པའི་རྒྱུ་མཚན་གླེང་གི།
ད་ལྟ་ཡང་བསྐྱར་བགོ་བའི་རེ་བ་ཡོད་གི།
ངོ་མ་བཤད་ན་ལ་ལ་ཁག་ཀྱང་མེད་གི།
སྤྱི་ས་སྤྱི་ས་ཟེར་ཡང་རང་ས་བྱས་ཐལ།།
མ་གླ་མ་གླ་ཟེར་ཡང་རོང་རྒྱས་གང་ཐལ།།
ལ་ལ་དབྱར་རྩ་མེད་སའི་ས་སྟོང་ཡིན་ཐལ།།
ད་དུང་བཤད་གླེང་མང་པོ་དེ་ན་ཡོད་ཐལ།།
མདང་དགོང་འབུ་རྐོན་ཁྲིད་ནས་རྫ་ཁ་བུད་ཐལ།།
རྫ་མགོ་ཆུ་མགོ་ཀུན་ནས་བ་ཁ་བཏབ་ཐལ།།
ས་རྐོ་རྡོ་སློག་བྱས་ན་རུང་ས་ཡོད་ག།
ལྷ་ཀླུ་གཞི་བདག་སོགས་ཀྱང་བྲོས་ནས་མེད་གི།
དབྱར་རྩྭ་ཟེར་བའི་ས་འབུ་གནམ་རྒྱལ་འདི་ཡིས།།
ཤོག་སྒོར་མཛོད་ཀྱི་སྒམ་ཁ་གཏམ་ཏེ་ཐོན་ཐལ།།
དབུལ་ཕྱུག་འཚོ་བའི་ལ་ཤན་ཕྱེས་ཏེ་བུད་ཐལ།།
བཙན་གཉོམ་མི་བུའི་ཉམས་ཚོད་བླངས་ནས་བུད་ཐལ།།
འཕྲུལ་རྟ་ཞོན་ནས་འཁྱམས་པ་རྐུན་མ་ཐོན་ཐལ།།
ཁྲི་དང་མེ་མདའ་བཟུང་ཏེ་བརྐོས་ནས་བུད་ཐལ།།
རྩ་ར་ལྕགས་ར་ལ་སོགས་བཅད་ནས་བུད་ཐལ།།
སྔོ་ལྗང་སྤང་གི་ཕྱི་ཤུན་བཀོག་ནས་བུད་ཐལ།།
འཛམ་གླིང་ཞུབ་འཇུག་མཁས་པའི་དཔྱད་པ་ལྟར་ན།།
གཙང་གསུམ་མགོ་ཁུང་སྲུང་སྐྱོབས་གལ་ཆེན་ཡིན་ཐལ།།
བོད་ཀྱི་རོང་འབྲོག་གཉིས་ཀས་བྱེད་ཚུལ་ཡིན་ན།།
མཐོ་སྒང་ཕྱེ་མ་ནག་པོའི་གཏོང་རྒྱུ་ཡིན་གདའ།།
ལྕགས་ཀྱི་ལག་ཆ་བཟུང་བའི་དམག་གི་ཤུལ་ན།།
ས་གཞིའི་སྤག་ཤུན་སློག་པའི་རི་སྒང་གཤུང་གསུམ།།
ས་རྐོ་འཕྲུལ་ཆས་ཐོན་ནས་སྤར་ཤད་བྱས་འདྲ།།
ཀྱེ་མ་ང་ཚོའི་ཕ་ས་དེ་རིང་ཚར་ཐལ།།

ཉེ་བའི་གསར་བསྒྱུར།